ཝང་ཆི་ཧྲན་གྱིས་ཕེ་རུའི་ཙུང་ཐུང་གཞོན་པ་དང་མཇལ་འཛོམས་གནང་བ།
སྤེལ་དུས 2019-09-03
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་སྤྱི་ཟླ་9པའི་ཚེས་2ཉིན་ཀྲུང་ནན་ཧའེ་རུ་ཕེ་རུའི་ཙུང་ཐུང་གཞོན་པ་ཨ་ལའོ་སི་དང་མཇལ་འཛོམས་གནང་ཡོད།
ཝང་ཆི་ཧྲན་གྱིས་སྐུ་མཁྱེན་མ་ཨ་ལའོ་སི་ཀྲུང་གོར་པེ་ཅིན་འཛམ་གླིང་སྐྱེ་ཚལ་དངོས་མང་འགྲེམས་ཚོགས་རྒྱལ་སྤྱིའི་ཞོག་ཁོག་ལྟེ་གནས་ཀྱི་གཟི་བརྗིད་ཉིན་མོའི་བྱེད་སྒོར་ཞུགས་པར་དགའ་བསུ་ཞུས་གནང་བ་དང་། ཁོང་གིས། ཉེ་བའི་ལོའི་ནང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་སྣེ་ཁྲིད་འོག ཀྲུང་གོ་དང་ཕེ་རུའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གོང་འཕེལ་ཡག་པོ་བྱུང་བ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་མཐོ་ཚད་མཐོ་པོའི་ཐོག་འཁོར་སྐྱོད་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོ་གསར་པར་ལོ་ངོ་70རིང་ཀུན་གྱིས་མཐོང་བའི་འགྱུར་ལྡོག་བྱུང་ཞིང་། མི་དམངས་ཀྱི་འཚོ་བ་ཡང་ལྟོ་གོས་གཉིས་མི་འདང་བ་ནས་སྒོ་ཀུན་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད། མི་འབོར་དུང་ཕྱུར་14ཙམ་གྱི་ཟས་གོས་འགྲོ་སྡོད་བཞིའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རང་ཡང་མིའི་རིགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཡིན། ཀྲུང་གོའི་ཕྱོགས་ནས་ཕེ་རུ་ཕྱོགས་དང་སྤྱི་ལོ་2021ལོར་ཀྲུང་གོ་དང་ཕེ་རུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བྱས་ཏེ། ཤེས་རྟོགས་གཏིང་ཟབ་དང་འགྲོ་འོང་དམ་ཟབ། ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་བ། མཉམ་ལས་གཏིང་ཟབ་བྱེད་པ་བཅས་ཟམ་མི་ཆད་པར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བང་རིམ་དེ་བས་མཐོ་བའི་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
ཨ་ལའོ་སིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། དཔལ་འབྱོར་ཉོ་ཚོང་དང་མ་འཇོག ཞིང་ལས། དབུལ་སྐྱོར། ཚན་རྩལ། སློབ་གསོ། རིག་གནས། ཁུང་ཙི་སློབ་གླིང་སོགས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕེ་རུ་དང་ཀྲུང་གོའི་འབྲེལ་བ་སྔར་བས་དམ་ཟབ་དང་མཛའ་གྲོགས། གཏིང་ཟབ་ལ་རྒྱང་རིང་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད་པ་རེད།