ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་བབ་བསྟུན་འཕྲལ་སྒྲུབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“དུས་དཀྱིལ་གྱི་རྒྱུགས་ལན”ཡག་པོ་ཞིག་ཕུལ་བ།

སྤེལ་དུས 2026-08-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དུ་སྐྱོད་སྐབས། གང་ས་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་བཞིན་མཆིས། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལོ་སྟོད་ཀྱི་དཔལ་འབྱོར་གྲུབ་འབྲས་རེའུ་མིག་ལ་བལྟས་ཚེ། གྲངས་གཞི་རེ་རེ་ལས་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་བཞིན་ཡོད་པ་སྟེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་55.34ཟིན་པ་དེ་དུས་མཚུངས་ལས་6.5%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་21.21ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་30.46%བཟུང་བ། དཔྱ་ཁྲལ་ཡོང་འབབ་སྒོར་དུང་ཕྱུར་52.96ཟིན་པ་དེ་དུས་མཚུངས་ལས་24%འཕར་བ་སོགས་རེད།
  ད་ལོ་ཚུན་དུ། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས“བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་ལ་བརྟེན་ནས་བརྟན་པོ་ཡོང་བ། སྔོན་འཛུགས་རྗེས་གཏོར”བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”
  ཤུགས་བརྒྱབ་སྟེ། དཔལ་འབྱོར་བརྟན་པོ་འཕར་བ་དང་། ཐོན་ལས་སྟོབས་ཆེར་གཏོང་བ། རྣམ་གྲངས་ལ་དམ་འཛིན། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ལས་འགན་ཁག་ལ་སྤྱི་འདོམས་དམ་འཛིན་གྱིས“དུས་དཀྱིལ་གྱི་རྒྱུགས་ལན” ཡག་པོ་ཞིག་ཕུལ་ཡོད།
  ཐོན་ལས་དར་ན་དཔལ་འབྱོར་དར། གྲུབ་ཆ་ལེགས་ན་སྒུལ་ནུས་འདང་ངེས། ལོ་སྟོད་དུ། དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་23.79ཟིན་པ་དེ་དུས་མཚུངས་ལས་11.3%འཕར་བའི་ནང་། འོས་ཐོབ་ནང་གི་ཨར་སྐྲུན་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་12.67ཟིན་པ་དེ་དུས་མཚུངས་ལས་45.9%འཕར་བ་དང་། འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་58.8ཀྱིས་མཐོ་བ་ཡོད་པ་དང་། དེའི་སྤྱི་འབོར་གྱིས་གྲོང་ཁྱེར་ཡོངས་ཀྱི་27.16%ཟིན་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་31.55ཟིན་པ་དེ་དུས་མཚུངས་ལས་3%འཕར་བ་དང་། དེང་རབས་ཟོག་འགྲུལ་དང་དངུལ་རྩའི་ཞབས་ཞུ་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།
  ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་ཕྱིན་ཞིང་། མིག་སྔར་གླིང་དེར་རང་སྐྱོང་ལྗོངས་རིམ་པའི་ལྗང་མདོག་བཟོ་གྲྭ་ཁག་11དང་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་ཁག་7བསྐྲུན་ཡོད་པ་རེད། ད་ལོའི་ཟླ་2པར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་འདི་ཉིད་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་ཐཱན་མེད་གླིང་ཁུལ་འཛུགས་སྐྲུན་གྱི་མིང་ཐོའི་ནང་བདེ་བླག་ཚུད་ནས། མིང་ཐོ་དེར་ཚུད་པའི་རང་ལྗོངས་ཀྱི་གླིང་ཁུལ་ཐོག་མ་དེར་གྱུར་ཡོད།
  འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་འཕེལ་ཞིང་། ལོ་སྟོད་དུ། གླིང་ཁུལ་དེའི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་57.46ཟིན་པ་དེ་དུས་མཚུངས་ལས་2.9%འཕར་བ་དང་། རླངས་འཁོར་ཕྱིར་ཚོང་དང་འབོར་ཆེའི་ཚོང་ཟོག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད། ད་ལོའི་ཟླ་5པར། གླིང་ཁུལ་དུ་ས་མཐོའི་ཁྱད་ལྡན་ཐོན་རྫས་འཛད་སྤྱོད་ཀྱི་སྐུལ་སྤེལ་བྱེད་སྒོ་སྤེལ་བ་ལས་ཁྲོམ་རའི་གསོན་ཤུགས་དེ་བས་ཆེན་པོ་འཕེལ་ཡོད།
  ནུས་ལྡན་མ་འཇོག་མང་དུ་རྒྱུན་མཐུད་བཏང་ཞིང་། ལོ་སྟོད་དུ། དཔལ་འབྱོར་གསར་སྤེལ་ཁུལ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་11.86བཏང་བ་དེ་དུས་མཚུངས་ལས་0.6%འཕར་ནས། འཕར་ཚད་ལྷ་ས་གྲོང་ཁྱེར་གྱི་ཨང་གསུམ་པར་སླེབས་ཡོད། 2026ལོར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་གཞིགས་ནས། ཁྱོན་མ་དངུལ་སྒོར་དུང་ཕྱུར་55.26བཏང་སྟེ་རྣམ་གྲངས་ཁག་37ལག་ལེན་བསྟར་རྩིས་ཡོད་པ་དང་། ལོ་འཁོར་ནང་མ་དངུལ་སྒོར་དུང་ཕྱུར་27.89བཏང་ཚར་བ་བྱེད་རྩིས་ཡོད་པ་རེད། རྣམ་གྲངས་དེ་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་དང་ས་མཐོའི་བདེ་ཐང་ལུས་གསོའི་ཞབས་ཞུ་སོགས་འགག་རྩའི་ཁྱབ་ཁོངས་མང་པོར་ཁྱབ་ཡོད།
  རྣམ་གྲངས་འཛུཌ་སྐྲུན་མགྱོགས་པོ་བྱས་ཤིང་། གཙང་འགྲམ་ལམ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་དུས་ཐེངས་དང་པོའི་ལས་གྲྭའི་སྤྱིའི་རིང་ཚད་ལ་སྤྱི་ལེ་6.248ཡོད་པ་དང་། ལོ་སྟོད་དུ་ལས་གྲྭ་སྤྱིའི་འཕེལ་རིམ་གྱི་བཅུ་ཆ་དྲུག་ཙམ་ལེགས་གྲུབ་ཟིན་ཡོད། ལོ་སྨད་དུ་གླིང་ཁུལ་དེས་ལས་ཡུན་ལྡོག་སྒྲིག་དང་ལས་རིམ་ཁ་གསལ་བཟོས་ཏེ། ལས་འགོ་ཚུགས་མེད་པའི་རྣམ་གྲངས་གང་མགྱོགས་ལས་འགོ་འཛུགས་པར་སྐུལ་འདེད་བཏང་ནས་རྣམ་གྲངས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བཞིན་ཡོད།
  ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་ཞིང་། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དགོས་མཁོར་དམིགས་ནས། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དང་། ལས་རིགས་ཀྱི་གསོ་སྦྱོང་ཁ་གསབ། ལྗོངས་ཕྱིར་ལས་ཞུགས་ཐུབ་མཁན་གྱི་གཞིས་ཆགས་ཁ་གསབ་སོགས་སྲིད་ཇུས་མང་པོ་དོན་འཁྱོལ་གནད་སྨིན་བྱས་ཤིང་། རིམ་རྩིས་བརྒྱབ་ན། རིགས་ཁག་གི་ལས་ཞུགས་ཁ་གསབ་སྒོར་ཁྲི་15668སྤྲད་པ་ལས། ཁེ་ལས་640དང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་མི་ཐེངས་10211ལ་ཕན་པ་ཐོབ་ཡོད་པ་རེད། ད་ལོའི་ལོ་སྟོད་དུ། གླིང་ཁུལ་དེས་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དང་། ལས་གནས་བརྟན་གཏོང་གི་ཕྱིར་སློག དེ་བཞིན་ལས་རིགས་ཀྱི་གསོ་སྦྱོང་ཁ་གསབ་བཅས་ཁྱོན་སྒོར་ཁྲི་4245འཐོལ་པ་སྤྲད་པ་ལས་ཁེ་ལས་156ལ་ཕན་པ་ཐོབ་ཡོད།
  ད་ལོའི་ཟླ་4པར། གླིང་ཁུལ་དེས་ཁེ་ལས་ཀྱིས་བསྡུས་པའི་ལས་མི་གསར་པར་ལས་གནས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་འགོ་བཙུགས་ཏེ། ཐེམ་ཁུངས་ལྷ་ས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། གྲོང་གསེབ་ཀྱི་ངལ་ནུས་གཞན་སྒྱུར་སོགས་གཙོ་གནད་ཚོགས་སྤྱིར་སྔོན་ལ་གསོ་སྦྱོང་བྱས་པ་རེད།
  འཁོར་ཁང་ནས་ཨར་ལས་ཁུལ་བར་དང་། ཚོང་ཁྲོམ་ནས་གླིང་ཁུལ་བར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས“ལོ་ཕྱེད་ཀྱི་བཀྲ་ཤིས”ལ་བརྟེན་ནས“ལོ་འཁོར་མོར་བཀྲ་ཤིས”ཡོང་བར་སྣེ་ཁྲིད་བྱས་ཁར། གངས་ལྗོངས་ས་མཐོར་གོམ་སྟབས་བརྟན་པོ་སྤོས་ནས། ལོ་ཧྲིལ་པོའི་དམིགས་ཚད་ཕྱོགས་སུ་འབད་འབུངས་མདུན་སྐྱོད་བྱེད་བཞིན་མཆིས།