ནང་དོན་གནད་བསྡུས། ཆེད་དམིགས་བསྐྱར་སྦྱོང་བྱེད་མཁན་གྱི་སྣེ་ཁྲིད་པ་ནི་དགེ་རྒན་ཡིན་པས་དགེ་རྒན་གྱིས་བསྐྱར་སྦྱོང་བྱས་ཟིན་པའི་ནང་དོན་ལ་ཕྱིར་དྲན་དང་ལོ་རེའི་རེའི་མཐོ་རྒྱུགས་ཁྲོད་དུ་བྱུང་བའི་གནད་ལ་དབྱེ་ཞིབ་བྱས་ཏེ་རྨང་གཞི་ཤེས་བྱ་དང་སྦྱར་ནས་ནང་དོན་འཐུས་ཚང་ཅན་དུ་གཏོང་རྒྱུ་ནི་གལ་ཆེན་ཡིན། དེ་བས་ཆེད་དམིགས་བསྐྱར་སྦྱོང་བྱེད་པར་དགེ་རྒན་གྱིས་མཐོ་རྒྱུགས་རྒྱུགས་གཞིའི་ཕྱོགས་ཀྱི་རྒྱུ་ཆ་འཚོལ་སྡུད་བྱེད་པ། སློབ་མས་ནང་དོན་དེ་དག་ལ་སྦྱོང་བརྡར་བྱེད་པ། རྒྱུགས་གཞི་ཡིས་སློབ་མས་ཆུ་ཚད་འཇལ་བ། དགེ་རྒན་གྱིས་དཔྱད་འཇོག་བྱེད་པ་བཅས་ཡིན།
བརྡ་ཆད་གཙོ་བོ། ཆེད་དམིགས་བསྐྱར་སྦྱོང་། རྒྱུ་ཆ་འཚོལ་སྡུད།
མཐོ་རྒྱུགས་ཐོན་ལ་ཉེ་བའི་སྐབས་འདིར་བསྐྱར་སྦྱོང་གི་གྲུབ་འབྲས་བཟང་ངན་དེ་བསྐྱར་སྦྱོང་གི་བྱེད་ཐབས་ལ་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད་ཤེས་བྱའི་སྒྲོམ་གཞི་ལྟར་དབྱེ་ཞིབ་བྱས་ཏེ་ཆོས་ཉིད་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས་གོ་བ་ལེན་ཐུབ་མིན་ལ་རག་ལས་ཡོད། ཤེས་བྱའི་སྒྲོམ་གཞི་དེ་ཕྱོགས་བསྡུས་བྱེད་པར་དགེ་རྒན་གྱིས་སྣེ་ཁྲིད་བྱས་ཏེ་ཆེད་དམིགས་བསྐྱར་སྦྱོང་གི་ཕྱོགས་ལ་མཛུབ་སྟོན་གང་ལེགས་བྱེད་རྒྱུ་ནི་སྐབས་འདིའི་སློབ་ཁྲིད་ཀྱི་མཆོག་ཡིན་པ་ལས་གཞན་མཐོ་རྒྱུགས་ཀྱི་སྐར་གྲངས་ཇེ་མཐོར་གཏོང་བའི་རྒྱུ་གཙོ་བོ་ཞིག་ཀྱང་ཡིན་པར་འདོད། དེ་ལས་ལྡོག་སྟེ་སློབ་མར་གང་དུ་དཔེ་ཆ་ལྟ་རུ་བཅུག་ན་གཙོ་དཀའ་གནད་འབུར་དུ་ཐོན་མི་ཐུབ་ལ་མཉམ་འཇོག་བྱེད་དགོས་ས་གང་ཡིན་པའང་ཤེས་མི་ཐུབ། དེ་བས་ཆེད་དམིགས་བསྐྱར་སྦྱོང་བྱེད་པར་དགེ་རྒན་གྱིས་མཐོ་རྒྱུགས་རྒྱུགས་གཞིའི་ཕྱོགས་ཀྱི་རྒྱུ་ཆ་འཚོལ་སྡུད་བྱེད་པ། སློབ་མས་ནང་དོན་དེ་དག་ལ་སྦྱོང་བརྡར་བྱེད་པ། རྒྱུགས་གཞི་ཡིས་སློབ་མས་ཆུ་ཚད་འཇལ་བ། དགེ་རྒན་གྱིས་དཔྱད་འཇོག་བྱེད་པ་བཅས་ཡིན།
གཅིག དགེ་རྒན་གྱིས་ཆེད་དམིགས་རྒྱུ་ཆ་འཚོལ་སྡུད་བྱེད་པར་ཤུགས་སྣོན་པ།
ལོ་རེ་རེའི་མཐོ་རྒྱུགས་ཐོན་ལ་ཉེ་བའི་སྐབས་འདིར་ཆེད་དམིགས་བསྐྱར་སྦྱོང་བྱེད་མཁན་གྱི་སྣེ་ཁྲིད་པ་ནི་དགེ་རྒན་ཡིན་པས་དགེ་རྒན་གྱིས་བསྐྱར་སྦྱོང་བྱས་ཟིན་པའི་ནང་དོན་ལ་ཕྱིར་དྲན་དང་ལོ་རེའི་རེའི་མཐོ་རྒྱུགས་ཁྲོད་དུ་བྱུང་བའི་གནད་ལ་དབྱེ་ཞིབ་བྱས་ཏེ་རྨང་གཞི་ཤེས་བྱ་དང་སྦྱར་ནས་ནང་དོན་འཐུས་ཚང་ཅན་དུ་གཏོང་རྒྱུ་ནི་གལ་ཆེན་ཡིན། "ཤེས་བྱ་མང་པོ་ཞིག་ང་ཚོའི་ཁོ་ར་ཁོར་ཡུག་ན་ཡོད་མོད། གལ་ཏེ་ང་ཚོ་ལ་དེ་དང་འབྲེལ་བའི་རྨང་གཞིའི་ཤེས་བྱ་མེད་ན་ཅི་ཡིན་འདི་ཡིན་གྱི་ཚོད་དཔག་ཅིག་བྱ་མི་ཐུབ། དེ་མ་ཐུབ་པའི་འབྲས་བུ་ནི་མཐོང་ཡོད་ནའང་མྱོང་མི་ཐུབ་པ་ཞིག་ཏུ་འགྱུར་ངེས་པ་དེ་ལྟ་བུ་ཞིག་ཡིན"(1)ཞེས་པ་ལས་རྨང་གཞིའི་ཤེས་བྱ་གཙོ་བོ་ཡིན་ཚུལ་དང་དེ་ལ་དབྱེ་ཞིབ་ནན་མོ་བྱས་ཏེ་ཆོས་ཉིད་དང་མ་ལག་ཆ་ཚང་ཞིག་རྟོགས་དགོས་པ་ཤུགས་སུ་བསྟན་ཡོད། དེ་བས་དགེ་རྒན་གྱིས་ཆེད་དམིགས་བསྐྱར་སྦྱོང་བྱེད་པར་རྨང་གཞིའི་ཤེས་བྱ་དང་འབྲེལ་ཡོད་ནང་དོན་ཟུང་དུ་འབྲེལ་ནས་བསྡུ་སྒྲིག་བྱེད་པར་གཤམ་གྱི་ཕྱོགས་འགའ་ཡོད།
1. ཤེས་བྱའི་སྒྲོམ་གཞི་འཛུགས་པར་ཤུགས་སྣོན་བྱེད་པ།
མཐོ་འབྲིང་སྐབས་ཀྱི་ངེས་སྦྱོང་དང་འདེམས་སྦྱོང་གི་དེབ། ད་དུང་ཕྱོགས་བསྡུས་བསྐྱར་སྦྱོང་སོགས་ཀྱི་ནང་དོན་ལ་དབྱེ་ཞིབ་མང་པོ་བརྒྱུད་མཐར་བསླབ་དེབ་སོ་སོ་དང་ཤོག་ངོས་རེ་རེ་ལྟར་བསྐྱར་སྦྱོང་གི་ནང་དོན་གཏན་ཁེལ་མི་བྱེད་པར་དེ་དག་ལས་ཤེས་བྱ་ལ་རིགས་དབྱེ་ནས་ནང་དོན་ལྟར་སྒྲོམ་གཞི་ཞིག་འཛུགས་དགོས་ལ་སྒྲོམ་གཞི་དེ་འཛུགས་པར《རྒྱུགས་ལེན་རྩ་གནད》དང《བསླབ་ཚན་ཚད་གཞི》གཞིར་བཟུང་ནས་ཤེས་བྱའི་སྒྲོམ་གཞི་ཞིག་ཆགས་སུ་འཇུག་རྒྱུ་གལ་ཆེ། དེ་ལྟར་རིགས་དབྱེ་བྱས་ནས་སྒྲོམ་གཞི་འཛུགས་པར་དགེ་རྒན་གྱིས་དུས་ཚོད་མང་པོ་ཞིག་བཀོལ་དགོས་ལ་དེའི་སྐོར་ཀྱི་རྒྱུ་ཆ་གང་མང་ཞིག་ལ་དབྱེ་ཞིབ་བྱས་ནས་མཐོ་རྒྱུགས་རྒྱུགས་གཞིའི་ཁ་ཕྱོགས་ལྟར་ཕྱོགས་བསྡུས་བྱས་ན་སློབ་མས་སྐར་འབྲས་ཇེ་མཐོར་འགྲོ་བར་ཕན་ཐོགས་མི་དམན་པ་ཞིག་ཡོད་པས་མཐོ་གསུམ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་རྣམས་ཀྱིས་དུས་ཚོད་དམ་འཛིན་བྱས་ཏེ་ཤེས་བྱའི་སྒྲོམ་གཞི་བཙུགས་ན་སློབ་མའི་བློ་སྒོ་འབྱེད་པར་ཕན་ཐོགས་ཆེ་ལ་བསྐྱར་སྦྱོང་བྱེད་པར་སྤྲོ་བ་རྒྱས་ཐུབ།
2. ཤེས་བྱའི་ཆོས་ཉིད་ལ་ཕྱོགས་བསྡོམས་བྱེད་པར་གཙོ་བོ་འཛིན་པ།
ཆེད་དམིགས་བསྐྱར་སྦྱོང་བྱེད་པའི་སྐབས་སུ་ཤེས་བྱའི་སྒྲོམ་གཞི་ཇུས་འགོད་བྱས་ཡོད་པ་དེ་ལ་བརྟེན་ནས་གཅིག་ཤེས་ཀུན་གྲོལ་བྱས་ཆོག་པའི་ནང་དོན་དག་ལོགས་སུ་དགར་ནས་དེ་དག་རེ་རེའི་ཆོས་ཉིད་བཀོལ་སྟངས་གསལ་བོར་རྟོགས་དགོས། ཆོས་ཉིད་ཕྱོགས་བསྡོམས་བྱེད་སྐབས་སྔོན་ལ་བསླབས་ཟིན་པའི་ནང་དོན་དང་འབྲེལ་ཡོད་དཔྱད་གཞིའི་ཤེས་བྱ་ལས་ཆད་ལྷག་ཁ་གསབ་བྱེད་རྒྱུ་མ་ཟད་ནང་དོན་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་ཧ་ཅང་གལ་ཆེ། དེ་ལྟར་གྲ་སྒྲིག་གང་ལེགས་བྱས་ཏེ་སློབ་ཁྲིད་བྱས་ན་སློབ་མས་སློབ་ཁྲིད་ལ་ཉན་སྤྲོ་བ་མ་ཟད་ནང་དོན་དེའི་གནད་ཀྱང་གོ་ཐུབ་པས་སྐར་འབྲས་ཇེ་མཐོར་འགྲོ་བར་ཕན་ཐོགས་ཆེན་པོ་ལྡན།
3. ཤེས་བྱའི་ནང་དོན་བསྡུར་བ་བྱེད་པའི་ཐབས་ཤེས་གཙོ་བོར་འཛིན་པ།
ནང་དོན་གཅིག་ལ་དམིགས་ནས་ཆེད་དམིགས་བསྐྱར་སྦྱོང་བྱེད་སྐབས་ཕན་ཚུན་བསྡུར་བའི་ཐབས་བཀོལ་ནས་གོ་བ་ལེན་རྒྱུ་ཧ་ཅང་གལ་ཆེ། ནང་དོན་འདིར་ཆེད་དམིགས་བསྐྱར་སྦྱོང་བྱེད་སྐབས་ཆེས་ཚད་ལྡན་ཡིན་པའི་ཟུར་ལྟའི་དཔྱད་གཞི་ལ་ཟུར་ལྟ་བྱས་ཤིང་རྨང་གཞིའི་ཤེས་བྱ་ལ་གཞི་བཅོལ་ནས་རེའུ་མིག་གི་ལམ་ཏུ་ཕན་ཚུན་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ཇུས་འགོད་བྱེད་པ། བསླབ་དེབ་སོ་སོའི་དཀར་ཆག་ལས་ནང་དོན་འདྲ་བ་དག་ལོགས་སུ་དགར་ནས་ཞིབ་བསྡུར་བྱེད་རྒྱུ་དང་ཡང་ན་བསླབ་ཚན་ཁག་གི་དགེ་རྒན་དག་མཉམ་དུ་འདུས་ནས་ནང་དོན་ལ་གྲོས་བསྡུར་དབྱེ་ཞིབ་བྱས་པ་རྒྱུད་དེ་ནང་དོན་གཅིག་གི་སྟེང་ནས་ཤེས་བྱ་རྒྱ་བསྐྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་ལ་དགེ་རྒན་རང་གི་རྩལ་ནུས་བཀོལ་ནས་ནང་དོན་ཇུས་འགོད་དང་ཆེད་དམིགས་བསྐྱར་སྦྱོང་བྱེད་སྐབས་དགེ་རྒན་གྱིས་གཟབ་ནན་བྱེད་དགོས། "ལས་གང་ཞིག་གདམ་ག་བཏང་བའམ་སྒྲུབ་ཁུར་བླངས་བ་ཡིན་ན་ངེས་པར་སྟོབས་ཡོད་དགུ་འདོན་དགོས། འབད་པ་མཐའ་འཁྱོངས་བྱེད་ནུས་ཚེ་དཀའ་ངལ་གང་གིས་ཀྱང་ནོན་པ་མེད་དེ་ལས་དོན་བདེ་བླག་ཏུ་འགྲུབ་སླ་བ་ཡིན"(2) ཞེས་པ་ལེགས་འགྲུབ་བྱུང་མིན་རྟོགས་ཐུབ།
གཉིས། སློབ་མས་ཤེས་བྱ་ལ་སྦྱོང་བརྡར་བྱེད་རྒྱུ་གཙིགས་ཆེན་དུ་འཛིན་དགོས།
མཐོ་རྒྱུགས་ཐོན་ལ་ཉེ་བའི་སྐབས་ཀྱི་དགེ་རྒན་གྱི་སློབ་ཁྲིད་ནི་དུས་རྒྱུན་གྱི་སློབ་ཁྲིད་དང་མི་འདྲ་བར་ཆེད་དམིགས་ཀྱི་བསྐྱར་སྦྱོང་བྱེད་སྐབས་སློབ་མས་བློ་སེམས་རྩེ་གཅིག་ཏུ་བསྒྲིམས་ནས་སློབ་ཁྲིད་ལ་ཉན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན། དེ་ལྟར་མ་བྱས་པར་ལེ་ལོ་དང་རྣམ་གཡེང་གི་དབང་དུ་སོང་ན་རང་རང་གི་བགེགས་བར་ཆད་ཅི་ལ་མིན། སྐབས་འདིར་ནང་བསམ་པ་དང་ཕྱི་དངོས་པོའི་ཕྱོགས་ནས་ཆེད་དམིགས་བསྐྱར་སྦྱོང་ལ་དོ་སྣང་བྱེད་དགོས།
1.བློ་རིག་རྩེ་གཅིག་ཏུ་སྒྲིམས་པ།
དགེ་རྒན་གྱིས་ནང་དོན་གཅིག་ལ་དམིགས་ནས་ཕྱོགས་བསྡུས་བསྐྱར་སྦྱོང་བྱེད་སྐབས་སློབ་ཁྲིད་ལ་ནན་ཏན་གྱིས་ཉན་རྒྱུ་ནི་ཤེས་བྱ་རང་རྒྱུད་ལ་འབྱོར་བའི་གོ་སྐབས་བཟང་པོ་ཞིག་ཡིན་ལ་དེ་ལས་ལྡོག་ན་གསེར་ལས་ལྷག་པའི་དུས་ཚོད་ཆུད་ཟོས་སུ་བཏང་བ་མ་ཟད་དགེ་རྒན་གྱི་སློབ་ཁྲིད་དེའང་ངལ་བ་འབྲས་མེད་དུ་གྱུར། དེ་ལ"སློབ་སྦྱོང་གི་སྐབས་ལ་དགའ་རྩེད་དྲན་རྒྱུ་དང་དགའ་རྩེད་ཀྱི་སྐབས་ལ་སློབ་རྗེས་མི་ཆོད་པར་ཞེད་པ་དེ་གཏན་ནས་མི་རུང། གལ་སྲིད་སྒྲུབ་པའི་ལས་ལ་བློ་གཅིག་སེམས་གཅིག་མིན་ཚེ། ལས་ལས་བཅོས་བཅོས་མཐའ་དག་ངལ་བ་འབྲས་མེད་ཡིན་ལ། ལེ་ལོ་རྣམ་གཡེང་གི་དབང་དུ་སོང་བ་ཡིན་ན་ཉིན་གང་མཚན་གང་དཔེ་ཁྲིད་བསྡད་ཀྱང་། དེ་ནི་ཁ་གཡེང་མིག་གཡེང་དུ་སྡོད་པ་ཙམ་སྟེ། དུས་ཚོད་འཕྲོ་བརླག་བཏང་བ་དང་ལྷན་དུ་ཕ་མའང་མགོ་གཡོགས་མགོ་སྐོར་བྱས་པ་ལས་མ་འདས"(3)ཞེས་པས་གསལ་བོར་རྟོགས་ཐུབ། སློབ་མས་སློབ་ཁྲིད་ལ་གཟབ་ནན་གྱིས་ཉན་པར་ཡིད་འཇོག་བྱེད་དགོས་ས་ནི་སློབ་ཁང་གི་མཇུག་ཏུ་བསྡད་ཡོད་པའི་སློབ་མ་དག་སྔོན་ལ་འཚང་ནས་ཆེད་དམིགས་བསྐྱར་སྦྱོང་ལ་ནན་ཏན་གྱིས་ཉན་དགོས་པ་དང་གཅིག སློབ་ཁྲིད་སྐབས་སུ་གཉིད་ཡོང་བའི་སློབ་མ་དག་རང་འགུལ་གྱིས་ཡར་ལངས་ནས་ཆེད་དམིགས་བསྐྱར་སྦྱོང་ལ་ནན་ཏན་གྱིས་ཉན་དགོས་པ་དང་གཉིས། ཉིན་རེའི་ལས་རེས་པས་སྒོ་སམ་སྔ་མོ་ནས་གཙང་མར་ཕྱི་དགོས་པ་དང་ཚོན་མདོག་ཅན་གྱི་ས་སྨྱུག་གྲ་སྒྲིག་བྱས་ནས་ཁྲིད་སྟེགས་སུ་འཇོག་དགོས་པ་དང་གསུམ། ཚ་ངར་ཆེ་བའི་སློབ་ཁྲིད་སྐབས་སུ་སློབ་ཁང་གི་སྒེའུ་ཁུང་ཕྱེ་དགོས་པ་དང་རང་ཉིད་ཀྱི་གོན་པ་ཇེ་སྲབ་ཏུ་བཏང་ནས་རྣམ་རིག་ཇེ་གསལ་དུ་གཏོང་དགོས་པ་དང་བཞི། བྱ་བ་གང་ལ་འཕྲད་ཀྱང་གནང་བ་མི་ཞུ་བ་དང་ལྔ་བཅས་སོ།། འདི་ལྟར་ཆེད་དམིགས་བསྐྱར་སྦྱོང་གི་ནང་དོན་རེ་རེ་ལ་ནན་གྱིས་ཉན་དགོས་ལ་གོ་བ་ལེན་མ་ཐུབ་པ་དག་སྐབས་ཐོག་དེར་དགེ་རྒན་ལ་དྲི་བ་དྲིས་ནས་ཤེས་སུ་བཅུག་ན་སྔོན་ལ་རྟོགས་མེད་པ་ཁ་གསབ་བྱེད་ཐུབ།
2. སློབ་སྦྱོང་ལ་མཁོ་བའི་ཡོ་ཆས་གྲ་སྒྲིག་བྱེད་པ།
དགེ་རྒན་གྱིས་ཆེད་དམིགས་བསྐྱར་སྦྱོང་བྱེད་པའི་ནང་དོན་དག་ནི་མཐོ་རྒྱུགས་རྒྱུགས་གཞིའི་ནང་དོན་དང་འབྲེལ་བ་དམ་ཟབ་ཡོད་པས་སློབ་མས་ནན་གྱིས་ཉན་དགོས་པ་མ་ཟད་ཡིད་ལ་དམ་པོར་འཛིན་དགོས་པ། ནང་དོན་དེ་དག་འབྲི་སའི་ཟིན་བྲིས་དང་སྨྱུ་གུའང་གྲ་སྒྲིག་བྱེད་དགོས། བསླབ་གཞི་རེ་རེ་ཡི་ནང་དོན་འབྲི་སའི་ཟིན་བྲིས་གྲལ་དག་ཅིག་བཀོད་སྒྲིག་བྱེད་དགོས་པ་དང་ཚོན་མདོག་མི་གཅིག་པའི་སྨྱུ་གུ་རིགས་གསུམ་གྱིས་ཟིན་འགོད་བྱས་ན་འགྲིག་སྙམ། དམར་པོ་ཡིས་ཁ་བྱང་འབྲི་བ་དང་ནག་པོ་ཡིས་ནང་དོན་འབྲི་བ། སྔོན་པོ་ཡིས་གུག་རྟགས་འཇོག་སར་གུག་རྟགས་དང་ཁ་གསབ་བྱེད་དགོས་པའི་ནང་དོན། མཉམ་འཇོག་བྱེད་དགོས་སའི་ནང་དོན་དག་བྲིས་ན་སྟབས་བདེ་བ་ཡིན་པ་མ་ཟད་ནང་དོན་རེ་རེ་མིག་ལམ་དུ་གསལ་བོར་མངོན་ཐུབ་པས་སློབ་སྦྱོང་བྱེད་པའི་དུས་ཚོད་འཕྲོ་བརླག་ཏུ་གཏོང་མི་སྲིད། ད་དུང་ཟུར་ལྟའི་དཔྱད་གཞི་ལ་བསྐྱར་སྦྱོང་བྱེད་སྐབས་ནང་དོན་ལྟར་དབྱེ་ནས་རེ་རེའི་མཚམས་སུ་ཚོན་མདོག་ཅན་གྱི་ཤོག་བུ་སྦྱར་ནས་དབྱེ་མཚམས་འབྱེད་ན་སློབ་མས་ལྟ་བདེ་བ་ཡིན།
3.མཐོ་རྒྱུགས་ལ་མཁོ་བའི་རྒྱུ་ཆ་འཚོལ་སྡུད་བྱེད་པ།
དུས་རྒྱུན་དུ་སློབ་ཁྲིད་བྱེད་བཞིན་པའི་བསླབ་དེབ་དང་ཟུར་ལྟའི་དཔྱད་གཞི། ད་དུང་ཟིན་བྲིས་གསུམ་ནི་ཤེས་བྱ་གསོག་ཉར་བྱེད་སའི་ཐོན་ཁུངས་གཙོ་བོ་ཡིན་ལ་དེ་ལས་རིགས་གཞན་པའི་ཆེད་དམིགས་བསྐྱར་སྦྱོང་གི་རྒྱུ་ཆ་འཚོལ་སྟངས་རིགས་འགའ་ཡོད་པ་ནི། ①རང་ལ་མེད་པའི་རྒྱུ་ཆ་དེ་སྔོན་ལ་མཐར་ཕྱིན་པའི་སློབ་མ་བརྒྱུད་ནས་འཚོལ་བ། ②འཛིན་གྲྭ་ཕན་ཚུན་དང་སློབ་གྲོགས་ཕན་ཚུན་བརྒྱུད་ནས་འཚོལ་བ། ③དྲ་ལམ་བརྒྱུད་ནས་་ཆེད་དམིགས་ནང་དོན་འཚོལ་སྡུད་བྱེད་པ། ④མཐོ་གསུམ་ལ་ལོ་མང་པོར་ཁྲིད་མྱོང་བའི་དགེ་རྒན་བརྒྱུད་ནས་རྒྱུ་ཆ་འཚོལ་སྡུད་བྱེད་པ། ⑤དཔེ་ཚོང་ཁང་བརྒྱུད་ནས་རྒྱུ་ཆ་འཚོལ་སྡུད་བྱེད་པ་སོགས་ཡིན།
གསུམ། རྒྱུགས་གཞི་ཡིས་སློབ་མའི་ཆུ་ཚད་འཇལ་བར་ཤུགས་སྣོན་པ།
ཆེད་དམིགས་བསྐྱར་སྦྱོང་བྱེད་པའི་སྐབས་འདིར་རིམ་པ་གསུམ་པའི་བསྐྱར་སྦྱོང་གི་ཚད་ཐིག་ལ་ཐོན་ཡོད་པས་རྒྱུགས་གཞི་སྣ་མང་བླངས་ནས་སློབ་མའི་ཆུ་འཇལ་བ་དང་ནོར་བ་ཡོ་བསྲང་། ཆད་ལྷག་ཁ་གསབ་བྱེད་དགོས།
(1)བློ་རྒྱུགས་སྐོར།
ཆེད་དམིགས་བསྐྱར་སྦྱོང་གི་ནང་དོན་ཡིད་ལ་གསལ་བོར་འཛིན་ཆེད་དགེ་རྒན་གྱི་མདུན་ནས་བློ་རྒྱུགས་སྤྲོད་པ་དང་ཡང་སློབ་གྲོགས་ཕན་ཚུན་བར་ནས་བློར་འཛིན་རེས་བྱས་ཏེ་ནང་དོན་ལ་བྱང་ཆ་ལྡན་དུ་འཇུག་དགོས། དེ་ལྟར་མ་བྱས་ན་རྒྱུགས་ཤོག་སྟེང་དུ་ནང་དོན་ཆ་ཚང་ཞིག་འབྲི་མི་ཐུབ། དེ་ལ"མི་རྣམས་ཀྱིས་བྱ་བ་ཟེར་བ་ཞིག་མཐོང་མྱོང་མེད་ན། འཕུར་ཟེར་བ་གོ་བ་མི་ཆགས་ཤིང་དངོས་ཡོད་ཀྱི་གཞི་འཛིན་ས་མེད་པའི་དྲན་ཤེས་ཟེར་བ་ཞིག་མེད"(4) ཞེས་པས་བསྟན་འདུག
(2)ཚོད་རྒྱུགས་ལེན་པ།
ཚོད་ལྟའི་རྒྱུགས་གཞིའི་ནང་དུ་མཐོ་འབྲིང་ལོ་ངོ་གསུམ་རིང་གི་ཤེས་བྱ་སྣ་མང་འདུས་ཡོད་ལ་མཐོ་རྒྱུགས་རྒྱུགས་གཞི་དང་ཐག་ཉེ་བའི་ནང་དོན་ཅུང་མང་བ་ཡིན། རྒྱུགས་གཞི་རེ་རེ་བླངས་རྗེས་དེ་ལ་དབྱེ་ཞིབ་ནན་མོ་བྱས་ཏེ་ཤེས་ཐུབ་མེད་པའི་ནང་དོན་གང་དག་ཡིན་པ་ལོགས་སུ་དགར་ནས་ཆེད་དུ་དམིགས་ནས་བསྐྱར་སྦྱོང་ནན་མོ་བྱས་ན་ཐེངས་རྗེས་མའི་སྐར་གྲངས་ཇེ་མཐོར་འགྲོ་ཐུབ།
(3)རྒྱུགས་ཆུང་ལེན་པ།
ཆེད་དམིགས་བསྐྱར་སྦྱོང་གི་ནང་དོན་དག་རང་ཉིད་ཀྱིས་རང་ཉིད་ལ་རྒྱུགས་ཤོག་ལས་པ་དང་སློབ་གྲོགས་ཕན་ཚུན་བར་ལ་རྒྱུགས་ཤོག་ལས་ནས་རྒྱུགས་བླངས་ན་ཡིད་འཛིན་ནུས་པ་ཇེ་གསལ་དང་རྨང་གཞི་ཇེ་བརྟན། མཉམ་འཇོག་བྱེད་དགོས་ས་ཇེ་མང་དུ་གྱུར་ནས་ཆེད་དམིགས་བསྐྱར་སྦྱོང་དེ་འཐུས་ཚང་ཅན་དུ་འགྲོ་བ་མ་ཟད་སྐར་འབྲས་ཇེ་མཐོ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད།
ཆེད་དམིགས་བསྐྱར་སྦྱོང་བྱེད་སྐབས་ནང་དོན་ཅུང་མང་བས་དུས་ཚོད་རིང་བོ་ཞིག་དགོས་པ་མ་ཟད་སློབ་མའི་བློ་རྩེ་གཅིག་ཏུ་བསྒྲིམ་ཆེད་ལྷིང་འཇགས་ཀྱི་ཁོར་ཡུག་ནི་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་ཡིན། དེ་བས་ཆེད་དམིགས་བསྐྱར་སྦྱོང་བྱེད་པའི་སྐབས་འཛིན་གྲྭའི་ནང་ཁུལ་ནས་བྱ་འགུལ་མ་སྤེལ་ན་བཟང་ན་སློབ་གྲྭའི་ནང་ཁུལ་གྱི་བྱ་བ་གཞན་ལའང་མ་ཞུགས་ན་འགྲིག ཁྱིམ་ཚང་གི་ཕྱོགས་ནས་དོན་དག་ཅི་བྱུང་བ་སློབ་མར་མ་བཤད་ན་བཟང་།
བཞི། དགེ་རྒན་གྱིས་དཔྱད་འཇོག་སྐུལ་འདེད་བྱེད་པར་ཤུགས་སྣོན་བྱེད་པ།
མཐོ་རྒྱུགས་ཐོན་ལ་ཉེ་བའི་སྐབས་འདིར་སློབ་སྦྱོང་གི་གནོན་ཤུགས་ཆེ་བའི་དབང་གིས་སློབ་མའི་སེམས་ཁམས་ནི་རྒྱུན་ལྡན་དང་མིན་པར་འགྱུར་ལྡོག་ཆེ་བ་རེད། དེ་བས་སྐར་གྲངས་ཀྱིས་རྗེས་ནས་འདེད་པའི་སྐབས་འདིར་དགེ་རྒན་གྱིས་སློབ་མར་སེམས་གསོའི་སྐུལ་སློང་དང་དཔྱད་འཇོག་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན། ཚོད་རྒྱུགས་རེ་རེ་བླངས་རྗེས་སློབ་མ་རེ་རེའི་སྐར་གྲངས་ལ་དབྱེ་ཞིབ་ནན་མོ་བྱེད་དགོས་པ་མ་ཟད་སློབ་མའི་ཡིག་གཟུགས་དང་འབྲི་སྟངས། ནང་དོན་གང་དག་ལ་བྱང་ཆ་ལྡན་པ་དང་གང་དག་ཤེས་ཀྱིན་མེད་པ་སོགས་ལ་བརྟག་དཔྱད་ཞིབ་མོ་བྱས་རྗེས་འཛིན་ཚོགས་སྐབས་སུ་སྐར་གྲངས་མཐོ་བའི་སློབ་མར་གཟེངས་བསྟོད་དང་དེ་ལས་ལྡོག་པའི་སློབ་མར་སྐྱོན་བརྗོད་བྱེད་པ། ད་དུང་བསླབ་གཞི་རེ་རེའི་སྐར་གྲངས་ལས་ཐོབ་ཤོར་གྱི་གནད་དོན་དང་འཛིན་གྲྭ་ཕན་ཚུན་བར་བསྡུར་བ་བྱས་ནས་བཟང་ཆ་དང་ཞན་ཆ་རྟོགས་སུ་འཇུག་དགོས། དེ་ལས་ཀྱང་གལ་ཆེ་བའི་དཔྱད་འཇོག་བྱེད་སྟངས་ཤིག་ཡོད་པ་ནི་སློབ་མ་རེ་རེ་གཞུང་ལས་ཁང་དུ་བོས་ནས་ཁ་བརྡ་བྱས་ནས་བཟང་ཆ་གླེང་ཞོར་ཐེངས་རྗེས་མའི་སྐར་གྲངས་སྔོན་མ་ལས་ཇེ་མཐོར་གཏོང་བའི་དམ་བཅའ་འཇོག་ཏུ་འཇུག་པ། འཛིན་གྲྭའི་ནང་ཁུལ་དུ་ཚོད་རྒྱུགས་དབྱེ་ཞིབ་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་དགེ་རྒན་སོ་སོས་སྐར་གྲངས་ཐོབ་ཤོར་གྱི་ཆ་ནས་དབྱེ་ཞིབ་བྱས་པ་བརྒྱུད་དེ་ཆེད་དམིགས་ཀྱིས་བསྐྱར་སྦྱོང་བྱེད་དགོས་པ་དག་གཏན་ཁེལ་བྱས་རྗེས་ཚོད་དཔག་གི་ཚུལ་གྱིས་སློབ་མ་རང་རང་གིས་རྒྱུགས་ཤོག་ལས་པ་བརྒྱུད་ནས་ནང་དོན་རྟོགས་སུ་འཇུག་དགོས།
ལྔ། ཆེད་དམིགས་བསྐྱར་སྦྱོང་གི་ཕན་ནུས།
སྤྱིར་བསྐྱར་སྦྱོང་བྱེད་ཐབས་ལ་རིགས་མང་པོ་ཡོད་པ་ལས་མཐོ་རྒྱུགས་ཐོན་ལ་ཉེ་བའི་སྐབས་འདིར་ཆེད་དམིགས་བསྐྱར་སྦྱོང་བྱས་ན་ཕན་འབྲས་མི་དམན་པ་ཡོད་པར་སྙམ།
ཆེད་དམིགས་བསྐྱར་སྦྱོང་འདིར་ཕན་ཐོགས་ཡོད་མེད་ལ་རྒྱུས་ལོན་བྱ་ཆེད2018ལོའི་མཐོ་གསུམ་རྩིས་ཚན་འཛིན་གྲྭའི་སློབ་མ་ཡིན་ལ་སློབ་སྦྱོང་གི་འབྲས་བུ་ཅུང་ལེགས་པའི་འཐུས་ཚབ་རང་བཞིན་གྱི་སློབ་མ་འགར་འབྲེལ་ཡོད་གནས་ཚུལ་བཅར་འདྲི་བྱས་པ་གཤམ་ལྟར།
1. ནང་དོན་གྱི་ཆ་ནས་གང་དག་གཙོ་བོ་ཡིན་པ་དང་ཕལ་བ་ཡིན་པའི་ཁ་ཕྱོགས་རྙེད་ཐུབ་པ་རེད།
2. དུས་ཚོད་ཀྱི་ངོས་ནས་དུས་ཚོད་ཐུང་བའི་ནང་དུ་ཤེས་བྱ་མང་པོ་ཤེས་ཐུབ་པས་ཆུད་ཟོས་སུ་མི་འགྲོ།
3. རིགས་དབྱེ་ནས་བསྐྱར་སྦྱོང་བྱས་པ་དེས་ཡིད་འཛིན་ནུས་པ་ཇེ་གསལ་དུ་གཏོང་ཐུབ།
4. དཀའ་བ་སླ་བ་དང་མང་བ་ཉུང་བ་བྱས་ནས་ཆེད་དམིགས་བསྐྱར་སྦྱོང་གི་ནང་དོན་འགའ་གཏན་འཁེལ་བྱས་པ་དེས་སློབ་མས་སློབ་སྦྱོང་བྱེད་པར་སྤྲོ་སྣང་རྒྱས་ཐུབ།
5.དགེ་རྒན་གྱིས་ནང་དོན་གཅིག་གི་སྟེང་ནས་ཁ་ཕྱོགས་བསྟན་པ་དེས་སློབ་མས་རང་འགུལ་གྱིས་སྦྱང་གཞི་སྒྲུབ་པར་ཕན་ཐོགས་ཆེན་པོ་ལྡན།
6.སློབ་སྦྱོང་བྱེད་པར་སྤྲོ་སྣང་འཕེལ་བ་མ་ཟད་མི་ཤེས་པའི་ནང་དོན་དག་ཐག་གཅོད་བྱེད་པའི་ནུས་པ་སྔར་ལས་གོང་འཕེལ་དུ་འགྲོ་ཐུབ།
གོང་གི་དངོས་ཡོད་གནས་ཚུལ་འདི་ལས་ང་ཚོས་ཤེས་ཐུབ་པ་ནི་མཐོ་རྒྱུགས་ཐོན་ལ་ཉེ་བའི་སྐབས་འདིར་ཆེད་དམིགས་བསྐྱར་སྦྱོང་བྱས་ན་ཕན་འབྲས་ལེགས་པོ་ལེན་ཐུབ་པས་དུས་ཚོད་ཐུང་བའི་ནང་དུ་བརྩོན་པ་ལྡབ་འགྱུར་བྱེད་རྒྱུ་ཧ་ཅང་གལ་ཆེའོ། །
【དཔྱད་གཞིའི་ལུང་ཁུངས】
(1)ཧུང་ལན་གྱིས་བརྩམས་ཤིང་མཐའ་སྒྲོལ་གྱིས་བསྒྱུར་བའི《བཤད་ཆེ་ན་ཕ་གཏམ་བུ་ལ་གནོད》P144 མི་རིགས་དཔེ་སྐྲུན་ཁང་གིས2016ལོར་པར་དུ་བསྐྲུན།
(2)ཁའར་ཝེ་ཐིས་མཛད་པ་དང་ཞོགས་དུང་གིས་བསྒྱུར་བའི《སྦྱངས་ཐོབ་སློབ་གསོའི་མན་ངག》P216 མཚོ་སྔོན་མི་རིགས་དཔེ་ཁང་གིས2014ལོར་པར་དུ་བསྐྲུན།
(3)ཁའར་ཝེ་ཐིས་མཛད་པ་དང་ཞོགས་དུང་གིས་བསྒྱུར་བའི《སྦྱངས་ཐོབ་སློབ་གསོའི་མན་ངག》P204 མཚོ་སྔོན་མི་རིགས་དཔེ་ཁང་གིས2014ལོར་པར་དུ་བསྐྲུན།
(4)ཧུང་ལན་གྱིས་བརྩམས་ཤིང་མཐའ་སྒྲོལ་གྱིས་བསྒྱུར་བའི《བཤད་ཆེ་ན་ཕ་གཏམ་བུ་ལ་གནོད》P144 མི་རིགས་དཔེ་སྐྲུན་ཁང་གིས2016ལོར་པར་དུ་བསྐྲུན།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པ།