ཚེས་18ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ཡིས་ཟུར་གསལ་བྱས་པར། རྒྱང་ཚོར་ལྟ་ཞིབ་ཚད་ལེན་གསར་ཤོས་ལས་མངོན་པར་གཞིགས་ན། ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་ཡིན་པའི་མཚོ་སྔོན་པོའི་དར་ཁ་ཕྱེ་བའི་དུས་ཚོད་ཟླ་3པའི་ཚེས་14ཉིན་ནས་འགོ་ཚུགས་པ་དང་། དེ་ཉེ་བའི་ལོ་བཅུ་ལས་ཆ་སྙོམས་ཉིན་14སྔ་སྣུར་བྱས་པ་རེད།

མཚོ་སྔོན་པོ་ནི་ཀྲུང་གོའི་སྐམ་སའི་དབུས་ཁུལ་ས་མཐོའི་ཚྭ་མཚོ་ཆེ་ཤོས་དང་། མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆུ་གཟུགས་གལ་ཆེན་ཞིག་ཡིན་ལ། ནུབ་རྒྱུད་ཐང་རྒོད་ཅན་ཤར་ཕྱོགས་སུ་མཆེད་པར་ཚོད་འཛིན་བྱེད་པའི་རང་བྱུང་སྲུང་ཡོལ་ཞིག་ཀྱང་ཡིན།
སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལས་མངོན་པར་གཞིགས་ན། ཟླ་3པའི་ཚེས་6ཉིན། མཚོ་སྔོན་པོའི་ལྷོ་ནུབ་རྒྱུད་ཀྱི་བེའུ་ཧ་ཆུ་བོ་མཚོ་སྔོན་པོའི་ནང་བཞུར་བའི་མཚོ་འབབ་ཆུ་ཁ་དང་རྟ་ནག་མ་ཆུ་བོའི་འགྲམ་རྒྱུད་ཀྱི་འཁྱགས་པ་བཞུ་འགོ་ཚུགས་ཡོད། ཟླ་3པའི་ཚེས་14ཉིན་མཚོ་སྔོན་པོའི་ཤར་རྒྱུད་ཀྱི་འཁྱགས་པ་གཞི་ཁྱོན་ཆེན་པོས་བཞུ་འགོ་ཚུགས་ཡོད། ཟླ་3པའི་ཚེས་18ཉིན་བར་སླེབས་དུས། མཚོ་ངོས་སུ་ཉིན་5བསྟུད་མར་གཤེར་གཟུགས་ཆུ་ཡོད་པ་མ་ཟད་གཤེར་གཟུགས་ཆུའི་རྒྱ་ཁྱོན་མཚོ་མོའི་སྤྱིའི་རྒྱ་ཁྱོན་གྱི་10%ཡན་ཟིན་ཡོད་པ་རེད། འབྲེལ་ཡོད་ཚད་གཞིར་གཞིགས་ན། ཟླ་3པའི་ཚེས་14ཉིན་ནི་2026ལོའི་མཚོ་སྔོན་པོའི་དར་ཁ་ཕྱེ་འགོ་ཚུགས་པའི་ཉིན་མོར་གཏན་འཁེལ་བྱས་པ་དང་། དེ་2025ལོ་ལས་ཉིན་13གྱིས་སྔ་བ་དང་། ཉེ་བའི་ལོ་བཅུ་(2016ལོ་ནས་2025ལོ་བར)ལས་ཆ་སྙོམས་ཉིན་14སྔ་སྣུར་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ཡི་མཐོ་རིམ་བཟོ་སྐྲུན་དབུ་ཆེན་ལི་ཞའོ་ཏུང་གིས། དབྱེ་ཞིབ་བྱས་པ་ལས་མངོན་པར། ཟླ་དང་པོ་ནས་ཟླ་3པའི་ཟླ་སྟོད་བར། མཚོ་སྔོན་པོའི་མཐའ་འཁོར་གྱི་ཆ་སྙོམས་དྲོད་ཚད་ན་ནིང་གི་དུས་མཚུངས་ལས་ཧྲེ་ཧྲིའི་དྲོད་ཚད་ཏུའུ་1.5ཡིས་མཐོ་བ་དང་། ཉེ་བའི་ལོ་བཅུ་ལས་ཆ་སྙོམས་ཧྲེ་ཧྲིའི་དྲོད་ཚད་ཏུའུ་1.7གྱིས་མཐོ་བ་ཡོད་པ་དེ་ནི་མཚོ་མོའི་དར་ཁ་སྔ་སྣུར་དུ་ཕྱེ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ཅེས་བཤད་པ་རེད།
ལི་ཞའོ་ཏུང་གིས། མཚོ་སྔོན་པོའི་དར་ཁ་ཕྱེ་བའི་དུས་ཚོད་ནི་གནམ་གཤིས་ཐད་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་མ་ཟད། ས་ཁོངས་དེའི་འབྱུང་ཁམས་ལྟ་ཞིབ་ཚད་ལེན་གྱི་འགག་རྩའི་དམིགས་ཚད་ཅིག་ཀྱང་རེད། ད་ལོ་དར་ཁ་ཕྱེ་བའི་དུས་ཚོད་མངོན་གསལ་གྱིས་སྔ་སྣུར་བྱས་པ་དེས། མཚོ་སྔོན་པོའི་འབབ་རྒྱུད་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ལན་ཆ་བྱེད་པར་ཞིབ་འཇུག་བྱ་རྒྱུར་ཚན་རིག་དང་མཐུན་པའི་གྲངས་གཞི་གསར་པ་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།