ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་ཟུར་པ་མུ་ཅ་པེ་སྐུ་གཤེགས་པར་ཙམ་པབ་ཝེའི་ཙུང་ཐུང་མུ་ནན་ཅ་གུ་ཝར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ།
སྤེལ་དུས 2019-09-09
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
སྤྱི་ཟླ་༩པའི་ཚེས་༧ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙམ་པབ་ཝེའི་ཙུང་ཐུང་ཟུར་པ་མུ་ཅ་པེ་སྟབས་མི་ལེགས་པར་སྐུ་གཤེགས་པར་ཙམ་པབ་ཝེའི་ཙུང་ཐུང་མུ་ནན་ཅ་གུ་ཝར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་གནང་བ་མ་ཟད་སྐུ་སྒེར་གྱི་མིང་ཐོག་ནས་ཙུང་ཐུང་ཟུར་པ་མུ་ཅ་པེ་སྐུ་གཤེགས་པར་སྐྱོ་གདུང་ཟབ་མོས་མྱ་ངན་ཞུས་གནང་བ་དང་། ཙམ་པབ་ཝེ་སྲིད་གཞུང་དང་མི་དམངས་དེ་བཞིན་སྐུ་ཞབས་མུ་ཅ་པེའི་གཉེན་ཉེར་ལྷག་བསམ་རྣམ་དག་ངང་ཐུགས་གསོའི་འཚམས་འདྲི་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། སྐུ་ཞབས་མུ་ཅ་པེ་ནི་ཙམ་པབ་ཝེ་དང་ཨ་ཧྥེ་རི་ཁ་གླིང་གི་ཕུལ་དུ་བྱུང་བའི་ཆབ་སྲིད་མཁས་པ་དང་མི་རིགས་བཅིངས་འགྲོལ་ལས་འགུལ་གྱི་འགོ་ཁྲིད་པ་ཡིན་ཞིང་། སྐུ་འཚོ་བཞུགས་སྐབས་ཀྲུང་གོར་འཚམས་འདྲི་ཐེངས་མང་གནང་མྱོང་ཞིང་། ཀྲུང་གོ་དང་ཙམ་པབ་ཝེ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་གནང་ཡོད། ཁོང་སྐུ་གཤེགས་པ་ནི་ཙམ་པབ་ཝེ་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཡིན་ལ། ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་ཡག་པོ་ཞིག་མེད་པར་གྱུར་ཡོད། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཙམ་པབ་ཝེའི་སྤུན་ཟླ་ལྟ་བུའི་སྲོལ་རྒྱུན་མཛའ་གྲོགས་ལ་གཅེས་འཛིན་བྱེད་ཀྱི་ཡོད། ཙམ་པབ་ཝེ་སྲིད་གཞུང་དང་མི་དམངས་མཉམ་དུ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་མུ་མཐུད་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཙམ་པབ་ཝེའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།