ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ5པའི་ཚེས17ཉིན། “སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་སྤྱི་ཕན་བྱེད་སྒོའི་འབོད་སྐུལ་འོག རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་ཧྲི་ཅི་ཐན་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཅན་ཤིན་གྱིས་རུ་སྣེ་ཁྲིད་པའི་རྒྱལ་སའི་སྨན་བཅོས་ཆེད་མཁས་པ་ཚོགས་པ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་དུ་འོས་འགན་སྨན་བཅོས་བྱེད་པའི་ལམ་ལ་སྐྱོད་ཅིང་། ཁོང་ཚོས་ས་མཐོའི་མང་ཚོགས་ལ་བརྩེ་དུང་ཟབ་མོ་བཅངས་ནས། ཐག་རིང་ལེ་དབར་སྟོང་གི་ས་ནས་རྔ་བ་རྫོང་དུ་བསྐྱོད་དེ་ས་གནས་དེ་གའི་མང་ཚོགས་ཚོར་བདེ་ཐང་དང་རེ་བ་སྦྱིན་ཡོད།
ཀྲོའུ་ཅན་ཤིན་གྱིས་རུ་སྣེ་ཁྲིད་པའི་རྒྱལ་སའི་སྨན་བཅོས་ཆེད་མཁས་པ་ཚོགས་པ་སྨན་བཅོས་ཚོམས་ཆེན་དུ་འོས་འགན་སྨན་བཅོས་བྱེད་པར་སྐྱོད་བཞིན་པ།
སྨན་བཅོས་བྱེད་པར་ཡོང་བའི་མང་ཚོགས་ཚོའི་མིག་ལས་བདེ་ཐང་ལ་བཅངས་པའི་རེ་སྒུག་གིས་ཁེངས་ཤིང་། སྨན་པ་ཚོས་ཀྱང་བྱམས་སེམས་ཆེན་པོས་སྙིང་ཉེའི་ངང་མང་ཚོགས་ཚོ་དང་སྤེལ་རེས་བྱེད་པ་དང་། ནད་གཞིའི་གནས་ཚུལ་ནན་ཏན་ངང་འདྲི་བ་དང་། སྨན་ཐོ་ཞིབ་ཚགས་ངང་འབྲི་བ། སྨན་རྫས་ཞིབ་ཚགས་ངང་བགོ་བ་བཅས་བྱས་ཏེ་ལྷུ་ཚིགས་ཚང་མར་ཁྲལ་སེལ་སླ་བཅོས་སྤུ་ཙམ་ཡང་བྱེད་ཀྱི་མེད། ཞོགས་པ་ནས་དགོང་མོའི་བར་དུ་ནད་པ་རྒྱུན་འཆད་མེད་པར་གཅིག་རྗེས་གཉིས་མཐུད་ངང་སླེབས་ཀྱི་ཡོད་ལ། དགུང་ཟས་ཀྱི་དུས་སུའང་སྨན་པ་ཚོས་ངལ་གསོ་སྤུ་ཙམ་ཡང་མི་རྒྱག་པར། རང་ཉིད་ཀྱིས་འབད་བརྩོན་ཆེ་ཤོས་ལ་བརྟེན་ནས་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་རྒྱུའི་དད་སེམས་མཚོན་པར་བྱས་ཡོད།
སྨན་བཅོས་བྱེད་པར་ཡོང་བའི་རྔ་བ་རྫོང་གི་མང་ཚོགས།
ད་ཐེངས་ཀྱི་འོས་འགན་སྨན་བཅོས་ནང་ནད་གཞི་ལྕི་རིགས་ཀྱི་གསོ་རིག་ཚན་ཁག་དང་། དབང་རྩའི་ཕྱི་ནད་ཚན་ཁག གསང་རྒྱུད་ཟགས་གཤེར་ཚན་ཁག སྒལ་རུས་ཕྱི་ནད་ཚན་ཁག ན་ཟུག་ཚན་ཁག ཀླད་སྐྲན་ཕྱི་ནད་ཚན་ཁག གཅིན་ཟགས་ཕྱི་ནད་ཚན་ཁག ཀྲུང་ལུགས་གསོ་རིག་ཚན་ཁག་སོགས་ཚན་ཁག་མང་པོ་ཡོད་པས། ཕྱོགས་ཡོངས་དང་རིམ་པ་མང་པོའི་ཐོག་ནས་མང་ཚོགས་ཚོར་སྨན་བཅོས་ཞབས་འདེགས་ཞུ་གི་ཡོད། རྒྱུན་མཐོང་གི་ནད་དམ་རྙོག་འཛིང་ཆེ་བའི་ནད་གང་ཡིན་རུང་། ཆེད་མཁས་པ་ཚོས་ངང་རྒྱུད་རིང་ཞིང་ཞིབ་ཚགས་པོས་ནད་པ་ཚོར་བརྟག་དཔྱད་དང་སྨན་བཅོས་བྱས་ནས། ནད་པ་ཚང་མར་ཆེས་འོས་འཚམ་གྱི་སྨན་བཅོས་ཇུས་གཞི་འཚོལ་གང་ཐུབ་བྱེད་བཞིན་ཡོད།
རྒྱལ་སའི་སྨན་བཅོས་ཆེད་མཁས་པས་འོས་འགན་སྨན་བཅོས་བྱེད་བཞིན་པ།
ད་ཐེངས་ཀྱི་འོས་འགན་སྨན་བཅོས་ཁྲོད་དམིགས་བསལ་གྱི་ཚོགས་སྤྱི་ཞིག་ཡིན་པའི་ས་གནས་དེ་གའི་སྒལ་རུས་གཞོགས་འཁྱོག་ནད་པར་དོ་ཁུར་ལྷག་པར་བྱེད་ཅིང་། ས་མཐོའི་ས་ཁུལ་དུ་སྨན་བཅོས་ཐོན་ཁུངས་བལྟོས་བཅས་ཀྱིས་ཞན་པ་དང་སྨན་བཅོས་འགྲོ་གྲོན་མཐོ་པོ་ཡོད་པས། སྒལ་རུས་གཞོགས་འཁྱོག་ནད་པ་མང་པོ་ཞིག་དཔལ་འབྱོར་གྱི་ཆ་རྐྱེན་མེད་སྟབས་སྨན་བཅོས་བློས་གཏོང་མི་བྱེད་ཀ་མེད་དུ་འགྱུར་ཡོད། དུས་ཡུན་རིང་བོར་ན་ཟུག་སྐྱེས་པས་ཁོང་ཚོའི་ལུས་པོར་མནར་གཅོད་ཆེན་པོ་མྱངས་བཞིན་ཡོད་པ་མ་ཟད། སེམས་ཁམས་ཐད་ལའང་རང་དམན་གྱི་ཤུགས་རྐྱེན་ཐེབས་པས། འཚོ་བར་ཧ་ཅང་སྟབས་མི་བདེ་བ་བཟོས་ཡོད། ཀྲོའུ་ཅན་ཤིན་གྱིས་གནས་ཚུལ་དེ་ཤེས་རྗེས་སུ། སྒལ་རུས་གཞོགས་འཁྱོག་ནད་པ་སྐྱོབ་བཅོས་བྱེད་པའི་འགན་འཁྲི་ལྕི་པོ་རང་འགུལ་ངང་ཕྲག་ཏུ་ཁུར་ནས། སྒལ་རུས་གཞོགས་འཁྱོག་ཆེད་མཁས་པ་ཁྲེན་དབྱིན་ཁྲུན་མཉམ་དུ་གདན་འདྲེན་ཞུས། དཔྱད་དཔོག་ཞིབ་ཕྲ་བྱས་པ་བརྒྱུད། དེ་ཉིན་སྨན་ཁང་ནས་ཆ་རྐྱེན་དང་མཐུན་པའི་ནད་པ་གཉིས་ཤེས་རྟོགས་བྱུང་ཡོད་ལ། ཁོང་ཚོ་པེ་ཅིང་དུ་རིན་མེད་སྨན་བཅོས་བྱེད་པའི་གོ་སྐབས་ཀྱང་རག་ཡོད།
སྒལ་རུས་གཞོགས་འཁྱོག་ཆེད་མཁས་པ་ཁྲེན་དབྱིན་ཁྲུན་གྱིས་ཆོས་སྐྱིད་ཀྱི་ནད་གཞིའི་གནས་ཚུལ་འདྲི་བཞིན་པ།
དེའི་ཁྲོད་ད་ལོ་ལོ་ན15ལ་སླེབས་པའི་སྒོ་མང་གྲོང་རྡལ་གཤོང་བ་གྲོང་ཚོའི་ཆོས་སྐྱིད་ནི་མིག་སྔར་གཟི་ཚ་སྡེ་དགུ་ཡུལ་སྐོར་སྒྱུ་རྩལ་ལས་རིགས་ལག་རྩལ་སློབ་གྲྭར་སློབ་གཉེར་བྱེད་བཞིན་ཡོད། ནད་གཞི་ཤེས་རྟོགས་བྱུང་མ་ཐག་པའི་རྣམ་པ་དག་ཆོས་སྐྱིད་ཀྱིས་ད་ལྟའང་གསལ་ལེར་དྲན་གྱི་ཡོད། ཐེངས་ཤིག་རི་ལ་ཨ་བི་ཁ་འཐུ་བར་འགྲོ་སྐབས་སུ་ཁོ་མོའི་སྒལ་རྒྱབ་ལ་གློ་བུར་དུ་ན་ཟུག་ཆེན་པོ་སྐྱེས་པས། སྨན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱོད། མཐར་སྨན་པས་ཁོ་མོ་སྒལ་རུས་གཞོགས་འཁྱོག་ཡིན་པས་མྱུར་དུ་གཤགས་བཅོས་བྱེད་དགོས་པའི་གྲོས་འགོ་བཏོན་ཡང་། ཁྱིམ་ཚང་གི་དཔལ་འབྱོར་ཞན་པས་གཤགས་བཅོས་ཀྱི་འགྲོ་གྲོན་དག་དཀའ་གནད་ཅིག་ཏུ་གྱུར། ཐབས་ཟད་འུ་ཐུག་གི་སྐབས་སུ། ཁོ་མོས་གནས་སྐབས་སུ་སྒལ་རུས་གཞོགས་འཁྱོག་འགོག་བྱད་གྱོན་རྒྱུའི་གདམ་ག་བྱ་རྒྱུ་ལས་ཐབས་གཞན་རྙེད་མེད། དེ་གྱོན་ནས་ད་བར་ལོ་བཞི་སོང་ཡང་ནད་གཞི་སྔ་ཕྱི་བར་གསུམ་དུ་དྲག་སྐྱེས་བྱུང་མེད། ཉིན་འགའི་གོང་ལ་ཞང་སྲིད་གཞུང་གི་བརྡ་ཐོ་བཏང་བ་བརྒྱུད། ཁོང་གིས་རྒྱལ་སའི་སྨན་བཅོས་ཆེད་མཁས་པ་ཚོགས་པས་རྫོང་མི་དམངས་སྨན་ཁང་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བར་ཡོང་གི་ཡོད་པ་ཤེས་པས། དེ་ཉིན་ཁོང་ཞོགས་པ་སྔ་མོ་ནས་དེ་གར་སླེབས་ཡོད། སྨན་པས་ཁོ་མོར་མིག་སྔའི་གནས་ཚུལ་ལ་གཞིགས་ན་གཤགས་བཅོས་བྱ་རྒྱུར་འཚམ་པོ་ཡོད་པ་མ་ཟད། པེ་ཅིང་དུ་རིན་མེད་ངང་སྒལ་རུས་གཞོགས་འཁྱོག་གཤགས་བཅོས་དང་ལེན་བྱེད་ཆོག་པའི་སྐོར་བརྗོད་སྐབས། ཁོ་མོར་དགའ་ཚོར་ཆེན་པོ་བྱུང་སྟེ་དྲིན་ཚོར་གྱི་སེམས་པས་ཁེངས་བཞིན་དུ། “ཁོང་ཚོ་འདི་གར་ཕེབས་པས་ངའི་འབྱུང་འགྱུར་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་འགྲོ་རྒྱུ་རེད། ངས་པེ་ཅིང་དུ་སྒལ་རུས་གཞོགས་འཁྱོག་གཤགས་བཅོས་བྱེད་པར་འགྲོ་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད།

བཀྲ་ཤིས་ལྷུན་གྲུབ།
གསར་དུ་རྙེད་པའི་ནད་པ་ཕུད། ད་ཐེངས་ཀྱི་འོས་འགན་སྨན་བཅོས་ཁྲོད་ད་དུང་ནད་པ་རྙིང་པ་གཉིས་ཡང་བསྐྱར་བརྟག་དཔྱད་ལ་སླེབས་ཡོད་ཅིང་། དེའི་ཁྲོད་ཀྱི་གཅིག་ནི2024ལོར“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་བྱེད་སྒོའི་ཁྲོད་སྟབས་ལེགས་པ་ཞིག་ལ་པེ་ཅིང་ཞེ་ཧོ་སྨན་ཁང་དུ་རིན་མེད་རོགས་སྐྱོབ་གཤགས་བཅོས་དང་ལེན་བྱེད་པར་བསྐྱོད་པའི་སྒལ་རུས་གཞོགས་འཁྱོག་གི་ནད་པ་བཀྲ་ཤིས་ལྷུན་གྲུབ་རེད། གསར་འགོད་པས་བཀྲ་ཤིས་ལྷུན་གྲུབ་མཐོང་སྐབས་སུ། ཁོང་སྔོན་ཆད་ལས་དེ་བས་སྤྲོ་སྣང་ལྡན་པར་འགྱུར་ཡོད་ལ། གདོང་ལ་དགའ་བའི་འཛུམ་མདངས་ཀྱིས་ཁེངས་ཡོད། ཁོ་དང་གླེང་མོལ་བྱེད་སྐབས་ད་ལྟ་ཁོ་དྲག་བསྐྱེད་ཡག་པོ་བྱུང་ནས་ལུས་པོར་མི་བདེ་བ་གང་ཡང་མེད་པ་ཤེས་རྟོགས་བྱུང་ཡོད། དེ་རིང་པེ་ཅིང་སྨན་བཅོས་ཚོགས་པའི་ཆེད་མཁས་པ་སླར་ཡང་རྔ་བ་རྫོང་མི་དམངས་སྨན་ཁང་དུ་འོས་འགན་སྨན་བཅོས་བྱེད་པར་ཡོང་གི་ཡོད་པ་ཤེས་རྗེས་ཁོང་ཆེད་མངགས་དེ་གར་ཐུགས་རྗེ་ཆེ་ཞུ་བར་སླེབས་ཡོད། ཁོང་གིས“པེ་ཅིང་གི་སེམས་མཐུན་མཉམ་གཏོད་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་སྨན་བཅོས་ཆེད་མཁས་པ་ཚོས་རོགས་སྐྱོར་བྱས་པ་བརྒྱུད་གཞི་ནས་ངའི་ད་ཆའི་བདེ་ཐང་དེ་བྱུང”ཞེས་བཤད།
མཚོ་དགའ།
ནད་པ་གཞན་དེའི་མིང་ལ་མཚོ་དགའ་ཟེར་ཞིང་། རང་ཉིད་ལ་རོགས་སྐྱོབ་བྱས་པའི་བརྒྱུད་རིམ་སྐོར་གླེང་སྐབས་ཁོང་གི་སེམས་སུ་དྲིན་ཚོར་གྱི་སེམས་པས་ཁེངས་ཡོད། སྐབས་དེར་རྒྱལ་སའི་སྨན་བཅོས་ཆེད་མཁས་པ་རྔ་བ་རྫོང་དུ་འོས་འགན་སྨན་བཅོས་བྱེད་པར་ཡོང་སྐབས། སྨན་པས་ཁོང་ལ་པུས་ཚིགས་གཤགས་བཅོས་བྱེད་དགོས་པ་མ་ཟད། ཐེབས་རྩ་ལྷན་ཚོགས་ཀྱི་རིན་མེད་རོགས་སྐྱོབ་བྱེད་སྲིད་ཅེས་བཤད། དེར་བརྟེན2023ལོའི་ཟླ4པར་མཚོ་དགའ་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་དུ་གཤགས་བཅོས་བྱེད་པར་བསྐྱོད་ཡོད། གཤགས་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་དུ། སྨན་པ་ཚོས་ཁོ་མོར་སེམས་ཁུར་ཆེན་པོ་བྱེད་པ་དང་ཞིབ་ཕྲའི་གནས་ཚུལ་ཚང་མར་བསམ་བློ་ཞིབ་མོ་བཏང་ཡོད། གཤགས་བཅོས་མཇུག་སྒྲིལ་ནས་ཕ་ཡུལ་དུ་ལོག་སྐབས། སྨན་ཁང་གིས་ད་དུང་སྨན་པ་ཞིག་ཆེད་མངགས་ཁོང་ཚོ་རྔ་བ་རྫོང་བར་སྐྱེལ་བར་བཏང་ཡོད། སྨན་ཁང་ནས་ཁ་བྲལ་སྐབས་སྨན་པས་ཆེད་མངགས་སྨན་ཁང་ནས་ཚེམ་བཤིག་ཡོ་བྱད་ཁྱེར་ཏེ་རྫོང་སྨན་ཁང་ལ་སྤྲད། སྨན་པའི་བྱམས་སེམས་དང་བརྩེ་དུང་གིས་ཕྱུག་པའི་སྙིང་སྟོབས་དེ་ལྟ་བུ་མཚོ་དགའ་ཡིས་ཚེ་གང་བརྗེད་མི་སྲིད་ལ། ཁོང་ལ་དུས་དང་རྣམ་པ་ཀུན་ཏུ་དྲིན་ཚོར་གྱི་སེམས་པ་ཞིག་ལྡན་པར་བྱས་ཡོད།

སེམས་མཐུན• ཀྲུང་གོའི་སེམས་པ་མཉམ་གཏོད་བྱེད་སྒོས་རྔ་བ་རྫོང་ལ་ཞལ་འདེབས་ཕུལ་བའི་རིན་ཐང་སྒོར་ཁྲི100རི་བའི་སྨན་རྫས་དང་དངོས་ཟོག
ཤེས་རྟོགས་བྱུང་བར་གཞིགས་ན།“སེམས་མཐུན•ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་བྱེད་སྒོས་ད་དུང་རྔ་བ་རྫོང་ལ་རིན་ཐང་སྒོར་ཁྲི100རི་བའི་སྨན་རྫས་དང་དངོས་ཟོག་ཞལ་འདེབས་ཕུལ་ནས། ས་གནས་དེ་གའི་སྨན་བཅོས་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཏེ་རེ་བ་ཆེན་པོ་སྦྱིན་ཡོད།
ཉིན་གཅིག་གི་འོས་འགན་སྨན་བཅོས་བྱེད་སྒོ་མཇུག་འགྲིལ་བས། ས་གནས་དེ་གའི་མང་ཚོགས་ཚོར་ཕན་པ་ཆེན་པོ་བསྐྲུན་ཡོད་ཅིང་། འོས་འགན་སྨན་བཅོས་དེ་ནི་དྲོ་སྐྱིད་ལྡན་པའི་དཔྱིད་རླུང་ཞིག་དང་འདྲ་བར་ནད་པ་ཚང་མའི་སེམས་སུ་དྲོ་སྐྱིད་སྦྱིན་ཡོད། དེ་ནི་སྨན་བཅོས་རོགས་སྐྱོབ་བྱ་སྤྱོད་ཅིག་ཡིན་པར་མ་ཟད། རྒྱལ་སའི་སྨན་བཅོས་ཆེད་མཁས་པ་ཚོ་དང་རྔ་བ་རྫོང་གི་མང་ཚོགས་དབར་གཅིག་སེམས་གཅིག་འབྲེལ་གྱི་མི་སེམས་འགུལ་བའི་དུས་སྐབས་ཤིག་ཀྱང་ཡིན་པས། ས་གནས་དེ་གའི་མང་ཚོགས་ལ་བདེ་ཐང་དང་དྲོ་སྐྱིད་སྦྱིན་ཡོད།