ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུའི་གཏན་འཁེལ་གནང་བ།
སྤེལ་དུས 2019-09-02
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཟླ་8ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་འདི་ལོའི་ཟླ་10པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུའི་གཏན་འཁེལ་གནང་བ་རེད། ཚོགས་འདུའི་གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་ཞུ་འབུལ་རྒྱུ་དང་དེ་བཞིན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱ་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་ལ་ཞིབ་འཇུག་བྱ་རྒྱུ་རེད། ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་སྲོལ་ཡིག》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་གྱི་གཏན་འབེབས》 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་གྱི་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས(ཚོད་ལྟའི་ལག་བསྟར)》བཅས་ལ་གྲོས་ཞིབ་བྱ་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིག་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་ལས་ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་སྦྲགས། རྒྱལ་ཁབ་ཕྱི་ནང་གི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱས་པ་དང་། རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལག་བསྟར་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུང་སྒོ་ཚང་དུ་བཏང་བ་ལས་ཏང་གི་འགོ་ཁྲིད་དང་དེ་བཞིན་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ། དམག་དོན། ཕྱི་དོན་སོགས་ཕྱོགས་ཁག་གི་ལམ་ལུགས་ཆགས་པ་དང་འབྲེལ་འཕེལ་རྒྱས་ཀྱང་བྱུང་བ་དང་རྒྱལ་ཁབ་བཅོས་སྐྱོང་བྱེད་སྟངས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཅས་བཏང་ནས་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བདེ་འཇགས། རྒྱལ་ཁབ་གཅིག་གྱུར་བཅས་ཆེད་འགན་ལེན་ནུས་ལྡན་བྱས་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70ཡི་རིང་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ། འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་འཕེལ་རྒྱས་དང་ཆབ་སྲིད་བརྟན་ལྷིང་གི་ངོ་མཚར་ཆེ་བའི་བྱས་རྗེས་བཞག་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོར་འགྱུར་ནས་སྟོབས་འབྱོར་ལྡན་པར་འགྱུར་བའི་བར་གྱི་རླབས་ཆེའི་མཆོང་སྐྱོད་བསུས་ཡོད། ལག་ལེན་གྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་། ཀྲུང་གོའི་རིག་གནས་ཀྱི་རྩ་བ་ཟབ་མོ་ལྡན་པ། མི་དམངས་ཀྱི་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་པ་བཅས་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་དེ་གསོན་ཤུགས་ཤིན་ཏུ་ཆེན་པོ་དང་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག མི་འབོར་དུང་ཕྱུར་14ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོའི་ཡར་ཐོན་དང་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་ཐུབ་པ་དང་ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱིས་རླབས་ཆེན་བསྐྱར་དར་འགན་ལེན་ཐུབ་པ་བཅས་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་ཡིན་པའི་ར་འཕྲོད་ཐུབ་ཡོད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། དེང་དུས་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ཞིག་བྱུང་བཞིན་ཡོད་པ་དང་རང་རྒྱལ་འདི་ཉིད་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་འགྲོ་བ་དང་བསྟུན་ནས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་སྟངས་འཛིན་བྱེད་དགོས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་རེ་སྒུག་གསར་པའི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ནས་མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་པར། ངེས་པར་དུ་གལ་ཆེའི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་དང་གསར་གཏོད་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་དེ་ལས་ལྷག་པ་བྱེད་པ། མུ་མཐུད་དཀའ་སྤྱད་འབད་འཐབ་དང་གསར་གཏོད་མདུན་སྐྱོད་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བ་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཏང་གི་སྒྲིག་སྲོལ་རྩ་བའི་གཞི་འཛིན་སར་བྱེད་རྒྱུ་མཐའ་འཁྱོངས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་གཉིས་གཅིག་གྱུར་དམ་ཚགས་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་སྲོལ་ཡིག》སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བཟོ་བཅོས་རྒྱག་རྒྱུ་དང་གཏན་འབེབས་བྱེད་རྒྱུ་ནི་དུས་རབས་གསར་པར་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེ་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་མཐའ་འཁྱོངས་བྱས་པའི་ལག་ལེན་དངོས་ཀྱི་གྲུབ་འབྲས་དང་། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་མངོན་ཡོད།
ཚོགས་འདུའི་ཐོག ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་ལས་དོན་གྱིས་གསར་དུ་བཟོས་བཅོས་བརྒྱབ་པའི《སྲོལ་ཡིག》གཞི་འཛིན་སར་བྱས་ཏེ་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གི་ཕྱོགས་ཁག་ཁྲིམས་སྲོལ་ལམ་ལུགས་དང་མཐུན་སྦྱོར་ཡོང་བ་བྱེད་དགོས། དམའ་རིམ་ཁྲིམས་སྲོལ་ལམ་ལུགས་དང་མཐོ་རིམ་ཁྲིམས་སྲོལ་ལམ་ལུགས་གཉིས་ཕན་ཚུན་འབྲེལ་མཐུད་བྱས་ཏེ་དངོས་ཚན་རང་བཞིན་དང་། གོ་རིམ་རང་བཞིན། འགན་སྲུང་རང་བཞིན་བཅས་ཁྲིམས་སྲོལ་ལམ་ལུགས་དང་མཐུན་པར་བྱེད་དགོས། གསར་དུ་བཟོས་བཅོས་བརྒྱབ་པའི《ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་གྱི་གཏན་འབེབས》ལག་བསྟར་ཏན་ཏིག་བྱས་ཏེ་ཡིག་ཆ་ཡོད་པར་ཐོ་འགོད་དང་། ཐོ་བཀོད་པར་ཞིབ་བཤེར། ནོར་འཁྲུལ་ཡོད་པ་ཡོ་བསྲང་བཅས་མཐའ་འཁྱོངས་བྱས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་ཏང་གི་སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། 《ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་གྱི་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས(ཚོད་ལྟའི་ལག་བསྟར)》དོན་འཁྱོལ་ནན་པོ་བྱས་ཏེ་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་དགོས་ཞེས་ནན་བཤད་བྱས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།