རབ་མཛེས་མཚོ་སྔོན། སྲོག་ཆགས་ཀྱི་ཁྱིམ་གཞིས།
སྤེལ་དུས 2025-03-03
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་པ་པོ།
ཞོགས་པའི་ཉི་ཟེར་ཁུ་ནུ་རི་རྒྱུད་ཀྱི་གངས་ཐིག་སྟེང་འཕྲོས་པས་འོད་ལམ་ལམ་དུ་སྣང་ལ། མཚོ་སྔོན་པོའི་སྟེང་དུ་མཚེའུ་སྐྱར་མཆུ་དམར་གྱིས་གཤོག་པ་བརྐྱངས་ཏེ་འཕུར་ལྡིང་བྱེད་ཀྱིན་འདུག རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི72ཡོད་པའི་མཐོ་སྒང་གི་དྭངས་གཙང་ས་གཞིའི་སྟེང་། ཚེ་སྲོག་གི་འདབ་མ་རེ་རེ་ལྷད་མེད་ཀྱི་ཚུལ་གྱིས་བཞད་དེ། གནམ་སའི་བར་མཚམས་ཀྱི་ཆེས་མཛེས་སྡུག་གི་སྐྱེ་ཁམས་སྙན་རྩོམ་འབྲི་བཞིན་ཡོད།
ཨ་ཆེན་གངས་རྒྱབ་ཀྱི་ཐང་སྟོང་དུ། གཙོད་ཁྱུའི་རྨིག་པས་རྩྭ་ཐང་གི་བ་མོ་གཏོར། དེ་ཚོའི་ཕྲ་ལ་རིང་བའི་སུག་བཞིས་ཐང་སྟོང་ཐད་ཀྱིས་བཅད་ཅིང་། ཁམ་སེར་གྱི་བ་སྤུ་ལ་རླུང་ཁྲོད་དུ་གསེར་མདོག་གི་ཟེགས་མ་འཕྲོ་བས་སྤོས་ཤེལ་ཞིག་དང་མཚུངས། གཙོད་ཕོའི་མགོ་ཡི་རྭ་རྩེ་རྣོན་པོས་མཁའ་རླུང་སྲབ་མོ་ཚལ་བར་གཤགས་པ་དང་། མཚོ་འཕགས་སྨི5000ཡས་མས་ཀྱི་མཐོ་སར་འཚོ་གནས་ཀྱི་སྙིང་སྟོབས་བཞེངས་བཞིན་ཡོད། འབྲོག་པའི་སྦྲ་གུར་འགྲམ་དུ་རྐྱང་ཁ་དཀར་གྱིས་གངས་ཀྱི་རྡུལ་རླུང་གཙུབ་ནས་བང་རྩལ་ངོམ་བཞིན་ཡོད་པ་དང་། སྐེ་རྔོག་ནི་ལྷབ་ལྷུབ་སྐྱོད་པའི་དར་ལྕོག་དང་འདྲ་བར། གནམ་མཐའི་མཚམས་ཀྱི་ལོ་ཟླ་ཁོར་མོ་ཡུག་ལ་ཞུ་བ་མེད་པའི་འཁྱགས་ཀླུང་དང་གཅིག་རམ་གཅིག་འདེགས་བྱེད་ཀྱིན་ཡོད།

མདོ་ལ་རིང་མོའི་ཁུགས་སོ་རུ། གསའ་ཡི་ཁྲ་རིས་དང་བྲག་རྡོའི་སྔོ་དྲེག་གཉིས་གཞི་གཅིག་ཏུ་འདྲེས་ཡོད། མཐོ་སྒང་གི་སྲོག་ཆགས་ཁེར་འགྲོ་བ་དེས་གཡང་གཟར་བྲག་རིའི་བར་དུ་རྐང་རྗེས་ཕབ་ཡོད་པ་དང་།སྤོས་ཤེལ་གྱི་ཁ་དོག་དང་འདྲ་བའི་མིག་གི་རྒྱལ་མོར་སྤྲིན་པ་དང་སྐར་ཚོགས་ལྡོག་འཕྲོ་བྱེད། ཞོགས་པའི་སྨུག་པ་གསོམ་ཤིང་གི་ནགས་ཚལ་དུ་ཁྱབ་དུས། ཤྭ་སྐྱའི་ཁྱུ་ཚོགས་ཆུ་ལ་བརྒལ་བའི་སྒྲ་དབྱངས་དྭངས་མོས་གནའ་བའི་ལྷིང་འཇགས་དཀྲོགས་པ་དང་། རི་ལུང་ཧྲིལ་པོ་འཁྲུག་ཆ་དོད་པའི་སྲོག་ཆགས་ཀྱི་རི་མོའི་ཚོམས་ཁང་དུ་གྱུར།
མཚོ་སྔོན་པོའི་འགྲམ་གྱི་བརླན་ས་ནི་འདབ་ཆགས་ཀྱི་ཞིང་ཁམས་ཡིན། ཁྲུང་ཁྲུང་སྐེ་ནག་གིས་མཛེས་པའི་གཤོག་སྟབས་ཆུ་ཁ་རུ་བསྒྱུར་བ་དང་། མགྲིན་པ་རིང་པོས་ཆུ་ལ་སྣག་ཚ་ཟགས་འདྲའི་འཁྱོག་ཐིག་བྲིས། བྱ་ལོང་ལྟག་ཁྲའི་ཁྱུ་ཚོགས་ཀྱིས་ཆུ་ངོས་བཤགས་ཤིང་། གཤོག་སྒྲོ་དཀར་ནག་གིས་སྤྲིན་གྱི་གྲིབ་གཟུགས་དཀྲུགས་པ་དང་། རིམ་བརྩེགས་ཀྱི་རླབས་སྔོན་དཀྲོག་པར་བྱེད། ས་སྲོད་ཀྱི་རང་མདངས་ཀྱིས་རྩྭ་ཐང་བྱུགས་དུས། སྦྲེ་ཡིས་ཕྲུ་གུ་ཁྲིད་དེ་ཨ་བྲའི་ཁུང་སྒོར་ལངས་ཤིང་། གསེར་མདོག་གི་སྤུ་ཁ་ས་སྲོད་ཀྱི་ཉི་འོད་དང་འདྲེས་པས། གནམ་སའི་མཚམས་སུ་ཆད་པ་མེད་པའི་མཉམ་སྒྲོག་སྒྲ་དབྱངས་གྲག་བཞིན་འདུག

རབ་མཛེས་མཚོ་སྔོན་ཞེས་པའི་ནམ་མཁའ་དང་བར་ཐག་ཆེས་ཉེ་བའི་ས་ཆ་འདི་རུ། གངས་རི་དང་ནེའུ་གསིང་གིས་ཚེ་སྲོག་གི་འགུལ་སླེ་བསླས་ཤིང་། གཙང་པོ་དང་མཚེའུ་ཡིས་ཚེ་སྲོག་ཡོད་ཚད་ལ་དབུགས་ཀྱི་འབྱིན་རྔུབ་སྩོལ་བཞིན་ཡོད། མཚོ་སྔོན་གྱི་ས་གཞིའི་སྟེང་གི་སྙིང་ཆུང་གི་འཕར་ལྡིང་རེ་རེས་ཚེ་སྲོག་ལ་གུས་བཀུར་དང་བསྟོད་བསྔགས་བྱེད་ཀྱིན་ཡོད་པས། མིའི་རིགས་ཀྱིས་ཐང་རྒོད་དང་ཁེངས་སྐྱུང་གི་བར་ཐག་རྒྱུན་འཁྱོངས་བྱེད་ཤེས་སྐབས། མཐོ་སྒང་གི་ཤྭ་བའི་ངར་སྐད་རེ་རེ་དང་འདབ་ཆགས་འཕུར་བའི་གྲིབ་གཟུགས་རེ་རེ་ནི་རྟག་བརྟན་གྱི་སྐྱེ་ཁམས་ལོ་རྒྱུས་སྙན་ངག་ཏུ་འགྱུར་ངེས་སོ། །