ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན་གྱི་སྔ་དྲོར། “ངའི་བོད་སྐྱོར་གཏམ་རྒྱུད”ཅེས་པའི་བོད་འབྲེལ་ཁུལ་རྫོང་དུ་བསྐྱོད་པའི་སྒྲོག་འགྲེལ་བྱེད་སྒོ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་དུ་སྤེལ།

སྒྲོག་འགྲེལ་ཚོགས་འདུའི་མདོ་འཛིན་པ་སྒྲོལ་མ་ལྷ་མོ།
སྡེ་རོང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ཕྱོགས་སུ་ཆགས་ཤིང་། རྫོང་དེའི་གཞི་ཁྱོན་ནི་དེ་འདྲ་ཆེན་པོ་ཞིག་མིན་མོད། འོན་ཀྱང་ལོ་ཧྲིལ་པོའི་ཉི་འོད་ཕོག་ཡུན་ནི་དུས་ཚོད2700ལས་བརྒལ་བས་གནས་དེ་ལ་ཉི་མའི་ལུང་ཞེས་པའི་མཚན་སྙན་ཐོབ། དགུན་ཕར་ལ་བསྐྱལ་ནས་དཔྱིད་ཚུར་ལ་བསུ་བའི་དུས་ཚིགས་འདིར། བོད་སྐྱོར་ལས་བྱེད་པ་བདུན་རང་ཉིད་ཀྱི་ཕ་ཡུལ་གཉིས་པ་སྟེ། སྡེ་རོང་ཉི་མའི་ལུང་པ་འདི་རུ་ཕེབས་ནས་རང་ཉིད་ཀྱི་བོད་སྐྱོར་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད།

སྒྲོག་འགྲེལ་གྱི་ཡུལ་དངོས།
སྒྲོག་འགྲེལ་ཚོགས་འདུ་ནི་ཉི་མའི་ལུང་པའི་སྒྱུ་རྩལ་ཚོགས་པའི《བརྩེ་དུང་ཞབས་བྲོ》ཞེས་པའི་ཁྲོད་ནས་འགོ་ཚུགས་པ་དང་། ཉན་མཁན་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་མཇུག་བསྒྲིལ། ཉན་མཁན་ཚོ་ནི་ལས་གནས་མི་འདྲ་བ་ནས་ཡོང་རུང་། བོད་སྐྱོར་ལས་བྱེད་པའི་སྙིང་སྟོབས་ལ་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད། སྒྲོག་འགྲེལ་ལ་ཉན་རྗེས། ཁོང་ཚོའི་མྱོང་ཚོར་ཟབ་མོ་དེ་གཅིག་རྗེས་གཉིས་མཐུད་ངང་གསར་འགོད་པ་ལ་བཤད།

སྡེ་རོང་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྫོང་དཔོན་གཞོན་པ་ཏུའུ་ཀྲུའུ་ཅ་ཡིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
སྡེ་རོང་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྫོང་དཔོན་གཞོན་པ་ཏུའུ་ཀྲུའུ་ཅ་ཡིས“ང་ནི་ཧང་ཀྲོའུ་ནས་སྡེ་རོང་རྫོང་དུ་མངགས་པའི་ལས་འགན་གནས་སྐབས་ལས་བྱེད་པ་ཞིག་ཡིན། དེ་རིང་འདི་ནས་བོད་སྐྱོར་ལས་བྱེད་པའི་བོད་སྐྱོར་གཏམ་རྒྱུད་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས། གོམ་སྟབས་རྗེས་མར། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་མཇུག་སྒྲིལ་བ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འགོ་ཚུགས་པའི་ཁྲོད། ང་ཚོའི་ཧང་ཀྲོའུ་ཡི་སྡེ་རོང་ལ་རོགས་སྐྱོར་བྱེད་པའི་ལས་དོན་རུ་ཁག་གིས་རྣམ་གྲངས་རོགས་སྐྱོར་དང་། ཚོགས་པ་རྣམ་པའི་སྨན་བཅོས་སློབ་གསོའི་རོགས་སྐྱོར། དེ་བཞིན་འཛད་སྤྱོད་རོགས་རམ་བཅས་ཀྱི་ཐད་སྔར་བས་ནུས་ཤུགས་བཏོན་ནས། སྡེ་རོང་རྫོང་གི་ཐོན་ཁུངས་ཀྱི་སྐྱེས་སྟོབས་བེད་སྤྱོད་དང་དུས་མཚུངས་སུ་ཧང་ཀྲོའུ་ཡི་གློག་རྡུལ་ཚོང་པ་དང་། དེ་བཞིན་དམངས་གཉེར་ཁེ་ལས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས། རྣམ་གྲངས་དེ་བས་མང་བ་སྡེ་རོང་རྫོང་དུ་ལག་ལེན་བསྟར་ཐུབ་པ་དང་། དགེ་རྒན་དང་སྨན་པ་དེ་བས་མང་བ་སྡེ་རོང་རྫོང་དུ་རོགས་སྐྱོར་བྱེད་པར་ཡོང་འདོད་ཡོད་པར་མ་ཟད། སྡེ་རོང་རྫོང་གི་ཞིང་ལས་ཐོན་རྫས་ནི་ཧང་ཀྲོའུ་དང་། ཐ་ན་རྒྱལ་ཡོངས་སུ་དེ་བས་ལེགས་པའི་སྒོ་ནས་བསྐྱོད་ཐུབ་པར་ང་ཚོས་ནུས་ཤུགས་གང་ལེགས་འདོན་ངེས་ཡིན”ཞེས་བཤད།

ལྷོ་ནུབ་གསོ་རིག་སློབ་ཆེན་ཁོངས་གཏོགས་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་སྡེ་རོང་རྫོང་ཉི་མའི་ལུང་གྲོང་རྡལ་བྲག་སྐེད་གྲོང་ཚོར་བཅའ་སྡོད་བྱས་པའི་ཧྲུའུ་ཅི་དང་པོ་ཀྲང་ཧྥུ་པིང་གིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
ལྷོ་ནུབ་གསོ་རིག་སློབ་ཆེན་ཁོངས་གཏོགས་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་སྡེ་རོང་རྫོང་ཉི་མའི་ལུང་གྲོང་རྡལ་བྲག་སྐེད་གྲོང་ཚོར་བཅའ་སྡོད་བྱས་པའི་ཧྲུའུ་ཅི་དང་པོ་ཀྲང་ཧྥུ་པིང་གིས“བོད་སྐྱོར་ལས་བྱེད་པའི་སྔོན་ཐོན་བྱས་རྗེས་ལ་ཉན་རྗེས་སེམས་འགུལ་ཚད་མེད་ཐེབས་པ་དང་། ལྷག་པར་དུ་དགེ་རྒན་ཞ་ཧྲི་ཝུའུ་ཡི“མཛའ་གྲོགས་དུམ་བུ་གསུམ”ཞེས་པའི་ཁྲོད་ཀྱི་གཟི་བརྗིད་ལྡན་པའི་གྲུབ་འབྲས་ལ་ཉན་རྗེས་སྐུལ་མ་ཆེན་པོ་ཐེབས། ན་ནིང་ང་ཚོས་ཞོག་ཁོག་སྙིང་དམར་འདེབས་འཛུགས་བྱས་པ་བརྒྱུད། ཁྱོན་བསྡོམས་སྒོར་ཁྲི20ལྷག་ཙམ་ཕྱིར་ཚོང་བྱས་ཤིང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་ཡོད། དེ་རྗེས་ང་ཚོས་ཐོན་ལས་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་ཞིང་ལས་རོགས་སྐྱོར་རྣམ་གྲངས་འདོན་སྤེལ་བྱས་ཏེ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་སྟོབས་ཆེ་རུ་གཏོང་བ། ཞོག་ཁོག་སྙིང་དམར་དང་ལི་གྲོ་འདེབས་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་དམངས་གྱི་ཡོང་སྒོ་ཇེ་མང་དང་སེམས་ལྷོད་པར་བྱས་ཏེ། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བཤད།

སྡེ་རོང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པ་དང་ཏང་ཀྲི་པུའུ་ཡི་དྲིལ་བསྒྲགས་ཨུ་ཡོན་སྐལ་བཟང་སྒྲོལ་མས་བཅར་འདྲི་དང་ལེན་བྱེད་བཞིན་པ།
སྡེ་རོང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པ། ཏང་ཀྲི་པུའུ་ཡི་དྲིལ་བསྒྲགས་ཨུ་ཡོན་སྐལ་བཟང་སྒྲོལ་མ་ཡིས། “འབྱུང་འགྱུར་ངས་ལས་དོན་རེ་རེ་མུ་མཐུད་ནས་ཡག་པོར་བསྒྲུབ་རྒྱུ་ཡིན་ཞིང་། གཞི་རིམ་དྲིལ་བསྒྲགས་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་བཤད།

སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལི་ཧུའེ་ཡིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཁྲེང་ཏུའུ་གྲོང་ཁྱེར་ཧྲུའུ་ཏེ་ཚོད་ལྟའི་སློབ་འབྲིང་སྡེ་རོང་ཡན་ལག་སློབ་གྲྭའི་ལག་བསྟར་སློབ་གཙོ་ལི་ཧུའེ་ཡིས་བཤད་དོན། “ངའི་བོད་སྐྱོར་གཏམ་རྒྱུད་དང་སྡེ་རོང་གི་གཏམ་རྒྱུད་ནི་དཀར་མཛེས་ཀྱི་ས་ཁུལ་གང་སར་བཤད་ཐུབ་པ་བྱུང་བས་མང་པོ་ཞིག་ལ་བཀའ་དྲིན་ཞུ་བཞིན་ཡོད་དེ། ས་ཆ་འདི་ཡིས་ངའི་མི་ཚེ་ཕུན་སུམ་ཇེ་ཚོགས་སུ་བཏང་བས་གནས་འདི་ལ་བཀའ་དྲིན་ཞུ། ས་གནས་དེ་གའི་རྒྱབ་སྐྱོར་དང་བརྩེ་བ་ལ་བཀའ་དྲིན་ཞུ། ཕྲུ་གུ་ཚོའི་དྭངས་གཙང་གི་མིག་མདངས་ལ་བཀའ་དྲིན་ཞུ། འདི་ཡིས་ང་ཚོས་སློབ་གསོའི་རྣམ་པ་མི་འདྲ་བ་ཚོར་ཐུབ་པར་བྱུང་ལ་སློབ་གསོའི་བརྩེ་དུང་ཡང་མི་འདྲ་བ་ཐོབ། ཕྲུ་གུ་དེ་བས་མང་པོ་མཐོ་རིམ་སློབ་འབྲིང་ཡག་པོ་དག་ཏུ་རྒྱུགས་འཕྲོད་ནས་སློབ་གསོའི་མེ་ཏོག་སྡེ་རོང་གི་ས་གཞི་འདིའི་སྟེང་དུ་སྔར་ལས་བཞད་ཐུབ་པའི་རེ་བ་ཡོད”ཅེས་བཤད།

སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཡིས་ཁྲེང་ཏུའུ་གྲོང་ཁྱེར་ཧྲུའུ་ཏེ་ཚོད་ལྟའི་སློབ་འབྲིང་སྡེ་རོང་ཡན་ལག་སློབ་གྲྭ་རུ་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
རྒྱུས་ལོན་བྱུང་བ་ལྟར་ན། 2012ལོ་ནས་བཟུང་ཁྲེང་ཏུའུ་གྲོང་ཁྱེར་ཆིང་དབྱང་ཆུས་ཀྱིས་བོད་སྐྱོར་ལས་བྱེད་པ་ཁག་བདུན་དང་། བོད་སྐྱོར་ལས་བྱེད་པ500ལྷག་ཙམ་བདམས་ནས་སྡེ་རོང་དུ་མངགས་ཤིང་། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར3.78བཏང་ནས་རྣམ་གྲངས་གལ་ཆེན156འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད།