འདི་ནི་ཆུ་རིས་ཤིག་ཤིག་ཏུ་གཡོ་བའི་མཚོ་སྔོན་པོ་ཡིན་པ།
“གལ་སྲིད་ཁྱེད་ཀྱིས་རྟ་ནག་མའི་ཉི་གཞོན་འཆར་ཀ་མཐོང་མེད་ཚེ་ཁྱེད་རང་མཚོ་སྔོན་པོར་སླེབས་པ་དོན་མེད་རེད”ཅེས་པའི་དྲ་གྲོགས་ཤིག་གི་བསྟན་བཤིག་སྐད་ཆ་དེ་ལས་རྟ་ནག་མ་གྲོང་ཚོའི་ཉི་གཞོན་འཆར་ཀའི་ཡིད་དབང་འཕྲོག་ཤུགས་མངོན་ཐུབ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་རྟ་ནག་མ་གྲོང་རྡལ་དེ་མཚོ་སྔོན་པོའི་ལྷོ་ནུབ་ཀྱི་ངོགས་སུ་གནས་ཤིང་། དེ་གའི་ཡུག་སྦྲེལ་གྱི་རྩྭ་ཐང་དང་ཁོད་སྙོམས་ཀྱི་མཚོ་ངོགས་ལས་མཚོ་སྔོན་པོའི་ཉི་གཞོན་འཆར་ཀའི་མཛེས་པ་ལྟ་ཡུལ་ཡག་ཤོས་སུ་གྱུར་པ་དང་། “ཉི་གཞོན་གྲོང་རྡལ་ཆུང་ངུ”ཞེས་པའི་མཚན་སྙན་ཡང་དེ་ནས་བྱུང་།
ད་ལོ་ལོ་28ལ་སླེབས་པའི་འབྲུག་མོ་ནི་རྟ་ནག་མ་གྲོང་རྡལ་རྒྱབ་ལུང་གྲོང་ཚོའི་གྲོང་མི་ཡིན། ཁོང་ཁྱིམ་གྱི་ཁང་རྒྱབ་ཏུ་དཔྱངས་ཁང་གཉིས་དང་དོས་སྒམ་སྡོད་ཁང་གཉིས་ཡོད་ཅིང་། དབྱར་ཁ་ཡུལ་སྐོར་བ་མང་བའི་དུས་སུ་ཉལ་ཁང་རག་ཁག་པོ་ཡོད། “2023ལོར་ང་ཚོས་མ་དངུལ་སྒོར་ཁྲི་40ལྷག་ཙམ་བཏང་ནས་དཔྱངས་ཁང་གཉིས་ཉོས་པ་ཡིན”འབྲུག་མོས་དེ་སྔོན་མཚོ་སྔོན་པོའི་ཉེ་འགྲམ་དུ་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱས་པ་དང་ད་ཆ་རང་ཁྱིམ་གྱི་རྩྭ་རར་དམངས་སྲོལ་གནས་ཚང་བཙུགས་པས་ཡོང་འབབ་དེ་སྔོན་ལས་ཧ་ཅང་གིས་མང་བ་ཡོད།
“སྒོ་རའི་རྒྱབ་ནི་ང་ཚོའི་རྩྭ་ར་རེད། དབྱར་ཁ་དེ་གར་སྦྲ་ནག་ཕུབ་ནས་དེའི་ནང་དུ་བོད་པའི་ཁྱིམ་ཚང་གི་སྲོལ་རྒྱུན་ཅ་དངོས་བསྒྲིགས་ཡོད་པས་དེར་དགའ་པོ་བྱེད་མཁན་ཡང་མང་པོ་འདུག” སྦྲ་ནག་ཕུབ་པ་ཕུད། འབྲུག་མོས་ད་དུང་གུར་ཆུང་ངུ་གཉིས་གསུམ་ཕུབ་ནས་གུར་ནང་སྡོད་འདོད་མཁན་ཡུལ་སྐོར་བར་སྟབས་བདེ་བསྐྲུན་ཡོད་པ་རེད།
ཡུལ་སྐོར་བ་མང་དུ་ཕྱིན་པ་དང་སྦྲགས། ད་ལོ་འབྲུག་མོས་དོས་སྒམ་ཁང་པ་གཉིས་ཉོས་པ་མ་ཟད། ད་དུང་ཤེལ་ཁྲ་སར་ཐུག་མ་བསྒར་ཡོད། རྩྭ་རར་གཏོར་སྐྱོན་མི་ཕོག་པའི་ཆེད་འབྲུག་མོས་ཆེད་མངགས་དོས་སྒམ་དང་དཔྱངས་ཁང་བཟོས་ཡོད།
དབྱར་ཁ་འཆར་རིམ་བཞིན། འབྲོག་རར་སྔོ་རྩྭ་སྐྱེས་པ་དང་ནོར་ལུག་དེ་གར་ཅི་དགར་རོལ་བཞིན་མཆིས། འོ་མ་བཞོ་བ་དང་། སེར་ཤ་བཀོག་པ། རྟ་བཞོན་པ། ལུག་འདེད་པ་བཅས་བོད་རིགས་མང་ཚོགས་ཀྱི་རྒྱུན་གཏན་གྱི་འཚོ་བ་སྐྱེལ་སྟངས་དག་ཡུལ་སྐོར་བས་ཉམས་ལེན་བྱེད་ཀྱི་ཡོད། ཡུལ་སྐོར་བ་འདུ་འཛི་ཆེ་བའི་གྲོང་ཁྱེར་ནས་བྲལ་ཏེ་རང་བྱུང་ཁམས་ཆེ་མོར་ཡོང་བ་དེས་འབྲུག་མོའི་ཁྱིམ་ཚང་ལ་ལོའི་ཡོང་འབབ་ཁྲི་20ལྷག་ཙམ་རག་གི་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་གྱིས་མཚོ་སྔོན་པོའི་རྒྱུད་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་3.3བཏང་ནས་འདམ་ར་སྲུང་སྐྱོང་དང་སླར་གསོ་དང་། ཆུའི་སྐྱེ་ཁམས་ཉམས་གསོ། ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་མ་ལག་འཛུགས་སྐྲུན་སོགས་ཀྱི་སྐྱེ་ཁམས་རྣམ་གྲངས་ལག་ལེན་བསྟར་བས། ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་མ་ལག་རིམ་གྱིས་འཐུས་སྒོ་ཚང་དུ་སོང་སྟེ། ཆུ་རྒྱུན་འབབ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་བརྟན་ཁྲོད་ཡར་འཕེལ་བྱུང་ཡོད་པ་རེད།
2023ལོར། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ཁུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། མཚོ་སྔོན་པོའི་སྐྱེ་ཁམས་ཐོན་རྫས་བར་མཐོངས་བཀོད་པའི་ཇུས་འགོད་བརྒྱུད། མཚོ་སྐོར་གྱི་སྐྱེ་ཁམས་ལྗོངས་གཟིགས་སྒང་12གཏན་འཁེལ་བྱས་ཡོད། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། གྲོང་ཚོའི་མཉམ་སྡེབ་ནང་ཞུགས་པ། ཞིང་འབྲོག་པར་བགོ་འགྲེམས་རྒྱག་པ་བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས། “སྐྱེ་ཁམས་དམངས་ཕན་དང་མཉམ་སྐྲུན་མཉམ་སྤྱོད”ཀྱི་ཐབས་ལམ་གསར་པ་ཆགས་པར་འཕེལ་རྒྱས་བཏང་ཡོད། མིག་སྔར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གཙོ་བོ་དང་ལྗོངས་གཟིགས་སྒང་གིས་མཚོ་སྐོར་གྱི་ཤང་དང་གྲོང་རྡལ་8ཀྱི་གྲོང་ཚོ་20ཡི་དུད་ཚང་6400ལྷག་ཙམ་གྱི་ཞིང་འབྲོག་པ་ཁྲི་2ལྷག་ཙམ་ལ་ཐད་ཀར་རམ་ཡང་ན་བར་རྒྱུད་ཀྱི་ཕན་པ་ཐོབ་རྒྱུར་སྐུལ་ཁྲིད་བྱས་ཡོད།
མཛེས་ལྗོངས་ཁུལ་ལ་ཚད་ལྡན་ཅན་གྱི་སྒོ་ནས་དོ་དམ་བྱ་ཆེད། རྒྱབ་ལུང་གྲོང་ཚོ་དང་། བུམ་པ་གྲོང་ཚོ། བྲག་འཁྱོག་གྲོང་ཚོ། རྭ་འཁྱོག་གྲོང་ཚོ་བཅས་གྲོང་ཚོ་བཞིས་མཚོ་སྔོན་གྱི་ཉི་ཤར་མཛེས་ལྗོངས་ལྟ་རོལ་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་མཉམ་དུ་བཙུགས་ཤིང་། མཛེས་ལྗོངས་ཁུལ་གྱི་ཁ་སྤྲོད་དུ་རླངས་འཁོར་འཇོག་ས་གཉིས་དང་འཛུལ་སྒོ་དང་ཐོན་སྒོ་གཅིག་མ་གཏོགས་བཀོད་སྒྲིག་བྱས་མེད། དུས་མཚུངས་མཚེའུ་དང་འདམ་ར་ཁག་དབྱེ་ནས་ཁོར་ཡུག་ལ་སྔར་བས་སྲུང་སྐྱོང་ཐུབ་སྟེ་ཡུལ་སྐོར་བས་ཉི་ཤར་མཛེས་ལྗོངས་མྱོང་རོལ་ཐུབ་པར་བྱས་ཡོད།
འགྱུར་ལྡོག་སྐོར་གླེང་སྐབས་མཛེས་ལྗོངས་ཁུལ་གྱི་སྤ་སེ་དོ་དམ་གྱི་འགན་འཁུར་བ་རྡོ་རྗེ་སྒྲོལ་མས། དེ་སྔོན་འདི་ག་ནི་སྤྱི་པའི་ས་ཁོངས་སུ་གཏོགས་པས་ཉེ་འཁོར་གྱི་རྩྭ་ར་ཁྱིམ་ཚང་སོ་སོར་དབང་ཡོད་། ཕྱིས་སུ་ཡོང་འབབ་གསོག་ཆེད་མི་དང་རླངས་འཁོར་གང་བྱུང་འཛུལ་གྱི་ཡོད། ད་ཆ་ཀུང་སི་བཙུགས་ནས་ཡུན་རིང་མ་སོང་བར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱུང་བ་མ་ཟད། ད་དུང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས་ཚང་མའི་ཡོང་འབབ་ཀྱང་མང་དུ་བཏང་ཡོད་ཅེས་མྱོང་ཚོར་ཟབ་མོས་བཤད།
ན་ནིང་སློབ་གྲྭ་ཐོན་མ་ཐག་པའི་འབྲུག་མོ་ཡག་དེ་གར་ལས་ཀ་བྱས་ནས་ལོ་གཅིག་ཏག་ཏག་སོང་བ་དང་ཟླ་རེར་གླ་ཕོགས་སྒོར་4200ཡོད། ཡུལ་སྐོར་བ་མང་བའི་དུས་སུ་རྟ་ནག་མ་གྲོང་རྡལ་དུ་ནམ་མ་ལངས་གོང་ནས་ཐག་རིང་གི་མགྲོན་པོར་སྣེ་ལེན་བྱེད་དགོས་པས་ཁོང་དང་ལས་རོགས་ཚོས་ཀྱང་སྔ་ས་ནས་རྐང་ཐང་མར་ཁྱིམ་དང་ཐག་ཉེ་བའི་ལས་ཀ་བྱ་ཡུལ་དུ་ཡོང་སྟེ། སྤ་སེ་འཚོང་བ་དང་སྤ་སེ་ཞིབ་བཤེར་བྱས་ནས་ཡུལ་སྐོར་བ་དང་མཉམ་དུ་ཉི་ཤར་གྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཀྱི་ཡོད།
འབྲུག་མོ་གཡག་དང་འདྲ་བའི་མཛེས་ལྗོངས་ཁུལ་གྱི་ལས་དོན་པ་136ཚང་མ་གྲོང་ཚོ་བཞི་ནས་ཡིན་ཞིང་། མིག་སྔའི་བར་མཛེས་ལྗོངས་ཁུལ་གྱི་ཡོང་འབབ་ལ་བརྟེན་ནས་གྲོང་ཚོ་བཞིར་རིམ་རྩིས་བརྒྱབ་ན་བགོ་འགྲེམས་སྒོར་ཁྲི་3527བརྒྱབ་པ་མ་ཟད། གྲོང་རྡལ་དེ་ཡོངས་ཀྱི་མང་ཚོགས་ལ་སྨན་བཅོས་འགན་བཅོལ་འཇལ་བས་ཡུལ་དེའི་ཞིང་འབྲོག་པ་ཚོས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སོང་བའི་ཕན་པ་དངོས་འབྲེལ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།