སོ་ནམ་ལོ་གསར་བྱུང་ཚུལ།
སྤེལ་དུས 2019-09-27
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
བོད་ཟླ་12པའི་ཚེས་1ཉིན་གཏོང་བའི་སོ་ནམ་ལོ་གསར་གྱི་བྱུང་ཚུལ་ཐད་བྱམས་པ་རྒྱལ་མཚན་ལགས་ནས་1984ལོའི《ལྷ་ས་སྐྱིད་ཆུ》ཞེས་པའི་དུས་དེབ་དང་པོར་《བོད་སྔ་རབས་ཀྱི་མཛད་ཆེན་དང་དུས་སྟོན་ཁག་གི་གཏམ་ངོ་མཚར་ཅན་གྱི་ལྟད་མོ》ཞེས་པ་ཞིག་བཀོད་ཅིང་།དེའི་ནང་དུས་རབས་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་དུས་བོན་ཆོས་ཉམས་པ་དང་ཕྱོགས་མཚུངས《བར་འགྱུར་གསལ་སྒྲོན་སྦས་བཅས་ཅན་གྱི་ལུགས》(གྱིམ་ཤིང་ཀོང་ཇོའི་དུས་བོད་དུ་བསྒྱུར་བའི་རྩིས་ཀྱི་དཔེ་ཆ་ཞིག)ཞེས་བོད་ཟླ་12པའི་ཚེས་1ལ་རྒྱ་ནག་གི་སོ་ནམ་ལོ་གསར་འཁེལ་བ་དང་ལྷན་དུ་བོད་ཀྱི་ལོ་གསར་གཏོང་སྲོལ་ཆགས་པ་དེ་གནའ་སྲོལ་དང“ཀོང་ཇོ་ཕྱི་མའི་ལུགས”ཞེས་གསལ་བ་ལྟར་ཀོང་ཇོ་ཕྱི་མ་སྟེ་གྱིམ་ཤིང་ཀོང་ཇོའི་དུས་སུ་བྱུང་བའི་ལོ་གསར་གཏོང་སྲོལ་ཡིན་པ་དང་། ལོ་གསར་འདི་ནི་གཙང་ཕྱོགས་ཀྱི་ཡུལ་གྲུ་མང་ཆེ་བ་དང་། སྟོད་མངའ་རིས་ཁུལ་གྱི་བྱང་ཐང་འབྲོག་པ་སོགས་ཀྱིས་གཏོང་སྲོལ་ཡོད། གོང་གསལ་ཡུལ་གྲུ་དེ་དག་གིས་སོ་ནམ་ལོ་གསར་གཏོང་བ་མ་ཟད། རྒྱལ་པོ་ལོ་གསར་ཡང་གཏོང་སྲོལ་ཡོད། སྟོད་མངའ་རིས་ཁུལ་དུ་སོ་ནམ་ལོ་གསར་གཏོང་སྲོལ་གྱི་སྐོར་ལ《ཞང་ཞུང་སྲིད་པའི་གྲེ་འགྱུར》ཞེས་པའི་ཤོག་གྲངས་133ལས“རུ་ཐོག་ཁྱུང་རྫོང་དཀར་མོའི་ལོ་གསར་དང་དུས་ཆེན་གཏོང་སྲོལ་སྐོར་ཆེ་ལོང་ཙམ་བརྗོད་པ”ཞེས་པའི་ནང་བྱང་ཐང་འབྲོག་པའི་ལོ་གསར་བོད་ཟླ་11པའི་ཚེས་29ཉིན་དགུ་ཐུག་བཏང་། དགུ་གཏོར་མེ་རོ་དབྱུགས་པ་བཅས་བྱེད། ཚེས་30ཉིན་ཐབ་གཟན་ཟ་བ། ཟླ་12ཚེས་1ཉིན་ཞོགས་པ་སྔ་པོ་ནས་ནང་མི་རྒན་གཞོན་ཚང་མ་གཟབ་མཆོར་སྤྲས་ནས་རྒན་གྲས་ལ་གུས་ཕྱག་བྱེད་ཅེས་སོ་ནམ་ལོ་གསར་གཏོང་སྲོལ་ཡོད་པ་དེ་རྟོགས་ཐུབ། (རྡོ་མགོན་གསང་བདག་རྡོ་རྗེ་དང་དགའ་བ་པ་སངས་ཀྱི《བོད་ཀྱི་ཡུལ་སྲོལ་རྣམ་བཤད》ཅེས་པ་ལས་བཏུས)
རྩོམ་སྒྲིག་པ།སྣང་རྡོར།