ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མི་རིགས་མཐུན་སྒྲིལ་གྱི་དད་པའི་གདན་ས་ཐུབ་བསྟན་རབ་རྒྱས་གླིང་།

སྤེལ་དུས 2026-09-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིན་ཆེན།
        2026ལོའི་ཟླ9པའི་ཚེས20ཉིན།  ཀྲུང་གོའི་བོད་ལྗོངས་དྲ་བའི་བཅར་འདྲི་ཚོ་ཆུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་རྒྱལ་ལམ214བརྒྱུད་ནས་དུས་ཚོད་གསུམ་དང་ཕྱེད་ཀ་ལྷག་བསྐྱོད་རྗེས་འབའ་ལུང་མཐའ་ཆུ་སྡེ་བཞི་ཐུབ་བསྟན་རབ་རྒྱས་གླིང་དུ་འབྱོར་བྱུང་། ཐུབ་བསྟན་རབ་རྒྱས་གླིང་དུ་འབྱོར་བ་ན་ཐོག་མར་མིག་མདུན་དུ་མངོན་ཡོང་བ་ནི་དགོན་པའི་གཞི་ཁྱོན་ཆེ་ལ་བརྗིད་ཆགས་ཀྱི་འཛུགས་སྐྲུན་དང་ཐུན་མོང་མ་ཡིན་པའི་བཟོ་བཀོད་རེད། 

ཐུབ་བསྟན་རབ་རྒྱས་གླིང་གི་གསར་དུ་བཞེངས་པའི་འདུ་ཁང་ཆེན་མོ།
        ཐུབ་བསྟན་རབ་རྒྱས་གླིང་གི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་བཤད་རྒྱུར། ཐུབ་བསྟན་རབ་རྒྱས་གླིང་ནི་ཆིང་ཆན་ལུང་ཁྲི་ལོ་དྲུག་པ(1741ལོར)འབྲི་གུང་སྐྱབས་མགོན་ཉེར་ལྔ་པ་དཀོན་མཆོག་ཁྲི་ལེགས་དོན་འགྲུབ་ཆོས་ཀྱི་རྒྱལ་པོའི་སྐབས་སུ་རང་འབྱུང་སྤྲུལ་སྐུ་སྐུ་ཕྲེང་དང་པོས་ཕྱག་བཏབས་པ་དང་།  རྒྱལ་པོ་སྟེང་གི་ཡུལ་དཔོན་གྱིས་མཐུན་རྐྱེན་སྦྱར།  ཐུབ་བསྟན་རབ་རྒྱས་གླིང་དུ་གྲྭ་བ་ཆེས་མང་དུས167ཟིན་མྱོང་ཡོད་ཅིང་། བདེ་ཆེན་ཁུལ་དུ་ཡོད་པའི་འབྲི་གུང་བཀའ་བརྒྱུད་པའི་དགོན་པ་གཅིག་པུ་ཡིན། ད་ལྟ་ཐུབ་བསྟན་རབ་རྒྱས་གླིང་དུ་སྤྲུལ་སྐུ3སྟེ་རང་འབྱུང་དང་ཡོན་ཏན། ཆོས་གྲགས་བཅས་གསུམ་ལ་ཡང་སྲིད་ངོས་འཛིན་བྱས་ཡོད། དགོན་པར་གྲྭ་བ68ཡོད་པ་དང་། མཁན་པོ6ཡོད། གསར་སྐྲུན་བྱས་པའི་འདུ་ཁང་ཆེན་མོ། སྲུང་མ་ཁང་།  སྒྲོལ་མ་ཕོ་བྲང་སོགས་ཡོད།

དམ་པ་གནས་གྱི་བྲག་ཕུག་ནང་དུ་བཞེངས་ཡོད་པའི་ཕ་དམ་པ་སངས་རྒྱས་ཀྱི་སྐུ་འདྲ།
        དམ་པ་གནས་ལ་ངོ་མཚར་བའི་ངག་རྒྱུན་དང་ཡུན་རིང་གི་ལོ་རྒྱུས་ལྡན། ངག་རྒྱུན་ལྟར་ན་ལོ་དེར་ཕ་དམ་པ་སངས་རྒྱས་རྒྱ་གར་ནས་ཀྲུང་གོར་ཆོས་སྤེལ་དུ་ཕྱིན་ཏེ་འབྲི་ཆུའི་ལྷོ་བྱང་གང་སར་བསྐྱོད་ཀྱང་མཐར་ས་ཆ་དེ་གར་སངས་རྒྱས་ཀྱི་ཐུགས་དགོངས་དང་ཧ་ཅང་མཐུན་པ་མཐོང་རྗེས་རི་རྩེར་འཛེགས་པ་དང་བྲག་ཕུག་ནང་གི་གྱང་ངོས་སུ་སྒོམ་སྒྲུབ་ལོ་བཅུ་བྱས་ནས་ས་འདི་ནས་མྱ་ངན་ལས་འདས་ཤིང་སངས་རྒྱས། ད་བར་བྲག་ཕུག་ནང་ད་དུང་ཕ་དམ་པ་སངས་རྒྱས་ཀྱི་སྐུ་འདྲ་དང་ཞབས་རྗེས་ཀྱི་རྗེས་ཤུལ་ཡོད། བྲག་ཕུག་ནང་གི་མཆོད་རྟེན་ཁྲོད་དུ་ཕ་དམ་པ་སངས་རྒྱས་ཀྱིས་བཀོལ་མྱོང་བའི་སྣོད་ཆས་དང་། ཞྭ་གོས། འཁར་བ་སོགས་ཟུང་འཇུག་བྱས་ཡོད་པས་བྲག་ཕུག་འདིའི་མིང་ལ་དམ་པ་གནས་ཞེས་ཐོགས།

མེ་སྐྱོན་བྱུང་རྗེས་བསྐྱར་སྐྲུན་བྱས་པའི་དམ་པ་གནས།
        ཐུབ་བསྟན་རབ་རྒྱས་གླིང་གི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་བཤད་རྒྱུར། དམ་པ་གནས་ལ2013ལོར་མེ་སྐྱོན་བྱུང་བ་དང་མེ་སྐྱོན་བྱུང་རྗེས་ཏང་དང་རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་དགོན་སྡེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་འཛུགས་སྐྲུན་བྱེད་འགོ་བརྩམས། ད་ལྟ་སྐྲུན་པའི་བཟོ་ལྟ་དེ་ནི་སྔོན་མེར་བསྲེགས་པའི་འཛུགས་སྐྲུན་དང་རྩ་བའི་ཆ་ནས་གཅིག་མཚུངས་ཡིན་པས་གཡང་གཟར་རྒྱུད་དུ་ཤིང་བརྩེགས་ནས་གྲུབ་པ་ཞིག་ཡིན་པ་དང་། དགོན་པར་དེ་སྔོན་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་ནི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཆུ་སྤྱོད་དཀའ་བ་དེ་རེད།  ད་ཆ་ཏང་གི་ཆོས་ལུགས་སྲིད་ཇུས་བཟང་པོའི་དྲིན་གྱིས་འགྲོ་ལམ་ཡངས་སུ་ཕྱིན་པ་མ་ཟད་ད་དུང་ཨར་འདམ་ལམ་བཏིང་ཡོད་ལ། དགོན་པར་སྐྱོད་སའི་འགྲོ་ལམ་མི་འདྲ་བ་གསུམ་ཡོད་པས་ཧ་ཅང་སྟབས་བདེ་པོ་ཡོད། གཞན་ད་དུང་ཆུ་སྤྱོད་རྒྱུ་ཡང་སྟབས་བདེ་རུ་ཕྱིན་ནས་ཆུ་སྒོ་ཕྱེ་མ་ཐག་ཆུ་འཐུང་རྒྱུ་ཡོད། དགོན་པའི་ཆུ་ནི་དམ་པ་གནས་ཀྱི་ཁ་སྤྲོད་ཀྱི་འབའ་བྲོས་གྲོང་ཚོ་ནས་དྲངས་ཡོང་བ་ཞིག་ཡིན་པས་དེ་སྔོན་རྨི་ལམ་དུའང་རྨིས་མི་ཐུབ་པ་ཞིག་རེད།

སྲིད་ཇུས་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་བཞིན་པ།
        འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་འབའ་བྲོས་གྲོང་ཚོའི་གྲོང་མིས་སྔོན་ཆད་ང་ཚོ་འབའ་བྲོས་གྲོང་ཚོ་ནས་དམ་པ་གནས་སུ་མཇལ་སྐོར་ལ་འགྲོ་ན་ཕལ་ཆེར་ཉིན་གསུམ་གྱི་དུས་ཚོད་དགོས། ལམ་སྟབས་མི་བདེ་བས་ལམ་རྒྱགས་ཚང་མ་རང་གིས་འཁུར་དགོས་ལ། ལམ་བར་དུ་གནས་ཚང་རེ་གཡར་ནས་སྡོད་དགོས། དེང་སྐབས་ཏང་གི་སྲིད་ཇུས་ཡག་པོ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་དགོན་པའི་ལམ་ཡངས་ཤིང་བདེ། མཇལ་སྐོར་ལ་འགྲོ་དུས་ཧ་ཅང་སྟབས་བདེ་ཞིང་། ལམ་ཐག་ཀྱང་ཇེ་ཐུང་དུ་སོང་འདུག  རླངས་འཁོར་བསྐོར་ན་དུས་ཚོད་གཅིག་མ་གཏོགས་མི་དགོས། ད་ལྟ་དགོན་པའི་མཐའ་འཁོར་དུ་ཚོང་ཁང་ཡང་ཡོད་པས་ཟ་མ་ཡང་རང་ཉིད་ཀྱིས་འཁྱེར་མི་དགོས་པ་རེད་ཅེས་བཤད།