ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་རྩོམ་ཚད་གཞུང་ལ་སྔ་བ་བཀའ་ཡང་དག་པའི་ཚད་མ་ལས་མངོན་རྗེས་ཚད་མ་གཉིས་ཀྱི་དོན་ལ་རགས་ཙམ་དཔྱད་པ།

སྤེལ་དུས 2019-07-19 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། ཆུ་སྐྱེས་དགེ་འདུན་བསམ་གཏན།
[ནང་དོན་གནད་བསྡུས།]བོད་རྩོམ་ཚད་གཞུང་ལ་སྔ་བ་《བཀའ་ཡང་དག་པའི་ཚད་མ་མདོ་བཏུས་པ་》འདིར་ཚད་གཞུང་གཞན་དང་མི་འདྲ་བའི་ཁྱད་པར་གཙོ་བོ་ཞིག་འདུག་པ་ནི། ཚད་མའི་དབྱེ་བ་འབྱེད་དུས་མངོན་སུམ་ཡོངས་སུ་དག་པ་དང་། རྗེས་དཔག་ཡོངས་སུ་དག་པ་ཞེས་འབྱུང་ཞིང་། ཚད་གཞུང་གཞན་གང་ཡིན་དུ་མངོན་རྗེས་ཚད་མའམ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་ཞེས་འབྱུང་ཡང་ཡོངས་སུ་དག་མ་དག་གི་སྐད་དུ་མ་བྱུང་ལ། སྐབས་འདིར་དེ་སྐད་བྱུང་བ་ནི་བསྟན་བཅོས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན། སྒོས་སུ་རྒྱ་གཞུང་བསྟན་བཅོས་ཀྱི་བཤད་ལུགས་ལ་མ་བརྟེན་པར་མདོ་ལུང་གི་དགོངས་པ་ཁོ་ནར་བརྟེན་ནས་རང་གི་ལྟ་བས་ཟུར་རྒྱན་ཏེ་གསུང་བ་ཞིག་ཡིན་པ་མ་ཟད། དཔེར་དྲངས་པ་རྣམས་ལ་གཞིགས་ན་བོད་འདིའི་ཁོར་ཡུག་གི་གནས་སྟངས་དང་འགྲོ་བ་སེམས་ཅན་གྱི་བྱ་བྱེད་གསལ་རྒྱུས་ཡོད་པ་མངོན་པར་མཚོན་པའི་བརྩམས་ཆོས་ཤིག་ཡིན་ཚུལ་གསལ་བཤད་བྱས་ཡོད།
[བརྡ་ཆད་གཙོ་བོ།] ཁྲི་སྲོང་ལྡེ་བཙན། བཀའ་ཡང་དག་པའི་ཚད་མ། མངོན་སུམ་ཡོངས་སུ་དག་པ། རྗེས་དཔག་ཡོངས་སུ་དག་པ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0077-14
དང་པོ། བཀའ་ཡང་དག་པའི་ཚད་མ་འདི་བསྟན་འགྱུར་ཁྲོད་བསྡུས་པའི་རྒྱུ་མཚན།
             ནང་བསྟན་གསུང་རབ་ཐམས་ཅད་ཀྱི་ཆུ་མགོ། མདོ་རྒྱུད་རིག་གཞུང་ཐམས་ཅད་ཀྱི་མ་ཁུངས། རྒྱ་བོད་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་པའི་བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ་བའི་ཕྱི་མ་བསྟན་བཅོས་ཀྱི་ཁོངས་སུ་རྒྱ་གར་མཁས་པའི་བརྩམས་ཆོས་མ་ཡིན་པ་སྐོར་ཞིག་བྱུང་ཞིང་། 《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་》ཞེས་པའི་གཞུང་འདི་ཡང་དེའི་གྲས་ཀྱི་གཅིག་ཏུ་འདུག སྤྱིར་ན་སྟོན་པ་སངས་རྒྱས་ཀྱི་བཀའ་ལས་བོད་དུ་འགྱུར་རོ་ཅོག་ལ་བཀའ་འགྱུར་དང་། རྒྱ་གར་ནང་བའི་མཁས་པས་བརྩམས་པའི་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་ལ་བསྟན་འགྱུར་དུ་འབོད་པ་ཡོངས་གྲགས་ཡིན་ནའང་། བསྟན་འགྱུར་ཁྲོད་དུ་བོད་ཀྱི་མཁས་པས་བརྩམས་པའི་གསུང་སྐོར་ཞིག་བྱོན་ཡོད་པ་ལ་དཀར་ཆག་མཁན་པོ་རྣམ་པས་ཀྱང་རྒྱུ་མཚན་དང་གསལ་བཤད་གང་ཡང་མ་བྱས་པར་བཏང་སྙོམས་སུ་བཞག་ཡོད་དོ།། འདི་ལ་དཔྱད་དགོས་པ་ཡང་། 《དཀར་ཆག་ལྡན་དཀར་མ་》རང་ལས། “ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་འབུམ་ལ་སོགས་ཏེ། བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་ཏུ་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རང་ལུགས་ཀྱི་མདུན་ས་ནས། འབྲུག་གི་ལོ་ཕོ་བྲང་ལྷན་དཀར་ན་བཞུགས་པའི་སྟོན།”① ཞེས་འབྱུང་བ་དང་། 《དཀར་ཆག་འཕང་ཐང་མ་》ལས། “བོད་ཁམས་སུ་དྷརྨ་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་། གཟུངས་ཆེ་ཕྲ་དང་། མདོ་སྡེའི་ཏི་ཀ་དང་། འདུལ་བ་དང་། བསྟན་བཅོས་ཆེ་ཕྲ་དང་། བསྟན་བཅོས་ཀྱི་ཏི་ཀ་ལ་སོགས་པ་སྔ་སླད་དུ་བསྒྱུར་ཞིང་། ཞུ་ཆེན་གཏན་ལ་དབབ་པའི་མཚན་དང་། བམ་པོ་དང་། ཤུ་ལོག་གི་གྲངས་སྒྲ་སྒྱུར་བ་ན་བྱང་བུ་ཞིག་མཆིས་པ་གཏན་ལ་མ་ཕབ་ནས། སླད་ཀྱིས་ཁྱི་ལོ་ལ་ཕོ་བྲང་འཕང་ཐང་ན་བཞུགས་པའི་སྟོན།”② ཞེས་དང་། 《སྒྲ་སྦྱོར་བམ་གཉིས་》ལས།“ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་།ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་ནས།སོགས་འབྱུང་བ་ལ་གཞི་བཅོལ་ནས་བཀའ་དང་བསྟན་བཅོས་རྣམས་རྒྱ་གར་སྐད་ནས་བོད་དུ་བསྒྱུར་བའི་གསུང་རབ་འབའ་ཞིག་ཏུ་འདོད་པའི་བག་ཆགས་ཤིག་ངམ་གྱིས་བཞག་ཡོད། དེ་ཡང་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་ཏུ་བྲིས།” ③ཞེས་པ་དང་སྔ་སླད་དུ་བསྒྱུར། ཞེས་པ་དང་། རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞེས་པ་སོགས་ཀྱིས་མཚོན་དཀར་ཆག་གང་ཡིན་དུ་དེ་དང་དེ་བཞིན་དུ་འབྱུང་བས། རྒྱ་གཞུང་ནང་བའི་གསུང་རབ་རྣམས་བོད་ཀྱི་སྐད་དུ་ཚུར་བསྒྱུར་བའི་བཀའ་དང་བསྟན་བཅོས་གང་རུང་ཞིག་ཡིན་དགོས་སྙམ་པ་ཞིག་སུ་ལའང་སྐྱེའོ།། དེ་ལས་ལྡོག་སྟེ་ཞུ་རྒྱུ་གལ་ཆེ་བ་ཞིག་ནི། བོད་རྩོམ་བསྟན་བཅོས་ཁག་ཅིག་བསྟན་འགྱུར་དུ་འབྱུང་བ་དེའི་ངོས་ནས་དཔྱད་ན། 《དཀར་ཆག་ལྡན་དཀར་མ་》ལས་④བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་གསུང་དཔེ་ཚན་བདུན། དཀར་ཆག་འཕང་ཐང་མར་བཅུ། དེ་མིན་བཙན་པོ་མུ་རུག་བཙན་གྱི་《དགོངས་པ་ངེས་པར་འགྲེལ་བའི་བཤད་པ་》⑤དང་། བཙན་པོ་དཔའ་དུན་བརྟན་གྱི་《དབུ་མའི་བཀའ་བཅད་བཤད་པ་དང་བཅས་པ་》དང་། སློབ་དཔོན་དཔལ་བརྩེགས་ཀྱི་《མཚན་ཉིད་གསུམ་མདོར་བསྟན་པ་》དང་། སློབ་དཔོན་ཀླུའི་རྒྱལ་མཚན་གྱི་《ཆོས་གཏན་ལ་དབབ་པའི་མདོ་》སོགས་གཞན་ཡང་མང་དུ་འབྱུང་བ་འདི་བཙན་པོའི་གསུང་ཡིན་པས་བཙན་དང་དབང་ཐང་གིས་གྲས་སུ་བསྡུས་པ་ཡིན་ཐང་ཡང་། སློབ་དཔོན་འགའི་གསུང་ཡང་ནང་དུ་བསྡུས་ཡོད་པར་དཔག་ན་སྐབས་དེར་ནང་བའི་གཞུང་ལུགས་རྩོམ་མཁན་མང་པོ་མི་འདུག་ཅིང་། བརྩམས་པ་རྣམས་བོར་བརླག་མི་འབྱུང་བའི་ཕྱིར་དུ་དཀར་ཆག་ལ་གྲས་གཅིག་ཏུ་བསྡུས་པར་འདོད་དེ། བསྟན་པ་ཉག་ཕྲ་བའི་དུས་སུ་ཆོས་ཚན་གཅིག་བཞུགས་ནའང་བསྟན་པ་རིན་པོ་ཆེའི་ཞབས་འདེགས་དང་རྒྱན་དང་དཔུང་གཉེན་དམ་པར་འགྲོ་བ་ནི་ཞུ་མ་དགོས་པའི་གནས་ཚུལ་ཞིག་གོ། དུས་ཀྱི་དབང་དུ་བྱས་ན་བཙན་པོ་མུ་རུག་བཙན་གྱི་དགོངས་པ་ངེས་པར་འགྲེལ་བའི་བཤད་པ་དང་། བཙན་པོ་དཔའ་དུན་བརྟན་གྱི་དབུ་མའི་བཀའ་བཅད་བཤད་པ་དང་བཅས་པ་བསྡུས་པར་གཞིགས་ན་བཙན་པོ་འུ་དམ་བཙན་གྱི་སྐབས་སུ་བསྡུས་པ་ཞིག་གམ་ཡང་ན་དེའི་རྗེས་སུ་བསྡུས་པ་ཞིག་ཡིན་དགོས་ཏེ། དེ་ལྟར་མིན་དུ་བདེན་ཚེ་བཙན་པོ་འུ་དམ་བཙན་གྱི་གསུང་《དཀར་ཆག་འཕང་ཐང་མ་》རང་དུ་བསྡུ་སྲོལ་མེད་དོ།།
             མཁས་མཆོག་བུས། “ཕྱིས་འགྱུར་བ་དང་། དགོན་པ་སོ་སོའི་དཔེ་ཅི་རིགས་པར་མཐོང་བའི་ནང་ནས་མ་ཆུད་པ་ཅི་སྙེད་དང་། ཚད་མར་གྱུར་པའི་ངག་ལས་ཐོས་པ་རྣམས་བསྣན་ནས་དཀར་ཆག་ཏུ་བྲིས་པའོ།། འདི་ལ་དོར་བར་བྱ་བ་ཤིན་ཏུ་ཉུང་ཞིང་དྲི་མ་མེད་པའི་བཀའ་བསྟན་བཅོས་རྙེད་ན་ད་དུང་མང་དུ་བསྣན་པར་བྱའོ།།”⑥ཞེས་བཀས་བསྐུལ་བར་གཞིགས་ནའང་ཤེས་ཤིང་། དཀར་ཆག་སྔ་མ་རྣམས་ལས་ཕྱི་མ་རྣམས་ཇེ་མང་དང་ཇེ་རྒྱས་སུ་འདུག་པ་ལས་ཀྱང་མཚོན་ནུས་ཏེ། མཁས་དབང་དུང་དཀར་ཚང་གིས་ཀྱང་། “དཀར་ཆག་ནི་གཞི་ཁྱོན་ཆེ་ཞིང་རྣམ་གྲངས་མང་བའི་དཔེ་ཆ་ལྟ་བ་ལ་མེད་མི་རུང་བའི་གསལ་བྱེད་མེ་ལོང་ལྟ་བུ་དང་། ཚན་རིག་ཞིབ་འཇུག་བྱེད་པར་ཐོག་མའི་འཇུག་སྒོ་ལྟ་བུ། དཔེ་མཛོད་ཁང་གི་སྒོ་བརྒྱ་མྱུར་དུ་འབྱེད་པའི་ལྡེ་མིག་ལྟ་བུ།གལ་ཆེའི་དཔེ་དེབ་བདག་གཉེར་སྲུང་སྐྱོབ་བྱེད་རྒྱུར་མཁོ་བའི་ནུས་ལྡན་མཚོན་ཆ་ལྟ་བུ་བཅས་ཡིན།”⑦ ཞེས་གསུངས་པ་ལྟར་བདག་གཉེར་སྲུང་སྐྱོབ་བྱེད་རྒྱུའི་དགོས་མཁོ་ལ་དམིགས་ཏེ་གྲལ་གཅིག་ཏུ་བསྡུས་ཐང་ཡང་། དོན་གྱིས་ཤེས་ཐུབ་པའི་གནད་འགངས་ཉག་གཅིག་ནི། བཀའ་དང་བསྟན་བཅོས་གང་ལའང་བསྲེས་ལྷད་མི་འབྱུང་བའི་ཕྱིར་བོད་བཙན་པོའི་དུས་སྐབས་སུ་བཀས་བཅད་པའི་ལག་ཐབས་གསར་བ་འདི་སྟེ། ཚིག་བཅད་ལ་ཚིག་རྐང་བཞི་ལ་ཤོ་ལོ་ཀ་དང་། ཚིག་ལྷུག་ལ་ཡིག་འབྲུ་སུམ་ཅུ་སོ་གཉིས་ལ་ཤོ་ལོ་ཀ་རེ་དང་། ཤོ་ལོ་ཀ་སུམ་རྒྱ་སྟེ་ཚེག་བར་སུམ་སྟོང་བརྒྱ་དང་ཉི་ཤུ་ཐམ་པ་རེ་ལ་བམ་པོ་གཅིག་ཏུ་བརྩི་སྲོལ་ཡོད་ཅིང་།སྐབས་ལ་ལར་ཤོ་ལོ་ཀ་སུམ་རྒྱ་ལྔ་བཅུ་དང་བཞི་བརྒྱ་ཙམ་ལ་བམ་པོར་བྱས་ནས་ཤོ་ལོ་ཀ་དང་བམ་གྲངས་སོགས་ཀྱིས་གཏན་ལ་ཕབ་པའང་ཡོད་དོ།། འདི་འདྲའི་རིགས་ལམ་རྣམ་པར་དག་པས་གཏན་ལ་ཕབ་པ་ནི་དེང་སང་གི་སྐད་ཀྱིས་བཤད་ན་ཚན་རིག་སྟེ་རིགས་པ་གསར་བ་རང་དུ་འདུག ད་ལྟ་འཛམ་གླིང་དུ་དཀར་ཆག་སྒྲིག་སྟངས་སྣ་ཚོགས་ཤིག་འདུག་ཀྱང་བོད་བཙན་པོའི་སྐབས་ཏེ། ད་ལྟའི་བར་ལོ་ངོ་ཆིག་སྟོང་གཉིས་རྒྱ་ཡས་མས་ཙམ་གྱི་རིང་ལ་ཤོ་ལོ་ཀ་དང་བམ་གྲངས་ཀྱིས་གཏན་ལ་ཕབ་སྟེ་དཀར་ཆག་བསྒྲིགས་པའི་སྲོལ་འདི་དར་བ་ནི་ཤིན་ཏུ་རྨད་དུ་བྱུང་བ་ལས་ཀྱང་རྨད་དུ་བྱུང་བའི་ལས་གཞི་བླ་ན་མེད་པ་ཞིག་ཏུ་ཆགས་ཡོད་དོ།། དེའི་ཕྱིར་དཀར་ཆག་སྔ་མ་རྣམས་སུ་གཞུང་གི་མཚན་དང་།རྩོམ་པ་པོ། ཤོ་ལོ་ཀ བམ་གྲངས་སོགས་ཀྱི་རྟགས་ཐམ་ཀས་ཉེ་བར་མནན་ཏེ་གཏན་ལ་ཕབ་ཡོད་ཕྱིར་སུ་དང་གང་གིས་བསྲེས་ལྷད་མི་འབྱུང་བ་དང་། ཆད་ལྷག་མི་ཤོར་བའི་ཁྱད་ཆོས་ཡོད་དོ།། སྔོན་གྱི་དུས་ལ་བཀའ་དང་བསྟན་བཅོས་ལ་བསྲེས་ལྷད་བཅུག་པའི་ལོ་རྒྱུས་ཀྱང་མངོན་ཏེ། མཁས་མཆོག་བུས་བཀའ་དང་བསྟན་བཅོས་གང་ཡིན་དག་མིན་དཔྱད་དགོས་པ་ཡོད་པའི་ཐེ་ཚོམ་གྱི་རིགས་ཀྱང་མང་དུ་གསུངས་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར། དཔའ་བོ་གཙུག་ལག་ཕྲེང་བས་ཀྱང་། “སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཆོས་ཀྱི་བརྡ་བོད་སྐད་ལ་མ་གྲགས་པ་མང་ཞིག་བྱུང་ཞིང་རྒྱ་ནག་དང་ལི་དང་ཡུལ་དབུས་དང་ཟ་ཧོར་དང་ཁ་ཆེ་སོགས་སྣ་ཚོགས་ནས་བསྒྱུར་བས་བརྡ་མི་འདྲ་མང་བོས་མ་གོ་ཞིང་སློབ་དཀའ་བར་གཟིགས་ནས། ཉི་འོག་གི་མཁན་པོ་ཨ་ཙརྱ་ཛི་ནམི་ཏྲ་དང་། ཞེས་པ་ནས། རཏྣེནྡྲ་ཤྰི་ལ་ལ་སོགས་པ་རྣམས་ལ་ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་རྣམས་རྒྱ་གར་ཡུལ་དབུས་ལས་བྱུང་བའི་བརྡ་དང་མཐུན་པར་བསྒྱུར་ཞིང་ཀུན་གྱིས་སློབ་ཏུ་རུང་ལ་ནམ་དུའང་གཞུང་ལུགས་དེ་ལས་མི་བསྒྱུར་བ་དང་། ཆད་ལྷག་སྤང་བའི་ཕྱིར་དཀར་ཆག་ཀྱང་བྲིས་ཤིག་ཅེས་བཀའ་བསྩལ།”⑧ ཞེས་འབྱུང་བར་དཔག་ནའང་གཅིག་ནས་བརྡ་ཆད་གཅིག་གྱུར་ཡོང་རྒྱུ་གཙོ་བོ་དང་།གཉིས་ནས་ཆད་ལྷག་སྤང་བའི་ཕྱིར་དཀར་ཆག་མཛད་པའི་རྒྱུས་གསལ་བ་དེ་རེད། སྐབས་དེ་དུས་སུ་གྲུབ་མཐའི་རྩོད་ཉོག་གི་འགལ་བ་ཛ་དྲག་ཆེ་བའི་དུས་ཡིན་ཕྱིར་ཆད་ལྷག་གི་སྐྱོན་འདི་ཡི་གེ་གཅིག་གཉིས་ཙམ་ཆད་པའམ་ལྷག་པའི་སྐྱོན་ཙམ་མ་ཡིན་གྱི། ལྟ་བའི་གནད་དང་གྲུབ་མཐའི་འགངས་ཟབ་ས་ལ་གཞན་གྱིས་བསམ་བཞིན་དུ་ཆད་ལྷག་གི་འཇུག་པ་སྐྱོང་བའི་ལས་སུ་འབད་མཁན་ཡོད་ཕྱིར་གནས་ཚུལ་དེ་རིགས་ལ་ཤིན་དུ་གཟབ་དགོས་པའི་དབང་གིས་དེ་དུས་དཀར་ཆག་གསེར་གྱི་རི་རྒྱལ་ལྟ་བུ་རྣམས་བཞེངས་པ་ཡིན་ནོ།། དེ་ཕྱིར་བཙན་པོས་ཀྱང་བྱ་ཐབས་གཞན་ཟད་དེ་རྒྱལ་བོའི་བཀའ་ཐམས་ཅད་ཀྱི་ནང་ནས་《འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་》ལས་གསུངས་པའི་ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། གཏན་ཚིགས་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་སྟེ་རིགས་པ་བཞི་དཔེ་དང་བཅས་པའི་ལུང་རྣམས་རིགས་པའི་རྒྱབ་དཔུང་དུ་བླངས་ནས་སྐབས་དོན་ཁ་གཏད་དུ་ལངས་པའི་གྲུབ་མཐའ་གཞན་གྱི་ལྟ་བ་ལ་དགག་པ་དང་། རང་གི་ལྟ་བ་ལ་རིགས་པས་སྒྲུབ་བྱེད་བཏང་བའི་ཚུལ་དཔྱད་རྩོམ་སྔོན་མ་《བོད་རྩོམ་ཚད་གཞུང་ལ་སྔ་བ་བཀའ་ཡང་དག་པའི་ཚད་མ་ལས་རིགས་པ་བཞིའི་དོན་ལ་རགས་ཙམ་དཔྱད་པ་》ཞེས་པའི་ཁྲོད་དུའང་གསལ་ཁ་ཅུང་ཟད་བཏོན་ཡོད། དཔྱད་རྩོམ་འདིར་ཁ་ཅིག་《བཀའ་ཡང་དག་པའི་ཚད་མ་》འདི་ཚད་མའི་བསྟན་བཅོས་ཤིག་ཡིན་མིན་གྱི་དོགས་གཞི་བཟོ་བའི་ཕྱི་རབས་པ་སྐོར་ཞིག་ལ་ལན་གྱི་ཚུལ་དུ་མངོན་རྗེས་ཚད་མ་གཉིས་ཀྱི་སྐབས་ལས་འཕྲོས་ཏེ་དཔྱད་པ་རགས་ཙམ་གནང་བ་གཤམ་ལྟར་རོ།།
གཉིས་པ། བཀའ་ཡང་དག་པའི་ཚད་མ་ལས་མངོན་སུམ་ཡོངས་སུ་དག་པ།
             དེ་ཡང་རྒྱ་གར་ཚད་མ་སྨྲ་བ་རྣམས་ཀྱིས་ཚད་མ་ལ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་སུ་དབྱེ་བ་མཛད་ཅིང་། ཚད་མ་དང་ཚད་མིན་ལ་ཡོངས་སུ་གྲགས་པའི་རྟོག་གེའི་ཚིག་དོན་བརྒྱད་ཀྱི་རྣམ་བཞག་རྒྱས་འབྲིང་བསྡུས་གསུམ་ཅི་རིགས་པ་མཛད་ཅིང་། དེ་བཞིན་《ཚད་མ་རིགས་པའི་སྒོ་》ལས། “མངོན་སུམ་དང་ནི་རྗེས་སུ་དཔག། ལྟར་སྣང་བཅས་པ་བདག་རིག་ཕྱིར།། སྒྲུབ་པ་དང་ནི་སུན་འབྱིན་ངག། ལྟར་སྣང་བཅས་པ་གཞན་རྟོག་ཕྱིར།།”⑨གསུངས་སོ།། རང་འགྲེལ་དུའང་། ཡང་དག་བཞི་ཚང་བར་བསྟན་བྱའི་གཙོ་བོ་དང་། ལྟར་སྣང་བཞི་ཞར་བྱུང་གི་ཚུལ་དུ་ཚང་བར་སྟོན་པས་ལུས་ལྟ་བུ་དང་། ལྷག་མ་བཞི་རྣམ་འགྲེལ་གྱི་རང་དོན་ལེའུ་དང་། གཞན་དོན་ལེའུའི་ཡན་ལག་ཡིན་པས་ཡན་ལག་ལྟ་བུར་གསུངས་ཤིང་། ཚད་མ་རྣམ་འགྲེལ་སྤྱིའི་དགོངས་པ་ལའང་། དང་པོ་གསུམ་གྱིས་རྟོག་གེའི་ཚིག་དོན་བརྒྱད་སྟོན་པ་ཚིག་གམ་དོན་གྱི་ཆ་ནས་རྒྱས་འབྲིང་བསྡུས་གསུམ་དུ་འགྱུར་བའི་ཕྱིར་ཏེ། བསྟན་བཅོས་ཕྱི་མ་བཞི་རང་དོན་ལེའུ་དང་། གཞན་དོན་ལེའུའི་ཡན་ལག་ཏུ་གྲུབ་ཅིང་། དང་པོ་གཉིས་རང་དོན་ལེའུའི་ཡན་ལག་དང་། ཕྱི་མ་གཉིས་གཞན་དོན་ལེའུའི་ཡན་ལག་ཡིན་པའི་ཕྱིར་ཏེ། རྗེས་སུ་དཔག་པའི་ཚད་མས་གཞལ་བྱ་ལྐོག་གྱུར་རྟོགས་པ་རྟགས་ཡང་དག་གི་ཚུལ་གཏན་ལ་འབེབས་པ་ལ་རག་ལས་ཤིང་། རྟགས་ཀྱི་ཚུལ་ཡང་གསུམ་དུ་ངེས་པར་སྒྲུབ་པའི་ཕྱིར་དུ་གཏན་ཚིགས་ཐིགས་པ་དང་། འབྲེལ་བ་རྫས་གྲུབ་འདོད་པ་སོགས་ཀྱི་ལོག་རྟོག་བསལ་ནས། འབྲེལ་བའི་ངོ་བོ་དང་གྲངས་ངེས་སོགས་སྒྲུབ་པའི་ཕྱིར་དུ་འབྲེལ་བ་བརྟག་པ་གསུངས་ཤིང་། ལུས་ངག་གི་བྱ་བ་ལས་དེའི་ཀུན་སློང་དཔག་ནས་དེ་རང་གི་རྒྱུད་དང་འབྲེལ་བ་བཀག་སྟེ།རྒྱུད་གཞན་སྒྲུབ་པའི་ཕྱིར་དུ་རྒྱུད་གཞན་སྒྲུབ་པ་དང་། སྒྲུབ་ངག་སུན་འབྱིན་ཡང་དག་གི་སྒོ་ནས་རྩོད་ཚུལ་ཤེས་པའི་ཕྱིར་དུ་རྩོད་རིགས་གསུངས་པའི་ཕྱིར། དེ་ལྟར་ཡང་《སྡེ་བདུན་རྒྱན་》ལས། “རང་ཉིད་ཀྱིས་སྟོན་པ་དང་བསྟན་པ་སྐྱོན་མེད་དུ་ཚད་མས་ངེས་པའི་ཐབས་དང་། ངེས་ནས་གཞན་རྗེས་སུ་འཛིན་པའི་ཐབས་གཉིས་སོ།། དང་པོ་ནི། མངོན་སུམ་དང་རྗེས་སུ་དཔག་པ་སྟེ། དེ་ཡང་རང་ཉིད་ཀྱིས་ཇི་ལྟར་གཏན་ལ་ཕབ་པ་ལྟར། དོན་ལ་གནས་མི་གནས་ནི། གཏན་ལ་འབེབས་བྱེད་ཀྱི་བློ་ཡང་དག་ཏུ་སོང་མ་སོང་ལ་རག་ལས་པ་ཡིན་ཅིང་། དེ་ལ་ལྐོག་གྱུར་ངེས་བྱེད་ཀྱི་བློ་སྐྱོན་མེད་རྗེས་དཔག་དང་། མངོན་གྱུར་ངེས་བྱེད་ཀྱི་བློ་སྐྱོན་མེད་མངོན་སུམ་ཚད་མ་ཡིན་པས་མངོན་རྗེས་ཀྱི་ཚད་མ་གཉིས་གསུངས་ལ། བློ་གཞན་གྱི་རྗེས་སུ་འབྲངས་ན་སླུ་བར་འགྱུར་བས།ལམ་གྱི་གོལ་ས་གཅོད་པའི་ཡན་ལག་ཏུ། མངོན་རྗེས་ལྟར་སྣང་གཉིས་གསུངས་ཤིང་། རང་གིས་ངེས་ནས་གཞན་ལ་རྟོགས་པ་བསྐྱེད་པའི་ཡན་ལག་ཏུ། ཡང་དག་དང་ལྟར་སྣང་ཕྱི་མ་བཞི་གསུངས་ཏེ། དེ་ཡང་མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་གི་དབལ་གཞོམ་པའི་ཕྱིར་དུ་སུན་འབྱིན་བསྟན་ལ། མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་བསལ་བའི་ཕྱིར་དུ་སྒྲུབ་ངག་གསུངས་ཤིང་། གོལ་ས་གཅོད་པའི་ཕྱིར་ལྟར་སྣང་གཉིས་གསུངས་སོ།།”⑩དེས་ན་ཚད་མའི་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པ་ནི། ལེའུ་གསུམ་དུ་འདུས་པ་ཡིན་ཏེ།མངོན་སུམ་གྱི་ལེའུ། རང་དོན་རྗེས་དཔག་གི་ལེའུ། གཞན་དོན་རྗེས་དཔག་གི་ལེའུའོ།།⑾ ཞེས་གསུངས་སོ།།
             《བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་》རང་ལས། “མངོན་སུམ་ཡོངས་སུ་དག་པའི་མཚན་ཉིད་ལ། དེ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་གང་འཇིག་རྟེན་ན་མངོན་སུམ་དུ་དམིགས་པའི་མཚན་ཉིད་དོ།།” ཞེས་གསུངས་ཤིང་། ཆོས་གང་ལ་མངོན་སུམ་དུ་དམིགས་པའི་ཆ་རྐྱེན་གཙོ་བོ་འདི་གསུམ་གྲུབ་ན་མངོན་སུམ་ཡོངས་སུ་དག་པ་ཉིད་དུ་འདོད་དོ།། གང་འདུས་མ་བྱས་ལས་ལྡོག་པའི་འདུ་བྱེད་ཐམས་ཅད་གློག་དམར་རྒྱུ་བ་བཞིན་སྐད་ཅིག་སྐད་ཅིག་ལ་འགྱུར་ནས་འགྲོ་བ་བཞིན་མི་རྟག་པ་དང་། འདུ་བྱེད་ཀྱི་དངོས་པོ་གང་ལའང་ལོངས་སྤྱད་པས་གནས་སྐབས་བདེ་བ་ཙམ་དུ་ཟད་ཀྱང་འགྱུར་བའི་བདག་ཉིད་ཅན་ཡིན་པས་སྡུག་བསྔལ་བ་དང་། ཤེས་པར་བྱ་བའི་ཆོས་གང་དང་གང་ཡིན་ཡང་བདག་འཛིན་གྱི་བློས་ཕུང་བོ་ལ་བདག་ཏུ་འཛིན་པ་བཞིན་གང་བཟུང་བ་ལྟར་མ་གྲུབ་ཕྱིར་བདག་མེད་པ་ཉིད་དུ་འདོད་དོ།། དེ་ཡང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ལས་མྱ་ངན་ལས་འདས་པ་ཞི་བ་སྟེ། ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་མ་སྦྱར་བ་མ་གཏོགས་ཚིག་དོན་ཕལ་ཆེར་མཐུན་ནོ།། སྐབས་དོན་དམིགས་ཀྱིས་བསལ་བྱ་ནི་ཕྱི་རོལ་བ་དག་གི་འདོད་པ་དགག་པའི་ཕྱིར་དུ་ཡིན་ནོ།། ཡིན་ཡང་རྒྱ་གར་གྱི་ཚད་གཞུང་སྨྲ་བ་རྣམས་ཀྱིས་རྟོག་གེའི་ཚིག་དོན་བརྒྱད་འཆད་སྐབས་སུ། 《རིགས་སྒོ་》ལས།“མངོན་སུམ་དང་ནི་རྗེས་སུ་དཔག། ལྟར་སྣང་བཅས་པ་བདག་རིག་ཕྱིར།།” ཞེས་པའི་དགོངས་པ་དང་ཕལ་ཆེར་འདྲ་མོད། བརྡ་ལ་འདྲེན་དུས་མངོན་སུམ་ཡོངས་སུ་དག་མ་དག་ཅེས་སུ་མ་བྱུང་བར་མངོན་སུམ་ཡང་དག་དང་མངོན་སུམ་ལྟར་སྣང་ཞེས་སུ་འབྱུང་ངོ་།།
             གཞན་ཡང་《མདོ་བཏུས་》རང་ལས། “མངོན་སུམ་ཞེས་བྱ་བ་ནི་རྐྱེན་བཞིས་བསྐྱེད་པའི་རྣམ་པར་ཤེས་པའི་སྒྲིབ་པ་དག་གིས་མ་བསྒྲིབས་པས་ཡུལ་ལ་མངོན་དུ་དམིགས་པ་ཡིན་ཏེ། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ལྔ་བོ་དག་དང་།དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པས་དུས་གཅིག་སྤྱོད་ཡུལ་གཅིག་ཏུ་ད་ལྟར་བྱུང་བའི་ཡུལ་ཐད་ཀར་བབ་པ་ལ་དམིགས་ནས། ཡུལ་དེ་སོ་སོའི་རང་གིས་རིག་པ་ནི་མངོན་སུམ་གྱི་མཚན་ཉིད་ཅེས་བྱའོ།།”⑿ ཞེས་ཀྱང་བཞེད་དེ། དཔེར་ན། ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་གིས་ཆོས་ཀྱི་ཁམས་ལ་དམིགས་པའང་ཆོས་ལ་དམིགས་པའི་མངོན་སུམ་ཞེས་བྱ་བ་བཞིན་ནོ།། དེ་ཡང་དོན་གྱིས་འུ་ཅག་གི་ཡིད་ཀྱི་རྣམ་པར་ཤེས་པ་ལ་སྣང་བྱའི་ཡུལ་མངོན་གྱུར་དག་མིག་ཤེས་སོགས་དབང་ཤེས་ལ་ཇི་ལྟར་སྣང་བ་བཞིན་དུ་ཡུལ་ཐད་ཀ་ཐད་ཀར་སྣང་བཏུབ་པ་འདི་ནི་མངོན་སུམ་ཡོངས་སུ་དག་པའི་སྤྱོད་ཡུལ་དུ་ཤེས་པར་བྱའོ།།
             དེ་ཡང་མངོན་སུམ་ལ་རྐྱེན་བཞིས་བསྐྱེད་པའི་རྣམ་པར་ཤེས་པ་ཞིག་དགོས་དོན་ཇི་ལྟ་བུ་ཡིན་ཞེ་ན། 《མདོ་བཏུས་》རང་ལས། “རྐྱེན་བཞིས་བསྐྱེད་པའི་རྣམ་པར་ཤེས་པ་ཞེས་བྱ་བའི་རྐྱེན་བཞིའི་ཚུལ་ཆོས་མངོན་པ་ལས་འབྱུང་བ་མིག་གི་རྣམ་པར་ཤེས་པའི་རྐྱེན་བཞི་སྟེ། རྒྱུའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ཏོ།། རྒྱུའི་རྐྱེན་གང་ཞེ་ན། ལྷན་ཅིག་འབྱུང་བ་དང་རབ་ཏུ་ལྡན་པའི་ཆོས་རྣམས་སོ།། དེའི་དེ་མ་ཐག་པའི་རྐྱེན་གང་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་གང་རྣམས་ཀྱི་འོག་ཏུ་བར་ཆད་མེད་པར་མིག་གི་རྣམ་པར་ཤེས་པ་དེ་དེ་མ་ཐག་ཏུ་སྐྱེས་པའམ་སྐྱེ་བའོ།། དེའི་དམིགས་པའི་རྐྱེན་གང་ཞེ་ན། གཟུགས་སོ།། དེའི་བདག་པོའི་རྐྱེན་གང་ཞེ་ན། བདག་ཉིད་མ་གཏོགས་པའི་ཆོས་ཐམས་ཅད་དོ།།” ⒀ཞེས་གསུངས་པ་ནི་རྒྱ་གར་གྱི་ཚད་གཞུང་རྣམས་དང་འདྲ་སྟེ། རྒྱ་གར་ཚད་གཞུང་སྨྲ་བ་རྣམས་ཀྱིས་ཀྱང་རྐྱེན་བཞིའི་རྣམ་བཞག་གང་ཡིན་དུ་མདོ་གཞུང་གི་ལུང་ཁུངས་དམ་པ་ནི།རྐྱེན་ཉིད་ནི་བཞི་སྟེ། རྒྱུའི་རྐྱེན་ཉིད་དང་། དེ་མ་ཐག་པའི་རྐྱེན་ཉིད་དང་། དམིགས་པའི་རྐྱེན་ཉིད་དང་། བདག་པོའི་རྐྱེན་ཉིད་དེ། ཞེས་སུ་དྲངས་ཡོད་ལ། དེ་ལྟར་ན་རྒྱུའི་རྐྱེན་གྱི་མཚན་ཉིད་ཡོད་དེ། རང་འབྲས་སྐྱེད་བྱེད་ཀྱི་དངོས་པོ་དེ་དེ་ཡིན་པའི་ཕྱིར། རྒྱུའི་རྐྱེན་དང་རྒྱུ་གཉིས་དོན་གཅིག དེ་མ་ཐག་པའི་རྐྱེན་གྱི་མཚན་ཉིད་ཡོད་དེ། རང་འབྲས་ཤེས་པ་མྱོང་བ་གསལ་རིག་ཙམ་དུ་གཙོ་བོ་དངོས་སུ་སྐྱེད་བྱེད་ཀྱི་རིག་པ་དེ་དེ་ཡིན་པའི་ཕྱིར། མཚན་གཞི་ཡོད་དེ། སྔོ་འཛིན་མངོན་སུམ་གྱི་སྔ་ལོག་དེ་མ་ཐག་ཏུ་བྱུང་བའི་སྔོན་པོ་ཡིད་ལ་བྱེད་པའི་ཤེས་པ་དེ་དེ་ཡིན་པའི་ཕྱིར། དམིགས་རྐྱེན་གྱི་མཚན་ཉིད་ཡོད་དེ། རང་འབྲས་ཤེས་པ་རང་གི་རྣམ་ལྡན་དུ་གཙོ་བོ་དངོས་སུ་སྐྱེད་བྱེད་དེ་དེ་ཡིན་པའི་ཕྱིར། མཚན་གཞི་ཡོད་དེ། “སྔོན་པོ་དེ་དེ་ཡིན་པའི་ཕྱིར། བདག་རྐྱེན་གྱི་མཚན་ཉིད་ཡོད་དེ། རང་འབྲས་རང་དབང་དུ་གཙོ་བོ་དངོས་སུ་སྐྱེད་བྱེད་དེ་དེ་ཡིན་པའི་ཕྱིར།”⒁མཚན་གཞི་ཡོད་དེ། སྔོན་འཛིན་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་ལྟ་བུ་དེ་དེ་ཡིན་པའི་ཕྱིར། ཞེས་ཚད་གཞུང་རྒྱ་གར་མ་རྣམས་ཀྱིས་བཞེད་པ་ལྟར་བོད་གཞུང་ཡིག་ཆ་དག་གི་དགོངས་པའི་གཞི་འཚོལ་ས་འདྲ་ལ། མཛོད་ལུགས་ལྟར་ནའང་དགོངས་པའི་གནད་འཚོལ་ས་འདྲའོ།།
             རྣམ་པར་ཤེས་པ་སྐྱེ་བའི་ཚུལ་ནི། 《དགོངས་པ་ངེས་པར་འགྲེལ་བའི་མདོ་》ལས། “ཡངས་པའི་བློ་གྲོས་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས་རྣམ་པར་ཤེས་པའི་ཚོགས་དྲུག་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ།། དེ་ལ་རྣམ་པར་ཤེས་པ་དང་བཅས་པའི་མིག་དང་གཟུགས་རྣམས་ལ་བརྟེན་ཅིང་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ་དུས་གཅིག་ལ་སྤྱོད་ཡུལ་མཐུན་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ་།།”⒂ཞེས་གསུངས་སོ།། དཔེར་དྲངས་པ་ནི།《མདོ་བཏུས་》རང་ལས། “ཆུའི་ཀླུང་ཆེན་པོ་འབབ་པ་ལ་རླབས་གཅིག་འབྱུང་བ་ནས་མང་པོར་འབྱུང་བའི་རྐྱེན་ཉེ་བར་གནས་ན་མང་པོར་འབྱུང་བ་དང་། མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་གཅིག་འབྱུང་བ་ནས། གཟུགས་བརྙན་མང་པོ་འབྱུང་བའི་རྐྱེན་ཉེ་བར་གནས་ན། མང་པོ་ཡང་འབྱུང་མོད་ཀྱི་ཆུའི་རྒྱུན་ཀྱང་མི་ཆད། མེ་ལོང་གི་དཀྱིལ་འཁོར་དེ་གཟུགས་བརྙན་གྱི་རང་བཞིན་དུ་འགྱུར་བ་ཡང་མ་ཡིན། ཡོངས་སུ་ཟད་པར་ཡང་མི་མངོན་”⒃ ཞེས་གསུངས་སོ།། འདིའི་དོན་ལ་རྣམ་པར་དཔྱད་ན། མིག་ནས་ཡིད་ཀྱི་བར་རྣམ་ཤེས་ཚོགས་དྲུག་པོ་གང་ཡིན་རུང་དམིགས་པ་ཡུལ་དང་དབང་བོའི་བདག་རྐྱེན་ཚོགས་པ་ལ་བརྟེན་ནས་རྣམ་པར་ཤེས་པ་རྣམས་སྐྱེ་དགོས་པའི་ཕྱིར་དང་། མིག་གི་རྣམ་པར་ཤེས་པ་དེ་དང་ལྷན་ཅིག་རྗེས་སུ་འཇུག་པ་དུས་གཅིག་ལ་སྤྱོད་ཡུལ་མཐུན་པ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་སྟེ། ཡུལ་སྔོན་པོ་ལ་དམིགས་པའི་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་ནི། དཔེར་ན། རྣམ་འགྲེལ་ལས། “རྒྱུ་ཚོགས་པ་ལས་འབྲས་སྐྱེ་ཕྱིར།།”⒄གསུངས་པའི་གནད་ཀྱང་དེ་ག་རང་ཡིན་ནོ།།
             སྐབས་འདིར་ཀུན་གཞི་དམིགས་ཀྱིས་གསལ་ཏེ་གསུངས་ཤིང་། སེམས་ཙམ་པའི་སྲོག་ཤིང་ལྟ་བུའི་བཞེད་དགོངས་ལ་རྒྱབ་རྟེན་ལུང་གི་དཔུང་ཤུགས་བཙན་པོ་《དགོངས་པ་ངེས་པར་འགྲེལ་བའི་མདོ་》དང་《འཕགས་པ་ལང་ཀར་གཤེགས་པའི་མདོ་》ལ་སོགས་པ་ཁུངས་སུ་བྱས་ནས་བཀྲལ་བ་ནི། “མདོ་འདི་ལས་ལེན་པའི་རྣམ་པར་ཤེས་པ་ཞེས་འབྱུང་བ་འདི་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་བྱའོ།། དགོངས་པ་ངེས་པར་འགྲེལ་པའི་ཡངས་པའི་བློ་གྲོས་ཀྱི་ལེའུ་ལས་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ཅིང་རྣམ་པར་ཤེས་པའི་ཚོགས་དྲུག་སྐྱེ་བར་གསུངས་པའི་དོན་འདི་ནི།འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་བཤད་དེ།དེ་ལ་གསུངས་པའི་བློ་གྲོས་ཆེན་པོ་མིག་གི་རྣམ་པར་ཤེས་པ་ནི་རྒྱུ་བཞི་དག་གིས་འབྱུང་ངོ་།།”⒅ཞེས་གསུངས་པ་ལྟར་ཀུན་གཞི་རྣམ་པར་ཤེས་པ་ལ་བརྟེན་ཅིང་རྣམ་པར་ཤེས་པའི་ཚོགས་དྲུག་སྐྱེ་བ་ལ་རྒྱུ་བཞིས་བསྐྱེད་པ་ཞིག་དགོས་པར་བསྟན་ནོ།།
             《མདོ་བཏུས་》རང་ལས། “འཕགས་པ་ལང་ཀར་གཤེགས་པའི་མདོ་དྲངས་པར་བཞི་གང་ཞེ་ན། འདི་ལྟ་སྟེ།རང་གི་སེམས་སྣང་བ་འཛིན་པ་ལ་ཁོང་དུ་མ་ཆུད་པ་དང་།ཐོག་མ་མེད་པའི་དུས་ནས་སྤྲོས་པའི་གནས་ངན་ལེན་གྱི་གཟུགས་ཀྱི་བག་ཆགས་ལ་མངོན་པར་ཞེན་པ་དང་། རྣམ་པར་ཤེས་པའི་རང་བཞིན་གྱི་ངོ་བོ་ཉིད་དང་། གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ལ་ངོ་མཚར་དུ་འཛིན་པ་ཡིན་ཏེ།བློ་གྲོས་ཆེན་པོ་རྒྱུ་བཞི་པོ་འདི་དག་གིས་ཀུན་གཞི་རྣམ་པར་ཤེས་པ་ཆུ་ཀླུང་ལྟ་བུ་ལས་མིག་གི་རྣམ་པར་ཤེས་པའི་རླབས་འབྱུང་ངོ་།། མིག་གི་རྣམ་པར་ཤེས་པ་ཇི་ལྟ་བ་བཞིན་དུ་དབང་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་སྤུའི་ཁུང་བུ་རྣམས་ལ་ཡང་དེ་བཞིན་ཏེ།”⒆ ཞེས་གསུངས་པ་ལྟར་རྒྱུ་བཞི་པོ་འདི་དག་གིས་ཀུན་གཞི་རྣམ་པར་ཤེས་པ་བསྐྱེད་ཅིང་། ཀུན་གཞི་རྣམ་པར་ཤེས་པ་ཆུ་ཀླུང་ལྟ་བུ་ཡིན་ལ། དེ་ལས་མིག་གི་རྣམ་པར་ཤེས་པ་རླབས་ལྟ་བུ་འབྱུང་བ་དང་། མིག་གི་རྣམ་པར་ཤེས་པ་ཇི་ལྟ་བ་དེ་བཞིན་དུ་དབང་པོ་ཐམས་ཅད་རྡུལ་ཕྲ་རབ་དང་སྤུའི་ཁུང་བུ་ལྟ་བུ་རྣམས་ཀྱང་འབྱུང་བར་བསྟན་ནོ།། སྐབས་འདིར་ཀུན་གཞི་ལས་རྣམ་པར་ཤེས་པ་རྣམས་འབྱུང་བའི་ཚུལ་ཇི་ལྟ་བུ་བཞིན་གྱི་དགོངས་པ་འདིས་གྲུབ་མཐའ་གོང་འོག་གང་དུ་གནས་པའི་བཞེད་མཚམས་ཤིག་ཀྱང་མཚོན་ཏེ། སྤྱིར་ན་ཀུན་གཞི་འདོད་མི་འདོད་ཀྱི་ས་མཚམས་ཤིག་ནི། བག་ཆགས་བགོ་བའི་གཞི་ལ་གང་འཇོག་གི་གཞི་རྩའི་ངོས་ནས་བཤད་དགོས་པ་ཞིག་ཏུ་ཆགས་ཡོད་དེ། རང་སྡེ་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་ནས་བྱེ་བྲག་སྨྲ་བ་མ་གཏོགས་མདོ་སེམས་ཐལ་རང་རྣམས་ཀྱིས་བག་ཆགས་ཁས་ལེན་གྱི་ཡོད་ལ། མདོ་སེམས་རང་རྒྱུད་གསུམ་གྱིས་བག་ཆགས་བགོ་བའི་གཞི་ལ་ཤེས་པ་ཞིག་དགོས་པར་འདོད་ཅིང་།ཐལ་འགྱུར་བས་གང་ཟག་དང་ཤེས་པ་གཉིས་ཀ་འཇོག་གོ། སེམས་ཙམ་པས་ཀུན་གཞི་རྣམ་ཤེས་དེ་བག་ཆགས་བགོ་གཞིར་འདོད་དེ། ཐོག་མེད་ནས་བཟུང་སྟེ་བརྒྱལ་བ་དང་འགོགས་སྙོམས་ལ་སོགས་པ་གང་གི་སྐབས་སུ་ཡང་སྐད་ཅིག་ཀྱང་རྒྱུན་མི་ཆད་པར་འཇུག་པའི་ཀུན་གཞིའི་རྣམ་ཤེས་དེ་དགེ་མི་དགེ་ལུང་མ་བསྟན་གྱི་བློ་དང་། ལས་ཀྱི་བག་ཆགས་རྣམས་གཏན་གྱི་བགོ་གཞིར་འདོད་ཅིང་། མདོ་སྡེ་བ་དང་རང་རྒྱུད་པ་གཉིས་ཀྱིས་ཡིད་ཀྱི་རྣམ་ཤེས་དེ་རྒྱུན་མི་ཆད་པར་འཇུག་པས་དེ་གཏན་གྱི་བག་ཆགས་བགོ་གཞིར་འདོད་དོ།། མདོ་སྡེ་བའི་ལུགས་ལ་འགོགས་སྙོམས་གཉིས་ཀྱི་ཚེ་སེམས་སེམས་བྱུང་ཐམས་ཅད་འགགས་ཀྱང་ཕྱིས་སུ་སེམས་སྐྱེ་བ་ནི་དབང་བོ་དང་བཅས་པའི་ལུས་ལ་སེམས་ཀྱི་ས་བོན་ཡོད་པས་དེ་ལས་སྐྱེ་བར་འདོད་དོ།། སྐབས་འདི་དང་འབྲེལ་བའི་《བག་ཆགས་བགོ་བྱ་བགོ་བྱེད་བགོ་གཞི་གསུམ་གྱི་དོགས་དཔྱོད་》 ཅེས་པའི་དཔྱད་རྩོམ་དུ་《དགོངས་པ་ངེས་པར་འགྲེལ་བའི་མདོ་》དང་། 《འཕགས་པ་ལང་ཀར་གཤེགས་པའི་མདོ》 《ཆོས་བཅུ་བའི་མདོ》་སོགས་གོང་བསྒྲིགས་ནས་སེམས་ཙམ་པའི་ལུགས་ཀྱི་ཀུན་གཞི་འཇོག་ཚུལ་གྱི་ལྟ་བའི་འགངས་གཅིག་ཏུ་བཀྲིལ་བའི་ཚུལ་ལས་འཕྲོས་ཏེ་དོགས་དཔྱོད་གཞན་དུ་བྱས་ཡོད་དོ།།
             ཡང་《མདོ་བཏུས་པ་》རང་ལས། “《འཕགས་པ་ལང་ཀར་གཤེགས་པ་》ལས། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུ་བཞི་འབྱུང་བ་ནི་དངོས་པོ་རྣམས་ཀྱི་རྒྱུ་གཏན་ལ་ཕབ་པར་བསྟན་པའོ།། དེ་ལ་རང་གི་སྣང་བ་ལ་འཛིན་པར་ཁོང་དུ་མ་ཆུད་པ་ནི་དམིགས་པའོ་ཞེས་གསུངས་པས་ན།གཟུགས་ལ་སོགས་པ་དམིགས་པའི་རྐྱེན་ལ་བྱའོ།། ཐོག་མ་མེད་པའི་དུས་ནས་སྤྲོས་པ་གནས་ངན་ལེན་གྱི་གཟུགས་ཀྱི་བག་ཆགས་ལ་མངོན་པར་ཞེན་པ་ནི་རྐྱེན་ཏོ་ཞེས་གསུངས་པས་ན། མིག་ལ་སོགས་པ་བདག་པོའི་རྐྱེན་ལ་བྱའོ།། རྣམ་པར་ཤེས་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་རྐྱེན་གཞན་གྱིས་བར་དུ་མ་ཆོད་པ་ཡིན་ཏེ།འདི་ནི་དེ་མ་ཐག་པའི་རྐྱེན་ཏོ།། གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་ལ་ངོ་མཚར་དུ་འཛིན་པ་ནི་ལྷན་ཅིག་ཏུ་འབྱུང་བ་དང་རབ་ཏུ་ལྡན་པའི་ཆོས་རྣམས་ཡིན་ཏེ། འདི་ནི་རྒྱུའི་རྐྱེན་ཏོ།།”⒇ཞེས་གསུངས་པ་ལྟར་མིག་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་གཞན་གྱི་རྐྱེན་བཞི་ཡང་གོང་དུ་སྨོས་པ་བཞིན་དུ་རིགས་བསྒྲེས་ཤེས་དགོས་པ་ཡིན་ནོ།། དེའི་ནང་ནས་གཟུགས་ཞེས་འབྱུང་བ་རྣམས་ནི་རྣམ་པར་ཤེས་པ་སོ་སོའི་རྐྱེན་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་ཞེས་གང་ལ་གང་རིགས་པར་སྦྱར་རོ།། དངོས་པོ་རྣམས་ཀྱི་རྒྱུ་གཏན་ལ་ཕབ་པའི་ཕྱིར་དུ་རྒྱུ་བཞིའི་རྣམ་བཞག་གསུངས་པ་འདི་ལ་དཔྱད་པར་བྱ་བ་འདི་ཡོད་དེ། སྐབས་དེའི་རྟག་གཅིག་རང་དབང་ཅན་གྱི་བདག་ཁས་ལེན་མཁན་གྱི་ཕྱི་རོལ་བའི་འདོད་པ་དགག་པའི་ཕྱིར་དུ་རྒྱུ་འབྲས་ཀྱི་རྣམ་བཞག་ཆེད་དུ་གསུངས་ཤིང་། “སྒོས་སུ་རྒྱུ་ལ་རང་བཞིན་ཅི་སྙེད་ཅིག། མེད་ན་མི་འབྱུང་འབྲས་བུ་ནི།།” (21)ཞེས་རྣམ་འགྲེལ་རང་དོན་རྗེས་སུ་དཔག་པའི་ལེའུ་ལས་གསུངས་པའི་དོན་གྱི་འགངས་དང་དམིགས་པ་ཡུལ་གྱི་དགོངས་གཞི་ཡང་འདྲའོ།།《མདོ་བཏུས་》རང་ལས། “དབང་པོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་སྤུའི་ཁུང་བུ་རྣམས་ལ་ཡང་ཞེས་བྱ་བ་ནི་མིག་གི་དབང་པོ་གོ་སྙོད་(སྔོ་སྨན་གྱི་རིགས་ཤིག རོ་ཚ་ལ་ཞུ་རྗེས་དྲོད། ནུས་པས་དུག་དང་རླུང་ཚད་མིག་ནད་བཅས་ལ་ཕན།)ཀྱི་མེ་ཏོག་འདྲ་བ་ཞེས་བྱ་བ་ནས། ལུས་ཀྱི་དབང་པོ་ཁྲབ་འདྲ་བ་ཞེས་བྱ་བའི་བར་གྱིས་ཏེ། དེ་དག་གི་རྡུལ་ཕྲ་རབ་དང་། སྤུའི་ཁུང་བུ་ནས་རྣམ་པར་ཤེས་པ་སྐྱེ་བ་ལ་བྱའོ།། ཀུན་གཞི་རྣམ་པར་ཤེས་པ་ལས་འབྱུང་བ་ནི་མེ་ལོང་དང་ཆུའི་དཔེ་དང་འདྲ་བར་བསྟན་པའོ།། གཅིག་པ་དང་ཐ་དད་པ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་གཅིག་པ་དང་ཐ་དད་པ་མ་ཡིན་པར་འཇིམ་པའི་གོང་བུ་དང་རྡུལ་ཕྲ་མོའི་དཔེས་བསྟན་པ་ལྟ་བུ་ཡིན་ནོ།།” (22) ཞེས་གསུངས་པ་ལྟར་མིག་གི་དབང་བོ་ནས་ལུས་ཀྱི་དབང་བོའི་བར་གྱི་རྐྱེན་པས་རྣམ་པར་ཤེས་པ་རྣམས་སྐྱེ་ཞིང་། བགོ་གཞི་ཀུན་གཞི་ལ་བག་ཆགས་བགོས་པའི་སྟོབས་ལས་རྣམ་པར་ཤེས་པ་དང་།གཉིས་ཀའང་མེ་ལོང་ལ་གཟུགས་བརྙན་བཞིན་དུ་གཅིག་པ་དང་ཐ་དད་པ་ལས་རྣམ་པར་གྲོལ་བ་འཇིམ་པའི་གོང་བུ་དང་རྡུལ་ཕྲ་མོའི་དཔེས་བསྟན་པ་ཡིན་པས་དབང་བོ་རྣམ་ཤེས་ཀུན་གཞི་གསུམ་གྱི་འབྲེལ་བ་གསལ་བོར་བསྟན་པ་འདི་ལྟ་བུ་བསྟན་བཅོས་གཞན་ན་མཇལ་དུ་མེད་པས་ངོ་མཚར་བས་ཀྱང་ངོ་མཚར་རོ།། ཀུན་གཞི་ཁས་མི་ལེན་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་རིགས་པ་འདི་ལྟར་འགོད་དེ། 《སྡེ་བདུན་རྒྱན་》ལས། “ན་གཞི་ཁས་མི་ལེན་པའི་རྒྱུ་མཚན་ཅི་ཡོད་ཅེ་ན། ཀུན་གཞི་ཁས་ལེན་ན། ཀུན་གཞིའི་རྣམ་ཤེས་རྟོག་པར་ཁས་ལེན་པའི་ཐབས་མེད་དེ། རྟོག་གཉིས་ཅིག་ཅར་འཇུག་པ་མེད། ཅེས་པའི་གྲུབ་པའི་མཐའ་དང་འགལ་བར་འགྱུར་བའི་ཕྱིར་ཏེ། ཀུན་གཞི་རྣམ་ཤེས་ནི་སངས་རྒྱས་མ་ཐོབ་ཀྱི་བར་རྒྱུན་མ་ཆད་པར་འཇུག་པས། ཡིད་ཤེས་རྟོག་བཅས་དང་རྒྱུད་གཅིག་ལ་དུས་མཉམ་དུ་འཇུག་པར་ཁས་ལེན་དགོས་པའི་ཕྱིར་རོ།། དེས་ན་རྟོག་མེད་དུ་ཁས་ལེན་དགོས་ལ། དེ་ལྟ་ན། རྟོག་མེད་ལོག་ཤེས་ཡིན་པར་མི་འཐད་དེ། སངས་རྒྱས་མ་ཐོབ་ཀྱི་བར་དུ་ལོག་ཤེས་རྒྱུན་ཆགས་སུ་རྒྱུད་ལ་ཡོད་པས་ཁྱབ་པར་ཐལ་བའི་ཕྱིར་རོ།།” (23)ཞེས་གསུངས་སོ།།
             《མདོ་བཏུས་》རང་ལས། “སྒྲིབ་པས་མ་བསྒྲིབས་ཞེས་བྱ་བའི་སྒྲིབ་པ་དེ་དག་གང་ཞེ་ན། འཕགས་པ་ཕུང་པོ་གསུམ་པ་ལས་འབྱུང་བ། འཁོར་བའི་ཆོས་རྣམས་ཀྱིས་ཀུན་དུ་གཞོམ་པར་འགྱུར་བའི་སྒྲིབ་པ་དེ་ལྟ་བུ་ལ་སོགས་པ་སྟེ། གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཡོན་ཏན་གྱི་ཆོས་དང་། ནན་ཏན་ཐམས་ཅད་ལ་ཀུན་དུ་རྒྱབ་ཀྱིས་ཕྱོགས་པར་གྱུར་པའི་འགེབས་པ་” (24)ཞེས་གསུངས་པ་ཡིན་ཏེ། ལས་ཀྱི་སྒྲིབ་པ་ཞེས་བྱ་བ་ནས་སྡིག་པའི་གྲོགས་པོས་ཉོན་མོངས་པའི་སྒྲིབ་པ་ཞེས་བྱ་བའི་བར་དུ་རྣམ་པ་བཅུར་གསུངས་པ་ནི་སྒྲིབ་པར་བྱེད་པའོ།། དེ་དག་གིས་བསྒྲིབ་པར་བྱ་བ་གང་ཞེ་ན། མདོར་བསྟན་པ་ནི། ཀུན་དུ་བཟང་པོའི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བ་ལ་སྒྲིབ་པ་དང་། ཆོད་པ་ཞེས་གསུངས་པ་ཡིན་ནོ།། སྐབས་འདིར་ལས་སྒྲིབ་ཀྱི་གཞན་དབང་དུ་སོང་སྟེ་རང་ལས་ཁྱད་དུ་འཕགས་པའི་གང་ཟག་རྣམས་ཀྱི་ཡོན་ཏན་མི་མཐོང་བ་དེ་ཡང་སྒྲིབ་པས་བསྒྲིབས་པའི་རྟགས་སུ་སོང་བར་གསུངས་ཤིང་། ཀུན་ཏུ་བཟང་བོ་སྨོན་ལམ་རྣམ་པར་དག་པའི་དོན་བཞིན་འགྲུབ་པ་ལ་བར་དུ་གཅོད་པའི་ལས་གང་ཡིན་པ་ཐམས་ཅད་ཀྱང་སྒྲིབ་པས་བསྒྲིབས་པའི་རྟགས་སུ་སོང་བར་བསྟན་པ་དང་། སྒྲིབ་པས་མ་རིག་པ་དང་། ཆོད་པས་རིང་བར་གྱུར་པར་དམིགས་ཀྱིས་གསུངས་ཤིང་། དེ་དག་ཀྱང་བློ་མངོན་སུམ་ལ་སྣང་མི་བཏུབ་པ་དག་རྗེས་སུ་དཔག་པའི་ཚད་མས་གཏན་ལ་འབེབ་དགོས་པར་གསུངས་པ་དང་གཉིས་སུ་མེད་དོ།།
             དེ་ལ་ཡང་《མདོ་བཏུས་》རང་ལས། “་བྲག་ཏུ་བསྟན་པ་ནི་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་ཞེས་བྱ་བ་ནས། འཁོར་བའི་ཆོས་ཀྱིས་ཀུན་གཞོམ་པར་འགྱུར་བ་ཞེས་བྱ་བའི་བར་གྱིས་སུམ་ཅུ་རྩ་གསུམ་ལ་སོགས་པར་གསུངས་པ་རྣམས་སོ།། སྒྲིབ་པ་དེ་དག་གིས་མ་བསྒྲིབས་པའི་མངོན་སུམ་དེའང་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་མངོན་སུམ་དང་། གཞན་གྱི་དབང་གི་མངོན་སུམ་དང་། ཡོངས་སུ་རྫོགས་པའི་མངོན་སུམ་མོ།།” (25)ཞེས་གསུངས་པ་ལྟར་དེ་ལ་སྒྱུ་མའི་སྐྱེས་བུ་དང་ས་ཤ་སྟག་ལ་སོགས་ཇི་ལྟར་བསྒོམས་པ་བཞིན་དུ་རང་ལ་གང་སྣང་ལྟར་དམིགས་པ་ནི་ཀུན་བརྟགས་པའི་མངོན་སུམ་ཡིན་ལ། འདུ་བྱེད་ཐམས་ཅད་མི་རྟག་པ་ལ་སོགས་པ་གཞན་ཡུལ་གྱི་དངོས་པོའི་ཚུལ་ཇི་ལྟ་བ་བཞིན་དུ་དམིགས་པ་ནི་གཞན་གྱི་དབང་གི་མངོན་སུམ་དང་། ཆོས་ཉིད་ཀྱི་རིགས་པ་བདེན་པ་བཅུ་ལྟ་བུའི་གནས་ལུགས་ལ་དམིགས་པ་ནི་ཡོངས་སུ་རྫོགས་པའི་མངོན་སུམ་དུ་ཤེས་པར་བྱའོ།། ཞེས་གཏན་ལ་ཕབ་ཡོད་དོ།། དེ་བཞིན་དུ་ཀུན་བརྟགས་པ་སྒྱུ་མ་ལ་སོགས་པར་དམིགས་པ་ནི། སྒྱུ་མའི་སྐྱེས་བུ་ཞིག་མཐོང་ན། སྐྱེས་བུའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་དམིགས་པ་དང་། མིག་སེར་གྱི་ནད་ཀྱིས་བཏབ་པས་དུང་སེར་པོར་སྣང་བ་དང་། རབ་རིབ་ཅན་གྱིས་ཟླ་བ་ཚེས་པ་ལ་གཉིས་སུ་མཐོང་བ་དང་། རྣ་ནད་ཀྱིས་བཏབ་པས་རླུང་དང་ཆུ་དབའི་སྒྲ་རྟག་ཏུ་ཐོས་པ་ལྟ་བུ་དག་ནི་སོ་སོ་རང་གིས་རིག་པ་ལ་མངོན་སུམ་དུ་སྣང་ཡང་ཚད་མ་མ་ཡིན་ལ། རྣལ་འབྱོར་པ་ལ་སོགས་པས་བསྒོམས་ཏེ། ཀེང་རུས་ལ་སོགས་པར་མཐོང་བ་དང་། ས་ཤ་སྟག་ལ་སོགས་པར་མཐོང་བ་དང་། བདག་མཐེ་བོ་ཙམ་དུ་མཐོང་བ་དང་། འདི་ལྟ་བུ་ལ་སོགས་པར་དམིགས་པ་ཡང་སོ་སོ་རང་གིས་རིག་པ་ལ་མངོན་སུམ་དུ་སྣང་ཡང་དམིགས་པའི་མཚན་ཉིད་ཡིན་ལ་ཚད་མར་བྱ་བ་ནི་མ་ཡིན་ནོ།། དེ་ལ་མངོན་སུམ་ཡོངས་སུ་དག་མ་དག་གི་དོན་ལས་གཞལ་བྱ་ཡུལ་དང་འཇལ་བྱེད་ཡུལ་ཅན་མངོན་སུམ་པའི་བརྡས་དྲངས་ཏེ་དཔྱད་རྒྱུ་དམིགས་བསལ་ཅན་ཤིན་ཏུ་མང་ངོ།། སྐབས་འདིར་འབྲེལ་གྱི་མངོན་སུམ་ལ་ཀུན་བརྟགས་པའི་མངོན་སུམ་དང་།གཞན་གྱི་དབང་གི་མངོན་སུམ་དང་། ཡོངས་སུ་རྫོགས་པའི་མངོན་སུམ་གྱི་རྣམ་བཞག་ཅེས་སུ་འགྲེལ་བའི་ཚུལ་ནི་དགོངས་འགྲེལ་སོགས་མདོ་ལུང་འབའ་ཞིག་གི་དོན་ལ་དགོངས་ནས་བཞག་པ་ཡིན་དུ་བདེན་ཡང་རྒྱ་གར་མཁས་པའི་གསུང་ན་འདི་དང་མཐུན་པའི་ཚུལ་མཇལ་དུ་མེད་དོ།།
གསུམ་པ། བཀའ་ཡང་དག་པའི་ཚད་མ་ལས་རྗེས་དཔག་ཡོངས་སུ་དག་པ།
             སྤྱིར་ན་རྗེས་དཔག་ལ་ཡང་དག་དང་ལྟར་སྣང་གཉིས་སུ་དབྱེ་བ་འདི་རྟོག་གེ་ཚིག་དོན་བརྒྱད་ཀྱི་སྐབས་སུ་གཏན་ལ་དབབ་བྱའི་གནད་གཙོ་བོ་ཞིག་ཏུ་གྲུབ་ཡོད་ཅིང་། རྒྱུ་མཚན་ཡང་རྣམ་འགྲེལ་ལེའུ་བཞི་ཀའི་ནང་ནས་ལེའུ་ཕྱི་མ་གཉིས་ཀ་རྗེས་དཔག་གི་ལེའུ་ཡིན་ལ། ལེའུ་འདི་གཉིས་ཀ་ལྐོག་གྱུར་གཏན་ལ་འབེབ་བྱེད་ཡིན་ཕྱིར་འཇལ་བྱེད་ཡུལ་ཅན་གྱི་ངོས་ནས་རྒྱས་པར་གསུངས་པ་ཡིན་ཏེ། གཞལ་བྱ་ཡུལ་གྱི་དབང་དུ་བྱས་ན་འདུ་བྱེད་ཐམས་ཅད་སྐད་ཅིག་ལ་འཇིག་པ་ཉིད་དང་། ལས་འབྲས་ཆུད་མི་ཟ་བ་ཉིད་ནི་རྟགས་དང་གཏན་ཚིགས་ལས་ཤེས་དགོས་ཚུལ་《མདོ་བཏུས》རང་ལས། “རྗེས་སུ་དཔག་པ་ཡོངས་སུ་དག་པའི་མཚན་ཉིད་ལ། འདུ་བྱེད་ཐམས་ཅད་སྐད་ཅིག་པ་ཉིད་དང་འཇིག་རྟེན་ཕ་རོལ་པོ་ཡོད་པ་དང་དགེ་བ་དང་། མི་དགེ་བའི་ལས་རྣམ་པར་ཆུད་མི་ཟ་བ་གང་དེ་ལ་གནས་པའི་མི་རྟག་པ་རགས་པ་མངོན་སུམ་དུ་དམིགས་པ་དང་། གང་སེམས་ཅན་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་དང་། གང་སེམས་ཅན་བདེ་བ་དང་། སྡུག་བསྔལ་བ་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་ཡིན་ཏེ། གང་གིས་མངོན་སུམ་དུ་མ་གྱུར་པ་ལ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ།།” (26) གསུངས་ཤིང་། དོན་ལ་དཔྱད་ན་ཡང་ཆོས་ཐམས་ཅད་ཀྱི་ནང་ནས་རགས་པ་གང་ཡིན་པ་ཐམས་ཅད་འུ་ཅག་ལའང་མངོན་སུམ་དུ་སྣང་དུ་ཡོད་ཀྱང་དེ་ལས་ཕྲ་བར་གྱུར་པ་དག་ནི་ལྐོག་ཏུ་གྱུར་པས་མངོན་སུམ་དུ་སྣང་མི་བཏུབ་བོ།། དེ་ཡང་འདུ་བྱེད་ཐམས་ཅད་སྐད་ཅིག་པ་ཉིད་དུ་འཇིག་པའི་ཟུར་གཅིག་དང་། དགེ་བ་དང་མི་དགེ་བའི་ལས་རྣམ་པར་ཆུད་མི་ཟ་བའི་ཟུར་གཅིག་འུ་ཅག་ལ་སྣང་དུ་ཡོད་ཀྱང་ཟུར་གཅིག་ལྐོག་ཏུ་གྱུར་པས་སྣང་དུ་མེད་དོ།།
             དེ་ལའང་《མདོ་བཏུས་》རང་ལས། “གང་རྗེས་སུ་དཔག་པར་བྱ་བ་དེའི་རང་བཞིན་ལྐོག་ན་འདུག་སྟེ། མངོན་སུམ་གྱིས་མ་དམིགས་ཀྱང་དེ་ལ་གནས་པའི་རྟགས་སམ།ཆོས་སམ། རྒྱུའམ། འབྲས་བུའམ། དེ་རྣམས་ཀྱི་ནང་ནས་གང་མངོན་སུམ་གྱིས་དམིགས་པའི་རྗེས་སུ་འཇུག་པའི་བློས་རྗེས་སུ་དཔགས་ཏེ། དེའི་གནས་དང་རང་བཞིན་ཤེས་པར་བྱའོ།། ལ་ལ་ཞིག་གནས་དང་། རང་བཞིན་ནི་མངོན་སུམ་གྱིས་དམིགས་སུ་ཡོད་ལ། རྟགས་ལ་སོགས་པ་དེ་ལ་གནས་པ་མངོན་སུམ་གྱིས་མ་དམིགས་ན། གནས་དང་རང་བཞིན་གྱིས་རྗེས་སུ་དཔགས་ཏེ། རྟགས་ལ་སོགས་པ་དེ་ལ་གནས་པ་ཤེས་པར་བྱ་བ་དང་། ད་ལྟར་བྱུང་བ་མངོན་སུམ་གྱིས་དམིགས་སུ་ཡོད་ལ། འདས་པ་དང་མ་འོངས་པ་ཤེས་པར་བྱ་བ་ཡོད་དོ།།” (27)ཞེས་གསུངས་པ་ལྟར། ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་འདས་ཟིན་གྱི་བྱ་བཞག་དག་དང་། མ་འོང་བར་འབྱུང་འགྱུར་གྱི་བྱ་བཞག་དག་གང་ལ་མཚོན་ནའང་ད་ལྟར་བྱུང་བའི་བྱ་བཞག་མངོན་སུམ་པ་དག་གི་རྟགས་ལས་རྗེས་སུ་དཔག་དགོས་པ་ཉིད་དེ། ཡུལ་དེ་ཉིད་སྔ་མ་འདས་ཏེ་འགག་པའམ། ཟླ་བའམ། ཞག་ལོན་ལ་མངོན་པར་འགྱུར་བ་ལ་ཡང་ཆུ་ཚོད་དང་། སེ་གོལ་བརྡབས་པ་ཙམ་གྱི་བར་གྱི་བློ་ལ་མངོན་སུམ་དུ་སྣང་མ་བཏུབ་པ་ནི་སྒྲིབ་པས་བསྒྲིབས་ནས་ཡིན་གྱི། མ་བསྒྲིབས་ན་རགས་པ་ལྟར་བློ་མངོན་སུམ་ལ་སྣང་དུ་རུང་ངོ།། སྒྲིབ་ཟེར་རྒྱུ་དེ་ཡང་དོན་གྱིས་འུ་ཅག་གི་དབང་ཤེས་དང་ཡིད་ཤེས་སུ་སྣང་བ་ལ་བར་དུ་གཅོད་པའི་ཤེས་བྱའི་སྒྲིབ་པ་སྟེ། ངོ་བོ་ཕྲ་བའི་བདག་ཉིད་ཅན་གང་ཡིན་པ་དེའི་ངོ་བོ་རྟོགས་བྱེད་ཀྱི་ནུས་པ་མེད་པ་དེའོ།། དཔེར་ན། འུ་ཅག་ལ་སྟོང་ཉིད་རྟོགས་བྱེད་ཀྱི་ནུས་པ་ཞན་པའི་དབང་གིས་སྟོང་ཉིད་རྟོགས་པའི་ལྟ་བ་རྒྱུད་ལ་སྐྱེ་དཀའ་ཞིང་། དྲན་འདུན་དུ་རེ་བས་ཀྱང་ཟིན་དཀའ་བ་ནི་མྱོང་བས་གྲུབ་པ་ལྟ་བུའོ།།
             《མདོ་བཏུས་》རང་ལས། “རྗེས་སུ་དཔག་གོ་ཅོག་ནི།གང་མངོན་སུམ་གྱིས་དམིགས་པ་དེའི་རྗེས་སུ་འཇུག་པའི་བློས་དེ་དང་འབྲེལ་པའི་དངོས་པོ་མངོན་སུམ་གྱིས་མ་དམིགས་པ་ལ་རྗེས་སུ་དཔག་ཅིང་ཤེས་པར་བྱའོ།། གང་གིས་མངོན་སུམ་དུ་མ་གྱུར་པ་ལ་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བ་ལ། གང་གིས་ཞེས་བྱ་བ་ནི་སྒྲིབ་པ་དང་བཅས་པའི་སྐྱེས་བུ་ལ་བྱའོ།། མངོན་སུམ་དུ་མ་གྱུར་པ་ནི་སྒྲིབ་པས་བསྒྲིབས་པ་ལ་བྱའོ།། རྗེས་སུ་དཔག་པ་ནི་ལྐོག་ན་འདུག་པའི་ཡུལ་རྟོགས་པར་འདོད་ཅིང་འཇལ་བ་ལ་བྱ་སྟེ། དེ་ལ་འདུ་བྱེད་ཐམས་ཅད་ཀྱི་སྐད་ཅིག་མ་ཉིད་མི་རྟག་པ་རགས་པ་དམིགས་པའི་རྗེས་སུ་དཔག་པས་ཤེས་པར་བྱ་བ་ལ་འདུ་བྱེད་རྣམས་གཉེན་པོ་དང་བཅས་པ་རྐྱེན་གྱིས་འཇིག་པ་དང་མི་འདྲ་བའི་རྒྱུན་ཕྱི་མ་བྱུང་ཞིང་སྔ་མ་འདས་ཏེ་འགག་པའམ། ཟླ་བའམ། ཞག་ལོན་ལ་མངོན་པར་འགྱུར་བ་ལ་ཡང་ཆུ་ཚོད་དང་། སེ་གོལ་བརྡབས་པ་ཙམ་གྱི་བར་དུས་སུ་འགྱུར་བར་སྣང་བ་ལས་ན་དེ་བས་ཀྱང་མྱུར་བ་སྐད་ཅིག་པར་ཡོད་པར་དཔག་པ་ནི་ཆོས་དང་རྒྱུའི་དཔག་པའི་མཚན་ཉིད་དོ།།” (28)ཞེས་གསུངས་པ་ལྟར་རོ།། དེ་ཡང་འདུ་བྱེད་ཀྱི་དངོས་པོ་གང་ཡིན་པ་རྣམས་སྐད་ཅིག་ལ་ཡོད་དུ་སྲིད་ཀྱང་སྐད་ཅིག་ལ་མེད་དུ་སྲིད་པའི་ལ་ཁའི་ན་བུན་བཞིན་རྒྱུན་བཅས་ཀྱི་དངོས་པོར་གནས་པའི་ཚུལ་ལུང་དང་རིགས་པའི་ལམ་ནས་སྒྲུབ་པའི་རིགས་པ་དཔེ་དང་བཅས་བཀོད་པ་ནི། 《མདོ་བཏུས་》རང་ལས། “འདུ་བྱེད་རྣམས་སྐད་ཅིག་པའི་རྒྱུན་དུ་གནས་ཏེ། ཚེ་འདི་ལ་རྒྱུན་ཡོད་པ་བཞིན་དུ་ཚེ་རབས་གཞན་ལ་ཡང་རྒྱུན་འབྱུང་བར་འགྱུར་བས་འཇིག་རྟེན་ཕ་རོལ་ཀྱང་ཡོད་དེ། སེམས་ཅན་སྣ་ཚོགས་ལ་གནས་པ་དམིགས་པའི་རྗེས་སུ་དཔག་པས་ཤེས་པར་བྱ་བ་ལ་འཇོག་ན་མི་ལ་སོགས་པ་འགྲེང་སྟེ་འགྲོ་བ་དང་ཕྱུགས་ལ་སོགས་པ་དུད་དེ་འགྲོ་བ་དང་། སྦྲུལ་ལ་སོགས་པ་འཕྱེ་ཞིང་འགྲོ་བ་དང་། བྱ་ལ་སོགས་པ་ནམ་མཁའ་ལ་ལྡིང་བ་དང་། ཉ་ལ་སོགས་པ་ཆུ་ན་འཕྱོ་བ་དང་དེ་འདྲ་བའི་ཚུལ་གྱིས་མི་མཐུན་པ་རྣམ་པ་སྣ་ཚོགས་མ་བསླབས་པར་ཡང་ཤེས་ཏེ་རྩོལ་བ་དང་། ལ་ལའི་གནས་ཅི་ལ་འཆའ། ལ་ལའི་ཟས་སུ་ཅི་ཟ། ལ་ལའི་ཡོན་ཏན་དུ་ཅི་ཡོད། ལ་ལའི་སྐྱོན་དུ་ཅི་ཆགས་ཏེ། སྣ་ཚོགས་ཀྱི་སྤྱོད་པ་མི་འདྲ་བ་ལ་སོགས་པ་དང་། སྐམ་ལ་གནས་པ་ནི་ཆུའི་གཏིང་དུ་འདུག་པར་མི་བཟོད། ཆུ་ལ་འདུག་པ་ནི་སྐམ་ལ་གནས་པར་མི་བཟོད། གྲང་བས་ནི་ཚད་ཁུངས་མི་ཐུབ། དྲོས་པས་ནི་གྲང་མོ་མི་ཐུབ་པ་ལ་སོགས་པ་རང་གི་ཆོས་མ་ཡིན་པ་བྱེད་མི་ནུས་པ་དང་། དེའི་ནང་ནས་ཀྱང་ལ་ལ་ནི་བསླབས་ན་ལོབས་པ་དང་། བསྒོམས་ན་གོམས་སུ་རུང་བ་ཡང་ཡོད། ལ་ལ་ནི་བསླབས་ཀྱང་མི་ལོབས་ལ་བསྒོམས་ཀྱང་གོམས་སུ་མི་རུང་བ་ཡང་ཡོད་པ་དང་། བ་གླང་དང་རྟ་ལ་སོགས་པ་མི་ལས་ཉམས་རྩལ་ཆེ་ལ་བང་མགྱོགས་པ་ཡང་མིས་བཀོལ་དུ་རུང་བ་དང་། ལྗི་བ་དང་ཤིག་ལ་སོགས་པ་མི་བས་ཆུང་ཡང་མི་ལ་ཟ་བ་དང་། སྐྱེ་གནས་བཞི་ནས་སྐྱེ་བའི་ཚུལ་མི་མཐུན་པ་དང་། འདི་འདྲ་བ་ལ་སོགས་པ་སེམས་ཅན་སྣ་ཚོགས་པ་ལ་སོགས་པ་གནས་པ་མངོན་སུམ་གྱིས་དམིགས་སུ་ཡོད་པ་ལས་ན། འཇིག་རྟེན་གཞན་དུ་ཡང་དེའི་ཚུལ་གྱིས་འགྲོ་བར་དཔག་པ་ནི་རྒྱུ་དང་ལས་དང་ཆོས་ཀྱི་རྗེས་སུ་དཔག་པའི་མཚན་ཉིད་དོ།།” (29)་ཞེས་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས་སེམས་ཅན་སོ་སོའི་བྱ་བྱེད་སྣ་ཚོགས་མི་འདྲ་ཞིང་། འུ་ཅག་ཤའི་མིག་ལ་མངོན་སུམ་དུ་སྣང་དུ་མེད་པས་མེད་པར་མི་འགྱུར་བ་ནི།རྫས་དང་རིག་གསར་གྱི་ལག་ཐབས་ལ་བརྟེན་ནས་ཆ་རྡུལ་དང་མ་རྡུལ་ལ་སོགས་པ་མཐོང་དུ་ཡོད་པ་ནི་ཀུན་གྱིས་ཤེས་ཤིང་ཐག་གཅོད་བཏུབ་པ་ལྟ་བུ་དང་། ལུས་ཀྱི་ཤ་དང་ཁྲག་གི་གསེབ་ན་རྒྱུ་བའི་ཕྲ་ཕུང་གི་སེམས་ཅན་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ།། 《མདོ་བཏུས་》རང་ལས། “དེ་ལྟར་འཇིག་རྟེན་ཕ་རོལ་ཡོད་ཅིང་སེམས་ཅན་རྣམས་འཁོར་བ་ན་གནས་པར་གྱུར་ན། སྐྱིད་པ་དང་སྡུག་པ་ལ་སོགས་པའི་བྱེ་བྲག་ཡོད་པ་ཡང་ཚེ་སྔ་མའི་ལས་ཀྱི་རྒྱུ་ལས་བྱུང་སྟེ།སེམས་ཅན་གྱི་བདེ་བ་དང་སྡུག་བསྔལ་བ་དང་དགེ་བ་དང་མི་དགེ་བའི་ལས་སྤྱོད་པ་ལ་གནས་ཤིང་འབྱུང་བར་དམིགས་ནས་འཇིག་རྟེན་གཞན་དུ་བདེ་བ་དང་སྡུག་བསྔལ་གྱི་རྣམ་པར་སྨིན་པ་མྱོང་བ་ཡང་དགེ་བ་དང་། མི་དགེ་བ་ལ་གནས་པ་འདིའི་ཚུལ་གྱིས་ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བར་དཔག་པ་ནི་ཆོས་དང་རྒྱུའི་རྗེས་སུ་དཔག་པའི་མཚན་ཉིད་དོ།། འདི་དག་ནི་རྗེས་སུ་དཔག་པའི་མཚན་ཉིད་ཡིན་ཏེ།རྗེས་སུ་དཔག་པའི་ཚད་མར་བྱ་བ་ནི་མ་ཡིན་ནོ།།” (30)ཞེས་ད་ལྟའི་མཐོང་བ་མངོན་སུམ་དུ་སྣང་བའི་སེམས་ཅན་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་བའི་ཁྱད་པར་ཅི་རིགས་པ་དང་།དགེ་བ་དང་མི་དགེ་བའི་ལས་ཀྱི་སྤྱོད་པ་ལ་གནས་པ་སྣ་ཚོགས་པ་འབྱུང་བར་དམིགས་ནས་འཇིག་རྟེན་གཞན་དུ་བདེ་བ་དང་སྡུག་བསྔལ་གྱི་རྣམ་པར་སྨིན་པ་མྱོང་བ་ཡང་དགེ་བ་དང་། མི་དགེ་བ་ལ་གནས་པ་འདིའི་ཚུལ་གྱིས་ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བར་དཔག་པ་རིགས་པས་གྲུབ་ཚུལ་སོགས་བརྗོད་འདུག
བཞི་བ། མཇུག་བསྡུ་བའི་གཏམ།
             《བཀའ་ཡང་དག་པའི་ཚད་མ་མདོ་བཏུས་པ་》འདི་བོད་རྩོམ་ཚད་གཞུང་ལ་སྔ་བའི་ཚད་མའི་བསྟན་བཅོས་ཀྱི་ཐོག་མ་ཡིན་པར་ད་སྔ་གཏན་འབེབ་གནང་མཁན་མ་བྱུང་ལ། ད་ལྟའི་བར་ཐམས་ཅད་ཀྱིས་རྔོག་བློའི་《ཚད་མ་རྣམ་པར་ངེས་པའི་དཀའ་བའི་གནས་རྣམ་པར་བཤད་པ་》འདི་ཚད་མའི་བསྟན་བཅོས་ཀྱི་ཐོག་མ་ཡིན་པར་བཤད་ནས་ད་ལྟའི་བར་ལུས། ཁོ་བོས་ཀྱང་མཁས་པ་སྔ་མ་རྣམས་ཀྱི་གསུང་ལ་ཡིད་ཆེས་དང་ཨ་ཕའི་ཁ་ཕོར་ལ་གཙང་ཞེན་གྱིས་དེ་ལྟར་སློབ་ཁྲིད་གང་ཡིན་ནས་ཚད་མའི་ལོ་རྒྱུས་རྒྱབ་ལྗོངས་ཀྱི་སྐོར་གླེང་དུས་རྒྱ་གར་ནང་བའི་ཚད་གཞུང་ལ་སྔ་བ་སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་བཏུས་དང་། བོད་རྩོམ་ཚད་གཞུང་ལ་སྔ་བ་རྔོག་བློའི་《ཚད་མ་རྣམ་པར་ངེས་པའི་དཀའ་བའི་གནས་རྣམ་པར་བཤད་པ་》འདི་ཡིན་པ་གཞིར་བཞག་གི་ངོས་ནས་ཞུ་ཁུལ་བྱས་པ་ཡིན། ཡིན་ཡང་ད་ལོའི་གཡར་ཟླའི་དབུ་ཙམ་ལ་བསྟན་པ་སྔ་དར་ལ་གྲགས་ཆེ་བ་《དཀར་ཆག་ལྷན་དཀར་མ་》དང་། 《དཀར་ཆག་མཆིམས་ཕུ་མ》 《དཀར་ཆག་འཕང་ཐང་མ་》གསུམ་པོ་འདིའི་སྔ་ཕྱི་གང་ཡིན་ལ་གསལ་ཁ་ཞིག་འདོན་དགོས་སྙམ་པའི་བློས་བསྐུལ་ནས་བོད་བཙན་པོའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་ངམ་གྱིས་བལྟ་དགོས་བྱུང་བས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བཀའ་དང་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་གི་ལོ་རྒྱུས་རྣམས་ཀློག་དུས་བོད་ཀྱི་མཁས་པས་བརྕམས་པའི་བསྟན་བཅོས་སྐོར་ཞིག་བསྟན་འགྱུར་ཁྲོད་དུ་བྱུང་ཞིང་། དེ་ལ་བསྟན་འགྱུར་ཞེས་བརྗོད་ན་མིང་དང་ཅུང་མི་འཚམས་པས་ག་རེ་གནང་སོང་སྙམ་པ་དང་། དཀར་ཆག་ཏུ་བསྡུ་བ་བོ་རྣམ་པས་ཀྱང་རྒྱུས་གང་ཡིན་ལ་གསལ་ཁ་མཛད་ཡོད་སའང་མ་མཐོང་ཕྱིར་རྒྱལ་བོ་དབང་བཙན་པས་གསུང་རྣམས་ནང་དུ་བཙན་གྱིས་བཅུག་པ་ཡིན་ལས་ཆེ་སྙམ་པའི་ཕྱོགས་ལྷུང་གི་བསམ་བློ་ཞིག་ཞོར་གྱིས་སྐྱེས། ཡིན་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་འདི་བ་ཆོས་སྲིད་དམག་དོན་དང་བཅས་པ་ལ་མཁས་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་རྒྱལ་རབས་ལོ་རྒྱུས་ཀུན་ན་གསལ་ལོ།།རྒྱུ་རྐྱེན་དེ་རིགས་ཀྱི་མཐུས་ཨཱ་ཙརྱ་བོ་དྷི་ས་ཏྭ་ཞེས་པ་སྟེ།ཡོངས་གྲགས་ལ་མཁན་ཆེན་བོ་དྷི་ས་ཏྭ་ཞེས་སུ་འབོད་པ་འདི་བ་བླ་མར་བསྟེན་ནས་སངས་རྒྱས་ཀྱི་བཀའ་ལས་རིགས་པ་གཙོ་བོར་སྟོན་པ་《འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་》དང་། 《འཕགས་པ་རྣམ་པར་འབྱེད་པའི་མདོ》 《འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་མདོ་》སོགས་ཁུངས་སུ་བྱས་ནས་《བཀའ་ཡང་དག་པའི་ཚད་མ་མདོ་བཏུས་པ་》སོགས་བསྟན་བཅོས་ཆོས་ཚན་བཅུ་བརྩམས་ཤིང་། དེ་དག་གི་ནང་ནས་བསྟན་བཅོས་འདི་རྒྱ་གཞུང་ཚད་མའི་བསྟན་བཅོས་དག་ལ་མ་བརྟེན་པར་མདོ་ལུང་ཁོ་ནར་གཞི་བཅོལ་ནས་བརྩམས་པ་ཞིག་ཡིན་ཕྱིར་བསྟན་བཅོས་གཞན་དང་མི་མཚུངས་ལ། སྒོས་སུ་མངོན་རྗེས་ཚད་མ་གཉིས་ཀྱི་སྐབས་ཡོངས་སུ་དག་མ་དག་གི་བརྡས་དྲངས་ཏེ་གཞལ་བྱ་མངོན་གྱུར་དང་ལྐོག་གྱུར་གཉིས་ཇི་ལྟར་འཇལ་བའི་ཚུལ་གསལ་པོར་གསུངས་པ་ནི་བསྟན་བཅོས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ནོ།། སྤྱིར་མི་རིགས་གཞན་གྱི་སྔོན་ཐོན་གྱི་ལག་ཆ་ནང་འདྲེན་དང་བཀོལ་སྤྱོད་བྱེད་རྒྱུ་དེ་གལ་ཆེ་བར་མཐོང་ཡང་དེའི་གྲིབ་མས་རང་གི་ཁྱད་ཆོས་རྙིང་བའི་འོད་རྣམས་སྒྲིབ་ན་ནི་འོས་པར་མ་མཐོང་སྟེ། གསེར་ཐང་བས། “སྣ་ཚོགས་སྙན་མི་སྙན་གྱི་གླུ་དབྱངས་འདྲ།། ལེན་མཁན་མཁས་མི་མཁས་པའི་གར་མ་མང་།། དཔྱད་འཇོག་བཟོད་མི་བཟོད་ཀྱི་རྩོམ་ཡིག་འདྲ།།འབྲི་མཁན་འཇོན་མི་འཇོན་གྱི་སྨྱུག་ཐོག་མང་།། ས་སད་གནམ་སད་ཡང་ཡང་བྱས་པའི་མཐར།། ལུང་རིགས་གཏམ་གྱི་བདེན་ཁ་ལ་བཞག་ནས།། མེས་པོའི་རུམ་ནས་ལོ་མང་སྒམ་པའི་གཏམ།། དཔྱད་མཁས་རིགས་ཀྱི་བུ་ནི་ཤིན་ཏུ་དཀོན།། གངས་རིའི་ཁུངས་ན་ལུས་པའི་གསེར་ལྡོག་ཅིག། སུ་དང་གང་གིས་མ་མཐོང་མ་རིག་པར།། ལོ་ངོ་སྟོང་ཕྲག་བརྒལ་བའི་གསང་ལམ་ནས།། ཇི་སྟེ་རྙེད་འདི་ཨེ་མ་སྐལ་བ་བཟང་།།” ཞེས་པའི་གཏམ་གྱིས་མཇུག་བསྡུ་བར་བྱས་སོ།།
མཆན་འགྲེལ།
             ①《དཀར་ཆག་ལྡན་དཀར་མ》 མཁས་པ་རབ་གསལ་གྱིས་ཞུ་སྒྲིག་བྱས་པའི་གནའ་བོའི་གཏམ་ལ་འཇུག་པའི་ཕོ་ཉར་བསྡུས་པ། 《དཀར་ཆག་ལྡན་དཀར་མ》ཤོག་ངོས་23ཐིག་ཕྲེང་3པར་གསལ། ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ལོ་1996ལོར་དཔར།
             ②《དཀར་ཆག་འཕང་ཐང་མ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་2005འི་ཟླ་6པའི་ནང་པར་ཐེངས་2པ་དཔར། ཤོག་ངོས་3ཐིག་ཕྲེང་1ན་གསལ།
             ③《སྒྲ་སྦྱོར་བམ་གཉིས》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་2005འི་ཟླ་6པའི་ནང་པར་ཐེངས་2པ་དཔར། ཤོག་ངོས་70ཐིག་ཕྲེང་10པ་ན་གསལ།
             ④《དཀར་ཆག་ལྡན་དཀར་མ》 མཁས་པ་རབ་གསལ་གྱིས་ཞུ་སྒྲིག་བྱས་པའི་གནའ་བོའི་གཏམ་ལ་འཇུག་པའི་ཕོ་ཉར་བསྡུས་པ། 《དཀར་ཆག་ལྡན་དཀར་མ》 ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ལོ་1996ལོར་དཔར། ཤོག་ངོས་69ཐིག་ཕྲེང་12པར་གསལ།
             ⑤《དཀར་ཆག་འཕང་ཐང་མ》 མི་རིགས་དཔེ་སྐྲུན་ཁང་གིས་2005འི་ཟླ6པའི་ནང་པར་ཐེངས་2པ་དཔར། ཤོག་ངོས་47ཐིག་ཕྲེང་12པ་ན་གསལ།
             ⑥《བུ་སྟོན་ཆོས་འབྱུང་》 བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1988ལོར་པར་ཐེངས་དང་པོ་བཏབ། ཤོག་ངོས་314ཐིག་ཕྲེང་12པ་ན་གསལ།
             ⑦《བོད་ཀྱི་དཀར་ཆག་རིག་པ》 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་2013ལོའི་ཟླ་3པར་དཔར། ཤོག་ངོས7པའི་ཐིག་ཕྲེང་3པ་ན་གསལ།
             ⑧《ཆོས་འབྱུང་མཁས་པའི་དགའ་སྟོན》 དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་2013ལོའི་ཟླ་3པའི་ནང་ཐེངས་3པ་དཔར། ཤོག་ངོས་218ཐིག་ཕྲེང་26བ་ན་གསལ།
             ⑨《ཚད་མ་རིགས་པའི་སྒོ》 ས་པཎ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་2013ལོའི་ཟླ་3པར་དཔར། ཤོག་ངོས་10ན་གསལ།
             ⑩《སྡེ་བདུན་རྒྱན》 མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་2013ལོའི་ཟླ་3པར་དཔར། ཤོག་ངོས་10ན་གསལ།
             ⑾བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་489ཐིག་ཕྲེང4པ་ན་གསལ།
             ⑿བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་489ཐིག་ཕྲེང་7པ་ན་གསལ།
             ⒀བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་490ཐིག་ཕྲེང་3པ་ན་གསལ།
             ⒁《མཁན་ཆེན་མསྡུས་གྲ》 མཁན་ཆེན་དགེ་འདུན་རྒྱ་མཚོས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་2013ལོའི་ཟླ་3པར་དཔར། ཤོག་ངོས་10ན་གསལ།
             ⒂བསྟན་འགྱུར། སྣ་ཚོགས། ཅོ། སྡེ་དགེ་ཤིང་པར། ཤོག་ངོས་231ཐིག་ཕྲེང3པ་ན་གསལ།
             ⒃བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་491ཐིག་ཕྲེང་10པ་ན་གསལ།
             ⒄《བསྟན་བཅོས་ཚད་མ་རྣམ་འགྲེལ》 དཔལ་ལྡན་ཆོས་ཀྱི་གྲགས་པས་རྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་2013ལོའི་ཟླ་3པར་དཔར། ཤོག་ངོས་10ན་གསལ།
             ⒅བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་491ཐིག་ཕྲེང་16པ་ན་གསལ།
             ⒆བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་491ཐིག་ཕྲེང་21པ་ན་གསལ།
             ⒇བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་492ཐིག་ཕྲེང་20པ་ན་གསལ།
             (21)《བསྟན་བཅོས་ཚད་མ་རྣམ་འགྲེལ》 དཔལ་ལྡན་ཆོས་ཀྱི་གྲགས་པས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་2013ལོའི་ཟླ་3པར་དཔར། ཤོག་ངོས་10ན་གསལ།
             (22)བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་493ཐིག་ཕྲེང་11པ་ན་གསལ།
             (23)《སྡེ་བདུན་རྒྱན》 མཁས་གྲུབ་རྗེས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1983ལོའི་ཟླ་12པའི་པར་ཐེངས་1པོ། ཤོག་ངོས་134ན་གསལ།
             (24)བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་494ཐིག་ཕྲེང་16པ་ན་གསལ།
             (25)བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག ་ངོས་495ཐིག་ཕྲེང་4པ་ནས་ཤོག་ངོས་496ཐིག་ཕྲེང་16པར་གསལ།
             (26)བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་498ཐིག་ཕྲེང་2པ་ན་གསལ། དོན་ནི་སློབ་དཔོན་གྱིས་མཛད་པའི་ཚད་མའི་མཚན་ཉིད་དང་དབྱེ་བ་ལ་སོགས་པ་རྣམས་ཡིན་ཏེ། རིགས་པ་དང་ལྡན་པའི་ཕྱིར་རོ།།
             (27)བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་498ཐིག་ཕྲེང་11ན་གསལ།
             (28)བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་498ཐིག་ཕྲེང་20པ་ན་གསལ།
             (29)བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་499ཐིག་ཕྲེང་12པ་ན་གསལ།
             (30)བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ཅོ། 2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་མཇུག་ཡོངས་སུ་རྫོགས་པར་པར་དུ་བསྐྲུན། ཤོག་ངོས་500ཐིག་ཕྲེང་11པ་ན་གསལ།