ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཞི་ཁྱོན་ཆེ་བའི་གློག་ཆད་པའི་དོན་རྐྱེན་གྱི་འཕྲལ་སྡོམ་ནང་སྦྱོང་ལྷ་སར་བྱས་པ།

སྤེལ་དུས 2026-08-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཞི་ཁྱོན་ཆེ་བའི་གློག་ཆད་པའི་དོན་རྐྱེན་གྱི་འཕྲལ་སྡོམ་ནང་སྦྱོང་ལྷ་སར་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་ཕེབས་ནས་གསུང་བཤད་གནང་བ་རེད། རྒྱལ་ཁབ་ནུས་རྒྱུ་ཅུས་གློག་ཤུགས་བདེ་འཇགས་ལྟ་འདོམས་སིའི་འགན་འཁུར་བློ་མཐུན་གཙོ་བོས་ས་ཡུལ་དངོས་སུ་ལྟ་སྦྱོང་དང་ནང་སྦྱོང་ལ་མཛུབ་ཁྲིད་གནང་བ་རེད།
  བསྟན་པས་ནན་བཤད་གནང་དོན། རང་ལྗོངས་སུ་གློག་དྲ་ཉམས་ཞན་དང་རང་བྱུང་གནོད་འཚེ་ཡང་སེ་ཐོན་པས། གློག་ཤུགས་བདེ་འཇགས་ཀྱི་ཉེན་ཁའི་དུས་བབ་ཛ་དྲག་པོ་ཡོད། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་དང་འཕྲལ་སྡོམ་དོ་དམ་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་སེམས་ལ་བརྟེན་ནས་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་ཚགས་ཚུད་པོ་བྱེད་དགོས། གློག་ཁུངས་ཀྱི་གྲུབ་ཆ་ལེགས་སུ་བཏང་ནས་གློག་དྲ་གཙོ་བོའི་ཚད་རིམ་གཉིས་སྤར་ལ་སྐུལ་འདེད་དང་། ཐེག་ཚད་སྙོམས་སྒྲིག་གནད་སྨིན་ཡོང་བར་ཤུགས་སྣོན་བརྒྱབ་ནས། གློག་ཤུགས་མཁོ་འདོན་འགན་ལེན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། འཕྲལ་སྡོམ་སྔོན་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། དངོས་འཐབ་ནང་སྦྱོང་དང་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་དང་ཚན་རིག་གི་རྒྱུན་ཤེས་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་ནུས་པ་ཆེ་རུ་ཟམ་མི་ཆད་པར་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློས་འགེལ་ཆོག་པའི་ནུས་རྒྱུ་དང་གློག་ཤུགས་ཀྱི་འགན་ལེན་བྱེད་དགོས།