༡
སྲིད་པ་ཡག་ལ་དང་པོ་མ་ཆགས།།
སྲིད་པ་ཡག་ལ་དང་པོ་ཆགས་བྱུང་།།
སྲིད་པ་ཡག་ལ་དང་པོ་ཆགས་ས།།
རྩ་བ་ཡག་ལ་ཙན་དན་སྡོང་པོ།།
ཙན་དན་ཡག་ལ་རྩ་བ་ཡག་བྱུང་།།
རྩ་བ་ཡག་ལ་ས་ལ་ཟུག་ཡོད།།
ཙན་དན་ཡག་ལ་སྐེད་པ་ཡག་བྱུང་།།
རྐེད་པ་ཡག་ལ་གསེར་ཤུབས་ཕྲ་མོ།།
ཙན་དན་ཡག་ལ་ལོ་མ་ཡག་བྱུང་།།
ལོ་མ་ཡག་ལ་གདུགས་དང་རྒྱལ་མཚན།།
ཙན་དན་ཡག་ལ་རྩེ་མོ་ཡག་བྱུང་།།
རྩེ་མོ་ཡག་ལ་དགུང་དང་མཉམ་བྱུང་།།
༢
སྲིད་པ་ཡག་ལ་གཉིས་པ་མ་ཆགས།།
སྲིད་པ་ཡག་ལ་གཉིས་པ་ཆགས་བྱུང་།།
སྲིད་པ་ཡག་ལ་གཉིས་པ་ཆགས་ས།།
རྩ་བ་ཡག་ལ་ལྷ་ཤུག་སྡོང་པོ།།
ལྷ་ཤུག་ཡག་ལ་རྩ་བ་ཡག་བྱུང་།།
རྩ་བ་ཡག་ལ་ས་ལ་ཟུག་ཡོད།།
ལྷ་ཤུག་ཡག་ལ་སྐེད་པ་ཡག་བྱུང་།།
སྐེད་པ་ཡག་ལ་དངུལ་ཤུབས་ཕྲ་མོ།།
ལྷ་ཤུག་ཡག་ལ་ལོ་མ་ཡག་བྱུང་།།
ལོ་མ་ཡག་ལ་གདུགས་དང་རྒྱལ་མཚན།།
ལྷ་ཤུག་ཡག་ལ་རྩེ་མོ་ཡག་བྱུང་།།
རྩེ་མོ་ཡག་ལ་དགུང་དང་མཉམ་བྱུང་།།
༣
སྲིད་པ་ཡག་ལ་གསུམ་པ་མ་ཆགས།།
སྲིད་པ་ཡག་ལ་གསུམ་པ་ཆགས་བྱུང་།།
སྲིད་པ་ཡག་ལ་གསུམ་པ་ཆགས་ས།།
རྩ་བ་ཡག་ལ་ལྕང་མའི་སྡོང་པོ།།
ལྕང་མ་ཡག་ལ་རྩ་བ་ཡག་བྱུང་།།
རྩ་བ་ཡག་ལ་ས་ལ་ཟུག་ཡོད།།
ལྕང་མ་ཡག་ལ་སྐེད་པ་ཡག་བྱུང་།།
སྐེད་པ་ཡག་ལ་གཡུ་ཤུབས་ཕྲ་མོ།།
ལྕང་མ་ཡག་ལ་ལོ་མ་ཡག་བྱུང་།།
ལོ་མ་ཡག་ལ་གདུགས་དང་རྒྱལ་མཚན།།
ལྕང་མ་ཡག་ལ་རྩེ་མོ་ཡག་བྱུང་།།
རྩེ་མོ་ཡག་ལ་དགུང་དང་མཉམ་བྱུང་།།