ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

དགེ་བཤེས་ཤེས་རབ་རྒྱ་མཚོས་《བུ་སྟོན་གསུང་འབུམ་》དང་《ཞོལ་བཀའ་འགྱུར་》ལ་ཞུས་དག་བྱས་པའི་སྐོར་གྱི་ཡིག་ཆ་འགའི་དོགས་གཞི་ལ་དཔྱད་པ།

སྤེལ་དུས 2019-07-22 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། རིན་ཆེན་བཀྲ་ཤིས།
[ནང་དོན་གནད་བསྡུས།] དགེ་བཤེས་ཤེས་རབ་རྒྱ་མཚོས་བུ་སྟོན་གསུང་འབུམ་དང་ཞོལ་བཀའ་འགྱུར་ལ་ཞུས་དག་མཛད་པའི་ཡིག་ཆ་གལ་ཆེན་མང་པོ་ལས་ཞུས་དག་གི་དུས་ཡུན་དང་ལོ་ཚིགས། མི་སྣ་སོགས་གཅིག་མཐུན་མིན་པ་མ་ཟད། ཞོལ་བཀའ་འགྱུར་དཀར་ཆག་ཏུ་དགེ་བཤེས་ཤེས་རབ་རྒྱ་མཚོའི་མཚན་གྱི་ཟུར་ཙམ་ཡང་གླེང་མེད། དེ་དག་ལ་གཞིགས་ནས་ཡིག་ཆ་ཐམས་ཅད་གུང་བསྒྲིགས་ཤིང་དགེ་བཤེས་མཆོག་གི་གསུང་རྩོམ་ལ་གཞི་བཅོལ་ཏེ་དོགས་གཞི་དག་ལ་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] དགེ་བཤེས་ཤེས་རབ་རྒྱ་མཚོ། བུ་སྟོན་གསུང་འབུམ། ཞོལ་བཀའ་འགྱུར། ཡིག་ཆ། དོགས་གཞི། རྟོག་དཔྱོད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256.1
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0190-20
དང་པོ། བུ་སྟོན་གསུང་འབུམ་དང་ཞོལ་བཀའ་འགྱུར་ཞུས་དག་སྐོར་གྱི་ཡིག་ཆ་གལ་ཆེན་བཞི་ལས་བྱུང་བའི་དོགས་གཞི།
              དེ་ཡང་ལྷ་རམས་པ་སྐལ་བཟང་རྒྱ་མཚོས་མཛད་པའི་《རྗེ་བཙུན་པྲ་ཛྙཱ་ས་རའི་རྣམ་པར་ཐར་པ་ཕུན་ཚོགས་ལེགས་ལམ་གྱི་རྩེ་མོ་》ཞེས་བྱ་བ་རུ། “ལོ་དེའི་ས་ག་ཟླ་བའི་ནང་ནོར་གླིང་དུ་གསུང་འབུམ་ཞུ་དག་གི་དབུ་ཚུགས་ཏེ། དེ་ཚེ་དགུང་ལོ་སོ་བཞི་ཡིན། ལོ་དྲུག་ཙམ་གྱིས་གསུང་འབུམ་པོ་ཏི་ཉེར་དགུའི་དཔར་གཞི་གསར་བཞེངས་ལེགས་པར་གྲུབ། རྗེས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་ནས། སེར་འབྲས་སོགས་ཆོས་སྡེ་གཞན་དང་གཞན་ན་མཁས་པའི་དབང་པོ་མང་མོད་ན་ཡང་མཁས་པའི་ཡོན་ཏན་ཡོངས་སུ་རྫོགས་པ་དཀའ་བས། བསྟན་འགྲོའི་ཕན་བདེའི་གཞི་རྩ་དམ་པར། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་དཔར་གཞི་གསར་བཞེངས་ཀྱི་ཞུ་དག་ཁྱེད་ཀྱིས་གནང་དགོས་ཚུལ་གྱི་བཀའ་སྤྱི་བོར་གནང་བ་དད་གུས་ཀྱིས་དང་དུ་བླངས། དེའི་ཚེ་རྒྱལ་དབང་ཐམས་ཅད་མཁྱེན་པས། བཀའ་འགྱུར་དཔར་བཞེངས་ཀྱི་འགལ་རྐྱེན་བར་གཅོད་ཀྱི་གེགས་ཟློག་ཏུ་དམིགས་ཏེ། ནོར་གླིང་དུ་རྒྱུན་པར་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་ཞབས་བརྟན་པ་ཉི་ཤུ་ཙམ་གྱིས་གེགས་ཟློག་གནད་དུ་སྨིན་པ་མཛད་ཀྱིན་ཡོད་གསུངས། དེ་ནས་ལོ་བརྒྱད་ཙམ་གྱིས་རྒྱལ་དབང་ཐམས་ཅད་མཁྱེན་པའི་འཕྲིན་ལས་དང་ཐུགས་རྗེ་ནུས་མཐུ་བསམ་གྱིས་མི་ཁྱབ་པའི་མཐུ་ལས་དཔར་གཞི་གསར་བཞེངས་ལེགས་པར་གྲུབ་”①ཅེས་གསུངས། བུ་སྟོན་གསུང་འབུམ་ཞུས་དག་གི་ལོ་ནི་དགེ་བཤེས་ཤེས་རབ་རྒྱ་མཚོ་དགུང་ལོ་སོ་བཞི་ཡིན་ན། དགེ་བཤེས་ཚང་ནི་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་སྤྲེལ་ལོའི་ས་ག་ཟླ་བའི་ཡར་ངོའི་རྒྱལ་བ་གཉིས་པ་སྟེ་སྤྱི་ལོ་1884ལོའི་ཧོར་ཟླ་4པའི་ཚེས་8ལ་སྐུ་འཁྲུངས། དེས་ན་ཁོང་དགུང་ལོ་སོ་བཞིའི་དུས་ནི་སྤྱི་ལོ་1884ཡི་སྟེང་དུ་33བསྣན་ན་སྤྱི་ལོ་1917ཡིན་པས་སོ།། ཡིན་ནའང་ཨ་ཁུ་ཆོས་དཔལ་སོགས་དགེ་བཤེས་ཚང་གི་རྣམ་ཐར་བྲིས་ཡོད་པའི་མཁས་པ་ཕལ་མོ་ཆེ་དང་དགེ་བཤེས་ཚང་གི་ལོ་ཚིགས་བྱ་ར་བཀོད་ཡོད་པ་རྣམས་ཀྱིས་སྤྱི་ལོ་1916ལོར་བུ་སྟོན་གསུང་འབུམ་གྱི་ཞུས་དག་གི་དབུ་ཚུགས་པར་བཞེད། ལྷ་རམས་པ་སྐལ་བཟང་རྒྱ་མཚོ་ལྟར་ན་བུ་སྟོན་གསུང་འབུམ་པོ་ཏི་ཉེར་དགུའི་དཔར་གཞི་གསར་བཞེངས་ནི་སྤྱི་ལོ་1917ནས་དབུ་ཚུགས་ཏེ་སྤྱི་ལོ་1922ལོར་ལེགས་པར་གྲུབ་དགོས་པ་དང་། དེ་ནས་ཞེས་པས་བཀའ་འགྱུར་ཞུས་དག་ནི་སྤྱི་ལོ་1923ནས་དབུ་ཚུགས་ཤིང་1930ལོར་མཇུག་རྫོགས་དགོས་པར་འདུག
              རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་དུ། བུ་སྟོན་གསུང་འབུམ་ནི། “རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ལོ་ནང་ནས་པར་ཡིག་འདྲི་ལས་ཀྱི་འགོ་བརྩམས། པར་དངོས་གཞི་ས་རྟ་ནས་ལོ་གསུམ་ཁོངས་སུ་མཇུག་རྫོགས་པར་གསར་བཞེངས་ཟིན་ཅིང་།”②ཞེས་པས་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ལོ་ནང་ནས་པར་ཡིག་འདྲི་ལས་ཀྱི་འགོ་བརྩམས་ན་སྤྱི་ལོ་1916ལོ་ཡིན་པ་དང་། པར་དངོས་གཞི་ས་རྟ་ནས་ལོ་གསུམ་ཁོངས་སུ་མཇུག་རྫོགས་ཞེས་པས་སྤྱི་ལོ་1918ནས་བཟུང་སྟེ་ལོ་3ནང་དུ་མཇུག་རྫོགས་པའི་དུས་ནི་ལོ་ངོ་མཐོང་ནི་སྤྱི་ལོ་1920ལོ་དང་ལོ་ཧྲིལ་བོ་ནི་སྤྱི་ལོ་1921ལོ་ཡིན་པས་གང་ཡིན་ཡང་ཆོགཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། “དགུང་ལོ་སོ་བཞི་པ་མེ་སྦྲུལ་ལོ་ནས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་བཀའ་ལྟར་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་པོད་ཉེར་དགུའི་དཔར་གཞི་གསར་བཞེངས་ཞུ་དག་དང་”③ཞེས་དང་། “རབ་བྱུང་བཅོ་ལྔ་པའི་ལྕགས་བྱ། སྤྱི་ལོ་1921ལོར་འབྲི་གུང་སྒོ་ལྕོག་རིན་པོ་ཆེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པར་རྒྱུ་ཡོན་འབོར་ཆེན་ཕུལ་ཏེ་རེ་འདུན་ཞུས་པ་ལྟར་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་བཀའ་འགྱུར་ཆ་ཚང་ཞིག་དཔར་དུ་བསྐྲུན་ཏེ་པོ་ཏཱ་ལའི་ཞོལ་འབྲས་བུ་སྟེང་གི་དཔར་ཁང་དུ་བཞུགས་པ་ལ་ཞོལ་དཔར་གསར་ཟེར། དེའི་མ་དཔེ་ནི། སྔར་གྱི་བཀའ་འགྱུར་བྲིས་མ་དང་དཔར་མ་ཁག་ཡིན། དཀར་ཆག་ནི་ཅོ་ནེ་དགེ་བཤེས་རིན་པོ་ཆེ་བློ་བཟང་རྒྱ་མཚོ། བདེ་ཡངས་མཚན་ཞབས་བསྟན་འཛིན་འཕྲིན་ལས། དགེ་བཤེས་ཤེས་རབ་རྒྱ་མཚོ། ཕ་བོང་ཁ་རིན་པོ་ཆེ་སྐུ་ཕྲེང་གོང་མ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ། མཚན་ཞབས་རྒྱལ་དབང་རིན་པོ་ཆེ་སོགས་ཀྱིས་སྔ་ཕྱིར་མཛད་པ་ཡིན་ལ། དེའི་ཁ་བྱང་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བཀའ་འགྱུར་རོ་ཅོག་གི་གསུང་པར་འཛམ་གླིང་སྤྱི་ནོར་གྱི་དཀར་ཅག་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ཅེས་འཁོད་ཡོད།”④ ཅེས་གསུངས་པ་ལ་གཞིགས་ན། དགུང་ལོ་སོ་བཞི་པ་མེ་སྦྲུལ་ལོ་ནི་སྤྱི་ལོ་1917ལོ་ཡིན་པས། སྤྱི་ལོ་1917ལོ་ནས་བུ་སྟོན་གསུང་འབུམ་ལ་ཞུས་དག་མཛད་པ་དང་། སྤྱི་ལོ་1921ནས་ཞོལ་བཀའ་འགྱུར་ལ་ཞུས་དག་མཛད། མ་དཔེ་གང་ཡིན་གྱི་ཁ་མི་གསལ་ཞིང་། དཀར་ཆག་ནི་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་མཁས་པ་ལྔས་སྔ་ཕྱིར་མཛད་པར་འདོད།
              ཞོལ་བཀའ་འགྱུར་དཀར་ཆག་ཏུ། “རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ལོ་ས་ཟླའི་ནང་ཡིག་འབྲི། པར་བརྐོས། དོ་དམ་པ། ཞུས་དག་པ་བཅས་བསྐོ་སྩལ་ཐོག་དཔལ་སྣར་ཐང་གི་བཀའ་འགྱུར་གཞིར་བཞག་གི་པར་ཡིག་གསར་བྲིས་ཀྱིས་མཚོན་ཐུགས་ཁུར་འགན་བཞེས་ཚད་མེད་པ་བསྐྱངས་རུང་ཇི་ལྟ་ཇི་ལྟར་དཀར་ཕྱོགས་ཀྱི་དགེ་མཚན་འཕེལ་བ་དེ་ལྟ་དེ་ལྟར་ནག་ཕྱོགས་ཡིད་སྲུབས་ཀྱི་སྙིང་གི་ཚེར་མར་ཆེ་བས་བར་ཆད་ཀྱི་འཚུབས་ལྷོང་ཡང་དེ་སྙེད་དུ་བདོ་བ་རང་གཤིས་ལ་བརྟེན་ལས་བྱེད་ཆེ་ཕྲ་མཐའ་དག་ལ་འགལ་རྐྱེན་ཅི་རིགས་ཀྱིས་འཇུག་འཁྱོངས་རིམ་ལུས་སུ་གྱུར་པ། སླར་ཡང་གོང་ས་མཆོག་ནས་ཐུགས་བསྐྱེད་ལྷག་པར་བཞེས་ཏེ་མཚན་ཞབས་གོ་མིང་འཛིན་པ་འབྲས་སྒོ་མང་ཧར་གདོང་སྟག་བྲག་སྤྲུལ་སྐུ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་དང་། སེར་སྨད་ཀོང་པོ་རྒྱལ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ངོས་གཉིས་ལ་མཇུག་སྐྱོང་དགོས་རྒྱུའི་བཀའ་ལུང་གསེར་གྱི་ཅོད་པན་ནོད་པ་བཞིན་གུས་པ་གཉིས་ནས་ཀྱང་། ཆུ་སྤྲེལ་ཟླ་བ་ལྔ་པའི་ཚེས་ནང་ནས་ཞུས་དག་གྲོགས་དན་སེར་བྱེས་བྱ་བྲལ་ཨོ་ཏོག་སྤྲུལ་སྐུ་བྱམས་པ་མཆོག་ལྡན་དང་། སེར་བྱེས་ལྷོ་པ་ངག་ལྡན་དགེ་སློང་ཐུབ་བསྟན་གསུང་རབ་བཅས་ནས་ཡང་ཞུས་དབུ་བཙུགས་ཏེ། ༧གོང་ས་མཆོག་གི་བཀའ་དགོངས་ལྟར་སྣར་ཐང་པར་མ་རྒྱལ་རྩེ་ཐེམ་སྤངས། སྡེ་དགེའི་མཚལ་པར་སོགས་བཀའ་འགྱུར་གོང་མ་དཔེ་ཁུངས་ཐུབ་རྣམས་དང་གོ་བསྡུར་གྱིས་ལྷག་ཆད་ཡིན་ངེས་བློར་ཆུད་པ་རྣམས་འཕྲི་བསྣན་དང་། བློར་མི་ཆུད་པ་དང་། དཔེ་དཔང་མ་རྙེད་པ་སོར་བཞག་ཁ་སྐོང་པར་སྔ་ཕྱི་གཉིས་དང་། བཀའ་འབྲེལ་སྣར་ཐང་པར་དུ་མ་བཞུགས་པའི་ཁ་སྐོང་དུ་མཁས་པའི་དབང་པོ་བུ་སྟོན་རིན་པོ་ཆེ་དང་། གོང་ས་ལྔ་པ་ཆེན་པོས་ཚད་མར་བཞེད་པ་རྒྱུད་ཁུངས་ཐུབ་གསར་བསྣན་བགྱིད་འོས་རྣམས་གསུང་པར་བྱིངས་འཁོད་ཟིན་གཤིས་རྒྱུད་སྡེ་རང་རང་ཐད་དུ་བཞུགས་ཐབས་མ་རྙེད་པས་རྒྱུད་ཁ་པ། ཅ་པ། ན་པ། ཚ་པ་བཅས་ཀྱི་ཞབས་སུ་པོད་ཆེ་ཆུང་དང་བསྟུན་ནས་བཞུགས་ཤིང་མདོ་རྒྱུད་ཀྱི་ཁོངས་སུ་གཏོགས་པ་གཉིས་ཀར་ཡོད་པ་རྣམས་བཀའ་འགྱུར་སྔ་མ་ལྟར་སོར་བཞག རྒྱུད་རང་ལ་ལན་གཉིས་འཁོད་པ་རྣམས་ནས་རེ་རེ་ཕྱིར་འཐེན་ཞབས་འདེགས་ཞུ་མུས་སྐབས་བསྟན་འགྲོའི་སྐུ་གེགས་དང་། གངས་ལྗོངས་སྐྱེ་དགུའི་བསོད་ནམས་དམན་པའི་འབྲས་བུ་བདོ་བས་༧གོང་ས་རྣམ་འདྲེན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པས་ཅི་བྱ་གཏོད་མེད་དུ་གྱུར་ཏེ་འཕྲོས་ལུས་པར། སླར་ཡང་གངས་ལྗོངས་ཆོས་སྲིད་ཀྱི་མཛད་པོ་རྭ་སྒྲེང་ཧོ་ཐོག་ཐུ་ནོ་མིན་ཧན་ཆེན་པོ་དང་། སྐུའི་གཅུང་པོ་སྲིད་བློན་མཆོག་ནས་རྣམ་འདྲེན་ཆེན་པོ་དེ་ཉིད་ཀྱི་ཐུགས་བཞེད་མཐའ་དག་ཡོངས་སུ་སྐོང་སླད་འཕྲོ་སྐྱོང་དགོས་ཚུལ་སྤྱི་སྩལ་ལྟར་ཡང་བསྐྱར་ཤིང་ཁྱི་ཟླ་བ་གསུམ་པའི་ཚེས་གཅིག་ནས་པར་འཛུག་ཞུས་དག་སོགས་འགོ་བརྩམས། མཁས་པའི་དབང་པོ་རྣམས་ལའང་བཀའ་འདྲི་དོགས་གཅོད་དང་བཅས། འཐོར་བ་བསྡུས། བསྲེ་སླད་དབྱུང་། རང་བཟོའི་བསླད་པ་ཅུང་ཟད་ཙམ་ཡང་མ་ཞུགས་པར་རང་བློས་གང་སྤོབས་ཀྱིས་ཞུས་དག་དཔྱད་བཟོད་ཀྱི་ཁུལ་དུ་བགྱིས་པ་ཀུན་གྱིས་ཡིད་ཆེས་ཁུངས་བཙུན་དུ་བགྱིས་ཆོག་པའི་འཛམ་གླིང་བསྟན་འགྲོ་སྤྱིའི་ཕན་བདེའི་དགའ་སྟོན་ཡིད་བཞིན་དབང་གི་ནོར་བུ་ལྟ་བུར་བཞུགས་སོ་”⑤ཞེས་གསུངས་པ་ལ་གཞིགས་ན། རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ལོ་སྟེ་སྤྱི་ལོ་1920ལོར་བཀའ་འགྱུར་ཞུས་དག་གི་དབུ་ཚུགས་པ་དང་། སྐབས་དེའི་མ་ཡིག་ནི་དཔལ་སྣར་ཐང་གི་བཀའ་འགྱུར་ཡིན། ཆུ་སྤྲེལ་ཏེ་སྤྱི་ལོ་1932ལོར་ཡང་ཞུས་ཀྱི་དབུ་ཚུགས། མ་ཡིག་ནི་སྣར་ཐང་པར་མ་དང་།རྒྱལ་རྩེ་ཐེམ་སྤངས་མ། སྡེ་དགེའི་མཚལ་པར་སོགས་ཡིན། སྤྱི་ལོ་1933ལོར་གོང་ས་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པས་འཕྲོ་ལུས་པར་གྱུར། ཤིང་ཁྱི་སྟེ་སྤྱི་ལོ་1934ལོར་རྭ་སྒྲེང་ཧོ་ཐོག་ཐུ་ནོ་མིན་ཧན་ཆེན་པོ་བོད་ཀྱི་སྲིད་འཛིན་དུ་བསྐོས། ཁོང་དང་སྐུའི་གཅུང་པོ་སྲིད་བློན་མཆོག་ནས་རྣམ་འདྲེན་ཆེན་པོ་དེ་ཉིད་ཀྱི་ཐུགས་བཞེད་མཐའ་དག་ཡོངས་སུ་སྐོང་སླད་འཕྲོ་སྐྱོང་དགོས་ཚུལ་སྤྱི་སྩལ་ལྟར་ལོ་དེར་དཀར་ཆག་རྩིས་པའི་པོད་བརྒྱ་ཐམ་པ་ཡོངས་སུ་གྲུབ།
              ལྷ་རམས་པ་སྐལ་བཟང་རྒྱ་མཚོ་ལྟར་ན་སྤྱི་ལོ་1917ལོ་ནས་སྤྱི་ལོ་1922ལོའི་བར་ཏེ་ལོ་ངོ་དྲུག་ཙམ་ལ་བུ་སྟོན་གསུང་འབུམ་ལ་ཞུས་དག་གནང་བ་དང་། སྤྱི་ལོ་1923ལོ་ནས་སྤྱི་ལོ་1930ལོའི་བར་ཏེ་ལོ་ངོ་བརྒྱད་ལ་བཀའ་འགྱུར་ཞུས་དག་གི་འགན་བཞེས་པར་འདོད། རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་ལྟར་ན། སྤྱི་ལོ་1916ནས་བུ་སྟོན་གསུང་འབུམ་ཞུས་དག་གི་འགོ་བརྩམས་པ་དང་། སྤྱི་ལོ་1920ལོའམ་ཡང་ན་སྤྱི་ལོ་1921ལོ་གང་རུང་དུ་མཇུག་རྫོགས་དགོས། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ལྟར་ན། སྤྱི་ལོ་1917ལོ་ནས་བཟུང་བུ་སྟོན་གསུང་འབུམ་ལ་ཞུས་དག་མཛད་པ་དང་། སྤྱི་ལོ་1921ལོ་ནས་བཀའ་འགྱུར་ཞུས་དག་གི་དབུ་ཚུགས། ཞོལ་བཀའ་འགྱུར་དཀར་ཆག་ལྟར་ན། སྤྱི་ལོ་1920ལོ་ནས་1934ལོའི་བར་ཏེ་ཁྱོན་ལོ་ངོ་བཅོ་ལྔ་ལ་ཞུས་དག་བགྱིས།
              ཡིག་ཆ་འདི་བཞི་བོ་ལའང་ཡིད་རྟོན་རུང་སྟེ། དང་པོ་ལྷ་རམས་པ་སྐལ་བཟང་རྒྱ་མཚོ་ནི་དགེ་བཤེས་ཤེས་རབ་རྒྱ་མཚོའི་དངོས་སློབ་ཡིན་པར་མ་ཟད་དགེ་བཤེས་མཆོག་གི་སྐུ་ཚེ་གང་བོར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པ་དང་། གཉིས་པ་རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་ནི་ཕུར་ལྕོག་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་ཀྱིས་མཛད་ཅིང་། ཁོང་ཉིད་དུས་རབས་དེ་ལ་འཚོ་གཞེས་གནང་མཁན་ཡིན། གསུམ་པ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནི་གཅིག་ནས་ཁོང་གིས་བོད་ཀྱི་དཀར་ཆག་རིག་པའི་སྲོལ་བཏོད་པ་དང་། གཉིས་ནས་བོད་ཀྱི་དཀར་ཆག་རིག་པ་ལ་ཞིབ་འཇུག་གཏིང་ཟབ་ཅིག་ཡོད། བཞི་པ་བཀའ་འགྱུར་དཀར་ཆག་ནི་དགེ་བཤེས་ཤེས་རབ་རྒྱ་མཚོས་དངོས་སུ་ཞུས་དག་མཛད་པའི་ཞོལ་བཀའ་འགྱུར་གྱི་དཀར་ཆག་ཡིན་པས་སོ།།
གཉིས་པ། བུ་སྟོན་གསུང་འབུམ་དང་ཞོལ་བཀའ་འགྱུར་གཉིས་དོན་དངོས་སུ་དུས་ནམ་ནས་བཟུང་ཞུས་དག་མཛད་པ་དང་ཞུས་དག་མཛད་པའི་ཡུན་ཚད་དང།
              མཁས་པ་སུ་དང་གང་གིས་ཞུས་དག་མཛད་པ་བཅས་ལ་བརྟག་པ།དེས་ན་གོང་གི་ཡིག་ཆ་འདི་བཞི་བོ་བསྡུར་ནས་བརྟགས་ན། དོགས་གཞི་མང་པོ་ཞིག་མཆིས་ཏེ། དགེ་བཤེས་ཤེས་རབ་རྒྱ་མཚོས་སྤྱི་ལོ་1916ལོ་ནས་བུ་སྟོན་གསུང་འབུམ་ལ་ཞུས་དག་མཛད་པ་ཡིན་ནམ་སྤྱི་ལོ་1917ལོ་ནས་བཟུང་ཞུས་དག་མཛད་པ་ཡིན། ཡང་དགེ་བཤེས་ཤེས་རབ་རྒྱ་མཚོས་ཞོལ་བཀའ་འགྱུར་ལ་ཞུས་དག་མཛད་ཡོད་དམ་མེད། ཡོད་ན་ཞོལ་བཀའ་འགྱུར་དཀར་ཆག་ཏུ་ཁོང་གི་མཚན་གྱི་ཟུར་ཙམ་ཡང་བཀོད་མེད་པའི་རྒྱུ་མཚན་ཅི། ལྷ་རམས་པ་སྐལ་བཟང་རྒྱ་མཚོ་ལྟར་ན། དགེ་བཤེས་ཤེས་རབ་རྒྱ་མཚོས་སྤྱི་ལོ་1922ལོ་ནས་བཟུང་བཀའ་འགྱུར་ལ་ཞུས་དག་མཛད་དགོས་པ་དང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ལྟར་ན། སྤྱི་ལོ་1921ལོ་ནས་ཞུས་དག་མཛད་པར་བཞེད་པ་དང་། ཞོལ་བཀའ་འགྱུར་དཀར་ཆག་ལྟར་ན་སྤྱི་ལོ་1920ལོ་ནས་བཟུང་བཀའ་འགྱུར་ཞུས་དག་གི་དབུ་ཚུགས་པ་ཡིན་པས་དེ་འདྲའི་བར་ཁྱད་བྱུང་དོན་ཅི། ཡང་ལྷ་རམས་སྐལ་བཟང་རྒྱ་མཚོས་བཀའ་འགྱུར་ལ་ལོ་ངོ་བརྒྱད་ཀྱི་རིང་ལ་ཞུས་དག་མཛད་པར་བཤད་པ་དང་། ཞོལ་བཀའ་འགྱུར་དཀར་ཆག་ཏུ་ལོ་ངོ་བཅོ་ལྔའི་རིང་ལ་ཞུས་དག་མཛད་པར་བཤད་དོན་ཅི། ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། དཀར་ཆག་ནི་ཅོ་ནེ་དགེ་བཤེས་རིན་པོ་ཆེ་བློ་བཟང་རྒྱ་མཚོ། བདེ་ཡངས་མཚན་ཞབས་བསྟན་འཛིན་འཕྲིན་ལས། དགེ་བཤེས་ཤེས་རབ་རྒྱ་མཚོ། ཕ་བོང་ཁ་རིན་པོ་ཆེ་སྐུ་ཕྲེང་གོང་མ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ། མཚན་ཞབས་རྒྱལ་དབང་རིན་པོ་ཆེ་སོགས་ཀྱིས་སྔ་ཕྱིར་མཛད་པ་ཡིན་པར་བཞེད་ལ། ཞོལ་བཀའ་འགྱུར་དཀར་ཆག་ཏུ། དཀར་ཆག་ནི་“མཚན་ཞབས་སྟག་བྲག་སྤྲུལ་སྐུ་ངག་དབང་གསུང་རབ་མཐུ་ཐོབ་བསྟན་པའི་རྒྱལ་མཚན་དང་། མཚན་ཞབས་ཚ་སྤྲུལ་ངག་དབང་བློ་བཟང་གཉིས་ཀྱིས་མཛད།”⑥ཅེས་པ་ལས་ཅོ་ནེ་དགེ་བཤེས་རིན་པོ་ཆེ་བློ་བཟང་རྒྱ་མཚོ་དང་། བདེ་ཡངས་མཚན་ཞབས་བསྟན་འཛིན་འཕྲིན་ལས། ཕ་བོང་ཁ་རིན་པོ་ཆེ་སྐུ་ཕྲེང་གོང་མ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་བཅས་ཀྱི་མཚན་བཀོད་མེད་པ་སོགས་དོགས་གཞི་མང་པོ་ཞིག་ངང་ངམ་ཤུགས་ཀྱིས་འབྱུང་།
              དེ་ཡང་སྤྱི་ལོ་1917ལོའི་སྨོན་ལམ་ཉི་ཤུ་བཞིའི་ཉིན་ནོར་བུ་གླིང་གར་གཞུང་གི་སྐུ་དྲག་སེར་སྐྱ་ཚང་འཛོམས་ཀྱི་དབུས་སུ་རྩེའི་དྲུང་ཡིག་ཆེན་མོ་ཆོས་དར་ལགས་ནས་ལྷ་རམས་པའི་དམ་བཅའི་ཨང་རིམ་བསྒྲིགས་པའི་སྐབས་སུ། རིག་པའི་གནས་ལྔ་ལ་མཁས་པའི་ཨང་དང་པོ་འབྲས་སྒོ་མང་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཞེས་བསྒྲགས་པས་དེར་ཚོགས་པ་ཀུན་གྱིས་རྗེས་སུ་ཡི་རང་ངོམས་པ་མེད་པ་བྱུང་། དེའི་ཚེ་གཞུང་ས་མཆོག་ནས་ན་བཟའ་ཆ་ཚང་། ཆོས་གོས། དབུ་ཞྭ། ཇ་སྒམ་ཕྱེད་སོགས་གནང་སྐྱེས་ཤིན་ཏུ་ཟབ། ལོ་དེའི་སྨོན་ལམ་གྲོལ་རྗེས་དགེ་བཤེས་ཤེས་རབ་རྒྱ་མཚོས་དགའ་ལྡན་དུ་ལྕང་རྒྱབ་ཁྲི་རིན་པོ་ཆེར་རྡོ་རྗེ་ཕྲེང་བའི་དབང་ཞུས་པ་དང་མཉམ་དུ་རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པའི་སྐུ་གདུང་ཆེན་མོའི་མདུན་ནས་ཕྱག་འབུམ་གསོག་པའི་ཟླ་གཅིག་ཙམ་གྱི་རྗེས་སུ། རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནས། ཉིད་ཕ་ཡུལ་ལ་ཡང་མ་ཕེབས། རྒྱུད་ལ་ཡང་མ་ཕེབས། འཕྲལ་མྱུར་དུ་ནོར་གླིང་དུ་ཕེབས་ཏེ། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱི་གསུང་འབུམ་པར་གཞི་གསར་བཞེངས་ཀྱི་ཞུས་དག་གནང་དགོས་པར་བཀའ་ཕེབས། ལོ་དེའི་ས་ག་ཟླ་བར་ནོར་གླིང་དུ་ཕེབས་ཏེ། རྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་དགོངས་བཞིན་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་པོ་ཏི་ཉེར་དགུའི་ཞུ་དག་གི་དབུ་བཙུགས། གསོལ་འདེབས་ཡིད་ཀྱི་གདུང་སེལ་དུ། “ཁ་བ་རི་པའི་ཀུན་མཁྱེན་བུ་སྟོན་རྗེའི།། ལེགས་བཤད་ལུང་གི་ཆུ་གཏེར་ལུད་པའི་གསུང་།། དཔར་གྱི་འཕྲུལ་དུ་འདྲེན་པའི་ཞུ་ཆེན་གནང་།། རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།།”⑦ཞེས་གསུངས། དགེ་བཤེས་མཆོག་གིས་དགའ་ལྡན་གསེར་གདུང་རིན་པོ་ཆེའི་མདུན་དུ་ཕྱག་འབུམ་གསོག་སྐབས། གཞུང་ས་མཆོག་ནས་བུ་སྟོན་གསུང་འབུམ་ཞུ་དག་གི་བཀའ་རྒྱ་འབྱོར་བ་ལྟར་ནོར་གླིང་དུ་ཕེབས་ནས་ཁྲི་བྱང་རིན་པོ་ཆེ་གསང་ཕུར་བཞུགས་པ་ལ་ཕུལ་བའི་ཆབ་ཤོག་ཏུ། “ས་སྟེང་ལུང་རྟོགས་ཀླུང་བརྒྱ་འགྲེམ་པའི་རིར།། ས་གསུམ་རེ་སྐོང་གསེར་གྱི་མཆོད་སྡོང་མདུན།། ས་ལ་ལུས་ཀུན་འབེབས་པའི་བརྐྱང་ཕྱག་གིས།། ས་ཆུ་འབྱུང་འཁྲུགས་ཁོང་ནད་སྦྱོང་བའི་སྐབས།།ས་སྐྱོང་སྡོམ་བརྩོན་རྒྱལ་བའི་དབང་པོ་ཡིས།། ས་ན་ཟླ་བྲལ་བུ་སྟོན་ཁ་ཆེའི་གསུང་།། ས་ཁྱབ་འཕྲུལ་དུ་སྒྲུབ་པའི་ཞུ་དག་པ།། ས་རའི་མཐའ་ཅན་ཁོ་བོར་བཀའ་ལུང་སྩལ།། ས་མོས་རླུང་གིས་གཡོ་བ་ཇི་བཞིན་དུ།། ས་ཡི་སྙིང་པོ་མ་ཎི་དྭཱི་པར་འོངས།། ས་འདིའི་སྨྲ་མཁས་མཚན་ཞབས་མཆོག་དང་ལྷན།། ས་མཐའི་བཙུན་པ་ཤེས་རབ་རྒྱ་མཚོ་ང་།། ས་ན་ནོར་བུའི་འཁྲི་ཤིང་དཔར་གྱི་གཞིར།། ས་ག་ནས་བཟུང་དག་དཔྱོད་བགྱིད་བཞིན་ཡོད།།”⑧ཅེས་པའི་ས་སྟེང་ལུང་རྟོགས་ཀླུང་བརྒྱ་འགྲེམ་པའི་རི་ནི་དགའ་ལྡན་དང་། ས་གསུམ་རེ་སྐོང་གསེར་གྱི་མཆོད་སྡོང་མདུན་ནི་རྗེ་ཙོང་ཁ་པའི་གསེར་གདུང་ཆེན་མོའི་མདུན་ཞེས་པའི་དོན་དང་། ས་སྐྱོང་སྡོམ་བརྩོན་རྒྱལ་བའི་དབང་པོ་ནི་རྒྱལ་དབང་བཅུ་གསུམ་པ་དང་། ས་ར་ནི་རྒྱ་མཚོའི་སྐད་དོད་དང་། ས་རའི་མཐའ་ཅན་ནི་རྒྱ་མཚོའི་མཐའ་ཅན་ཏེ་དགེ་བཤེས་ཁོང་ཉིད་ལ་གོ་བ་དང་། མ་ཎི་དྭཱི་པ་ནི་ནོར་གླིང་། ས་ག་ནི་ས་ག་ཟླ་བ་སྟེ་ཧོར་ཟླ་བཞི་པ། སྨྲ་མཁས་མཚན་ཞབས་མཆོག་ནི་མཚན་ཞབས་བདེ་ཡངས་བསྟན་འཛིན་འཕྲིན་ལས་འོད་ཟེར་ཚང་ངོ་།། དོན་ནི་དགའ་ལྡན་དུ་རྗེའི་གསེར་གདུང་ཆེན་མོའི་མདུན་དུ་བརྐྱང་ཕྱག་གསོག་སྐབས་གོང་ས་རྒྱལ་དབང་བཅུ་གསུམ་པས་བུ་སྟོན་གསུང་འབུམ་ལ་ཞུས་དག་བགྱིད་དགོས་པའི་བཀའ་བསྩལ་པས། ཧོར་ཟླ་བཞི་པ་ནས་མཚན་ཞབས་བདེ་ཡངས་དང་མཉམ་དུ་ནོར་བུ་གླིང་ག་ནས་བུ་སྟོན་གསུང་འབུམ་ལ་ཞུས་དག་བགྱིད་བཞིན་ཡོད་ཅེས་པའོ།། ཡང་ཉིད་ཀྱི་གསུང་ལས། “ཁ་ཆེ་ཞེས་གྲགས་བུ་སྟོན་ཆོས་རྗེའི་གསུང་།། ཁ་པ་སོགས་ལ་ཞུ་དག་བགྱིད་བཞིན་མཆིས།།”⑨ ཞེས་པ་ནི་བྱང་རྩེ་མཁན་པོ་བསྟན་དར་གྱིས་ནོར་གླིང་རྩོད་རྒྱུགས་སྐབས་ཁོ་རང་ཡག་པོ་བྱུང་ལུགས་སོགས་སྙོན་འདིང་རྫུན་གྱི་ཕྲེང་བ་སེར་ཀོང་ཚང་སོགས་རིགས་མཐུན་ཆགས་སྡང་རྨོངས་པའི་བྲན་དུ་རྒས་པ་རྣམས་ལ་བསྒྲགས་པ་ལ་རྫུན་ཁུངས་རྡོལ་བར་བྱེད་པའི་སུན་འབྱིན་གྱི་འབྱམས་ཡིག་ཅིག་གནང་བར་དགོངས་པའི་ཚེ། ཁྲི་བྱང་རིན་པོ་ཆེ་དང་དགེ་རྒན་ཡོངས་འཛིན་གཉིས་ནས་དེ་ལྟར་མི་མཛད་པར་ཞུས་པའི་ལན་དུ་གནང་བའི་ཆབ་ཤོག་ཏུ་ཡོད་ཅིང་། དུས་སྐབས་དེར་བུ་སྟོན་གསུང་འབུམ་པོད་ཁ་པ་ལ་ཞུ་དག་བྱེད་མུས་མཆིས། ཡང་མཎྜལ་བཤད་པ་རུ། “རྒྱལ་བའི་བཀའ་དང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་གསུང་འབུམ་པར་དུ་བཞེངས།”⑩ཞེས་པ་ནི་བུ་སྟོན་གསུང་འབུམ་པར་བཞེངས་གྲུབ་ཟིན་པ་དང་བཀའ་འགྱུར་ལ་ཞུས་དག་བྱེད་བཞིན་པ་སྟེ། དུས་སྐབས་དེ་ནི་རྒྱལ་དབང་བཅུ་གསུམ་པ་དགུང་གྲངས་ཞེ་དགུར་ཕེབས་པ་ཤིང་བྱི་སྟེ་སྤྱི་ལོ་1924ལོ་ཡིན་ཏེ། རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་དུ། ལོ་དེའི་“ཚེས་བཅུ་བཞི་ཉིན། དད་གཏོང་ཡངས་པ་ཏྲེ་ཧོར་ཁང་གསར་བླ་བྲང་ནས་གསོལ་བ་བཏབ་པ་བཞིན་ངུར་སྨྲིག་འཛིན་པ་ཁྲི་ཕྲག་གི་ཚོགས་མགོན་དུ་ཞབས་མཐིལ་བཀྲ་ཤིས་ཀྱི་རེ་ཁས་མཚན་པ་འགྱུར་མེད་རྡོ་རྗེའི་ཁྲི་ལ་མཛེས་པར་བཀོད་ཐོག མཚན་དཔེའི་དཀྱིལ་འཁོར་རྣམ་པར་གསལ་བས་ཕྱག་དབང་བྱིན་རླབས་དང་། སྐྱབས་འགྲོའི་དབུ་བསྐུལ་མཛད་ཅིང་། ཡོན་གྱི་བདག་པོ་ཁང་གསར་སྤྲུལ་སྐུ་ནས་ཞིང་ཁམས་རྒྱ་མཚོའི་བཀོད་པ་ཕྱག་ཏུ་ཐོགས་ཏེ་གསང་བ་གསུམ་གྱི་ཡོན་ཏན་རྨད་དུ་བྱུང་བའི་ཚུལ་བརྗོད་པ་སྔོན་དུ་བཏང་ནས་སྐབས་དོན་ཞབས་བརྟན་གསོལ་འདེབས་ཀྱི་སྙན་བསྐུལ་ཤུགས་དྲག་དང་བཅས་དངོས་འབྱོར་གྱི་ལེགས་འབུལ་སྤམས་མཐོ་བ་སྤྱན་ལམ་དུ་རིམ་བཞིན་བསྟར་”⑾ཞེས་པ་དང་། མཎྜལ་བཤད་པའི་མཇུག་ཏུ། “ཏྲེ་ཧོར་ཁང་གསར་སྐྱབས་མགོན་ལྷ་རམས་པའི་མཚན་བཏགས་སྐབས་གོང་ས་རིན་པོ་ཆེ་ཚོགས་ཕེབས་ཞུས་པའི་མཎྜལ་བཤད་པར་དགོས་ཚུལ་ཕེབས་པ་ལྟར་”⑿ཞེས་པ་སྟེ་ཏྲེ་ཧོར་ཁང་གསར་ལྷ་རམས་པའི་མཚན་བཏགས་སྐབས་གོང་ས་མཆོག་ཚོགས་ཕེབས་ཞུས་པ་ལ་མཎྜལ་བཤད་པ་ཞིག་དགོས་ཞེས་དགེ་བཤེས་ཤེས་རབ་རྒྱ་མཚོ་ལ་ཞུས་པས་ཁོང་གིས་ཏྲེ་བོ་ཁང་གསར་སྐྱབས་མགོན་ཚང་གི་ཚབ་ཏུ་མཎྜལ་བཤད་པ་འདི་མཛད་ཞེས་པའོ།།
              རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ་པོད་ལྔ་པ་རུ། “ངོས་ན་ཚོད་གཞོན་ནུའི་དུས་ནས་བུ་སྟོན་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱི་མཚན་བཟང་ཐོས་སྐབས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ཟབ་མོར་བདག་ཡིད་ལྷག་པར་དད་པས་ཡིད་རབ་འཕྲོག་ཅིང་། དེ་ཙམ་དུ་མ་ཟད་འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསང་བའི་རྣམ་ཐར་དུའང་། རིན་ཆེན་དུ་མས་སྤྲས་པའི་ཁྲི་སྟེང་ན།། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ།། འདུས་པ་རྩ་བའི་རྒྱུད་ཀྱི་གླེགས་བམ་འདི།། གནང་ནས་འདི་ཡི་བདག་པོ་གྱིས་ཞེས་གསུངས།། … …དེ་ལྟ་བུའི་རང་ཅག་བསྟན་པ་འཛིན་པའི་རྗེས་འཇུག་སྐལ་དམན་རྣམས་ལ་ཐུགས་རྗེ་དང་། བཀའ་དྲིན་གྱི་ཁུར་མངོན་པར་ལྕི་བ་གང་གི་ཟབ་པ་དང་རྒྱ་ཆེ་བའི་གནད་འཚོལ་བ་བོ་རྣམས་ལ་ལམ་སྟོན་སྒོ་འབྱེད་དམ་པར་ཤིན་ཏུ་གསལ་བ་བགྲོད་བདེ་ཅི་དགར་འཇུག་པའི་མུན་སེལ་གྱི་སྒྲོན་མེ་འདི་དག་དཔེ་རྒྱུན་ཡང་རེ་གཉིས་བྲིས་མ་ཙམ་ལས་མ་བཞུགས་པས་མཁས་གྲུབ་གཉིས་ལྡན་ཕལ་ཆེ་བས་མཐོང་ཐོས་ཀྱི་ཡུལ་དུ་བསྐལ་བས་བསྟན་རྒྱུན་ནུབ་ཏུ་ཉེ་བའི་གནས་སྐབས་ལ་དབུས་ལྗོངས་འདིར་སྔ་སོར་མདོ་སྔགས་གཉིས་ཕྱོགས་ཀྱི་ལུང་རྒྱུན་དར་རྒྱས་སུ་ཡོད་འདུག་ཀྱང་། རིམ་བཞིན་ཉམས་ལད་ཇེ་ནུབ་ཏུ་གྱུར་ཏེ་སྔགས་ཆོག་གི་རིགས་ལུང་རྒྱུན་ཉུང་ཟད་བཞུགས་པ་རྣམས་ཀྱང་ཆད་ལ་ཁད་པའི་སྣང་ཚུལ་ལ་བདག་ཡིད་ལྷག་པར་སྐྱོ་བའི་འབད་བརྩོན་གྱི་སྙིང་སྟོབས་ལྷུར་བླངས་ནས་གཞུང་འདི་ཉིད་ཀྱི་མན་ངག་བདུད་རྩིའི་ཉིང་ཁུ་བུམ་པ་གང་བྱོའི་ཚུལ་གྱིས་བདག་རྒྱུད་སྨིན་པར་མཛད་པའི་ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་བཱ་རིང་བླ་མ་འཇིགས་མེད་བློ་གྲོས་རྒྱ་མཚོ་སོག་ཡུལ་དུ་འཁོད་པའང་སྔོན་བསགས་བསོད་ནམས་གྱི་རྒྱབ་མི་ཞན་པའི་སྟབས་ལེགས་ཀྱིས་དངོས་སུ་མཇལ་ཏེ་སྔ་ཕྱིའི་རྒྱུ་མཚན་རྣམས་ཞིབ་ཏུ་གསོལ་བར། དགྱེས་པའི་རྗེས་འཛིན་གྱིས་བུ་སྟོན་ཡབ་སྲས་གཉིས་ཀྱི་གསུང་འབུམ་ལུང་རྒྱུན་ཇི་བཞུགས་མ་ཚང་བ་མེད་པ་ལོ་གསུམ་གྱི་རིང་ནོད་བརྩོན་ལེགས་པར་བྱས་མཇུག ངོས་ནས་ཀྱང་ལུང་རྒྱུན་རྒྱ་ཆེར་སྤེལ་བ་དང་། པར་དུ་ངེས་པར་ཁོད་ཅེས་བཀས་བསྐུལ་བའི་ཅོད་པན་སྤྱི་བོར་བཅིངས་ཏེ་བསྟན་རྒྱུན་ལ་སྨན་པའི་ལྷག་བསམ་བཟང་པོས་བཀའི་སྲིད་བློན་རྣམ་པར་མོལ་བསྡུར་ཐོག་གཞུང་ས་ནས་རྒྱུ་འགྲོ་གང་དགོས་སྩལ་ཏེ་གཟིམས་འགག་བློ་བཟང་བསམ་གཏན་དང་། ལ་ཤར་ཕྱག་ཟུར་བྱམས་པ་ཆོས་བཟང་གཉིས་དོ་དམ་དུ་བཞག་ཅིང་། དར་རྒན་གཟིམས་འགག་རྟ་ལོར་ན་སྨིན་གྱིས་འདས་ཤིང་། ལྕགས་སྤྲེལ་ལོར་ལ་ཤར་ཕྱག་ཟུར་བྱམས་པ་ཆོས་བཟང་ལོ་ན་བརྒྱད་ཅུ་ཉེ་བ་ཕྱི་མའི་ལམ་པོ་ཆེར་གྱུར་ཚབ་སྡེ་དྲུག་ཛ་སག་བློ་བཟང་ཕུན་ཚོགས་དང་། རྩེ་གཟིམས་འགག་བློ་བཟང་བརྩོན་འགྲུས་གཉིས་སྔ་ཕྱིར་དོ་དམ་དུ་གསར་བསྐོས་དང་འབྲེལ་བའི་ཞུས་དག་པ་མཚན་ཞབས་བདེ་ཡངས་བསྟན་འཛིན་འཕྲིན་ལས་འོད་ཟེར་དང་། སྒོ་མང་ཀླུ་འབུམ་ལྷ་རམས་དགེ་བཤེས་ཤེས་རབ་རྒྱ་མཚོ། ཀློག་གྲོགས་ཨེ་བྱིངས་ཕུན་ཚོགས་རྣམ་རྒྱལ་དང་། བཀྲ་ཤིས་ཚེ་རིང་བཅས་ནས་གཞུང་སའི་གཟིགས་དཔེ་བྲིས་མ་དང་། ཞྭ་ལུའི་བྲིས་རྙིང་གཉིས་ཞིབ་བསྡུར་བརྡ་དག་གི་ཞུས་བྱེད་ནན་ཏན་དང་བཅས་ཡིག་འདྲི་སྙེ་ཡོན་དྲུང་གཏོགས་དཔལ་ལྡན་ཚེ་རིང་གི་གཙོས་དབུ་བྱིངས་དགུ་སྐོར་དང་། དབུ་ལྷ་འདྲི་མི་དབུ་དྲུང་ཚེ་བརྟན་ཕུན་ཚོགས། བར་བ་དབུ་ཆུང་ནོར་རྒྱས་ཚེ་རིང་གི་གཙོས་དབུ་བྱིངས་མི་གྲངས་བཞི་བཅུ་ཞེ་ལྔ་ནས་ལས་རྒྱུན་ལོ་གཅིག་དང་། ཟླ་གྲངས་བཅུ། ཞག་ཉི་ཤུ་རྩ་ལྔ། པར་ཤིང་བཟོ་མི་ཤིང་བཟོ་བྱིངས་འབྱོར་རྒྱས་(ཚེ་རིང་)དང་། རྒྱལ་མཚན་གཉིས་ནས་ལས་རྒྱུན་གོང་མཚུངས་ཟླ་བ་གཅིག་ལྷག་བཅས་ལས་གྲྭ་ཚུགས་ཏེ་རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ་ལོ་ནང་ནས་པར་ཡིག་འདྲི་ལས་ཀྱི་འགོ་བརྩམས། པར་དངོས་གཞི་ས་རྟ་ནས་ལོ་གསུམ་ཁོངས་སུ་མཇུག་རྫོགས་པར་གསར་བཞེངས་ཟིན་ཅིང་།”⒀ཞེས་ཐོག་མར་བུ་སྟོན་གསུང་འབུམ་པར་དུ་བསྐྲུན་པའི་དགོས་པ་དང་ཀུན་སློང་། དེ་ནས་སྲིད་བློན་རྣམས་ལ་གྲོས་བསྡུར་བྱས་ཏེ་འགྲོ་སོང་གཞུང་ས་ནས་སྩལ་རྒྱུ་དང་། གཟིམས་འགག་བློ་བཟང་བསམ་གཏན་དང་། ལ་ཤར་ཕྱག་ཟུར་བྱམས་པ་ཆོས་བཟང་གཉིས་དོ་དམ་དུ་བསྐོས་ནའང་། དར་རྒན་གཟིམས་འགག་ནི་རྟ་ལོ་སྟེ་ས་རྟ་སྤྱི་ལོ་1918ལོར་འདས་ཤིང་། ལྕགས་སྤྲེལ་ཏེ་སྤྱི་ལོ་1920ལོར་ཕྱག་ཟུར་བྱམས་པ་ཆོས་བཟང་ཡང་གཤེགས་པས་ཚབ་ལ་སྡེ་དྲུག་ཛ་སག་བློ་བཟང་ཕུན་ཚོགས་དང་། རྩེ་གཟིམས་འགག་བློ་བཟང་བརྩོན་འགྲུས་གཉིས་སྔ་ཕྱིར་དོ་དམ་དུ་བསྐོ་བཞག་གནང་། ཞུས་དག་པ་ནི་མཚན་ཞབས་བདེ་ཡངས་བསྟན་འཛིན་འཕྲིན་ལས་འོད་ཟེར་དང་། སྒོ་མང་ཀླུ་འབུམ་ལྷ་རམས་པ་ཤེས་རབ་རྒྱ་མཚོ་གཉིས་ཡིན་ཞིང་། ཀློག་གྲོགས་ཨེ་བྱིངས་ཕུན་ཚོགས་རྣམ་རྒྱལ་དང་། བཀྲ་ཤིས་ཚེ་རིང་། མ་དཔེ་ནི་གཞུང་སའི་གཟིགས་དཔེ་བྲིས་མ་དང་། ཞྭ་ལུའི་བྲིས་རྙིང་གཉིས། རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ་ལོ་སྟེ་སྤྱི་ལོ་1917ལོ་ནང་ནས་པར་ཡིག་འདྲི་ལས་ཀྱི་འགོ་བརྩམས། པར་གཞི་དངོས་ས་རྟ་སྟེ་སྤྱི་ལོ་1918ལོ་ནས་ལོ་གསུམ་ཁོངས་སུ་མཇུག་རྫོགས་པར་གྲུབ་པ་སྟེ་སྤྱི་ལོ་1921ལོར་ཡོངས་སུ་གྲུབ་པ་ཤིན་ཏུ་གསལ། སྨོན་ཚིག་འདི་ནི་རྒྱལ་དབང་བཅུ་གསུམ་པས་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་ལྕགས་མོ་བྱའི་ལོའི་དབྱར་གྱི་ལང་ཚོ་དང་འགྲོགས་པའི་ཆུ་སྟོད་ཟླ་བའི་དཀར་ཚེས་བཟང་པོར་སྦྱར་ཞེས་པས་སྤྱི་ལོ་1921ལོའི་ཧོར་ཟླ་ལྔ་པར་ཕྱག་བྲིས་མཛད་པ་ཡིན། རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་ཤོག་ངོས་319ནས་321བར་དུ་ལུང་ཚིག་འདི་དྲངས་ཡོད་ཅིང་། ཡི་གེ་འགའ་རེ་མི་འདྲ་བ་ལས་གཞན་མེ་སྦྲུལ་ལོ་ནང་ཞེས་པ་དེ་མེ་འབྲུག་ལོ་ནང་ཞེས་པར་བྲིས་ཡོད། དེས་ན་མེ་སྦྲུལ་ལོ་ནི་སྤྱི་ལོ་1917ལོ་དང་མེ་འབྲུག་ལོ་ནི་སྤྱི་ལོ་1916ལོ་ཡིན་པས་བར་ཁྱད་ལོ་གཅིག་བྱུང་། དེས་ན་ཡིག་ཆ་འདི་གཉིས་ལས་རྒྱལ་དབང་བཅུ་གསུམ་པའི་གསུང་ནི་ངེས་པར་ཡང་དག་ཡིན་དགོས་པས་ན་རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ་ལོ་ནང་ནས་པར་ཡིག་འདྲི་ལས་ཀྱི་འགོ་བརྩམས་པ་ཡིན་ཞིང་། སྤྱི་ལོ་1921ལོར་པར་བཞེངས་གྲུབ་དགོས་སོ།།
              ཡང་སྒྲུབ་བྱེད་གལ་ཆེན་ཞིག་ཡོད་པ་ནི། 《བོད་ལྗོངས་ཡིག་ཚགས་》2014ལོའི་དེབ་2པ་སྤྱིའི་འདོན་ཐེངས་19པ་རུ།རྒྱལ་དབང་བཅུ་གསུམ་པས་ཐུགས་ཁུར་འགན་བཞེས་མཛད་ནས་སྔ་གཞུག་ཏུ་བུ་སྟོན་གསུང་འབུམ་དང་བཀའ་འགྱུར་ཤིང་པར་གཉིས་ཀྱི་ཞུས་དག་དང་པར་གཞི་གསར་བཞེངས་སྐོར་གྱི་བོད་ཡིག་གི་ལོ་རྒྱུས་ཡིག་ཚགས་བདུན་བཀོད་ཡོད་པ་ནི། གཅིག ས་རྟ་(སྤྱི་ལོ་1918)ཟླ་10ལྷག་མའི་ཚེས་2ཉིན་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་པར་གཞི་གསར་བརྐོས་བྱེད་མིའི་དོ་དམ་པ་དང་། ཞུས་དག་པ། པར་ཡིག་འདྲི་བརྐོས་སོགས་ལས་བྱེད་ཁག་བཟོ་སྟོན་ཉིན་འཁྱོངས་སྩལ་བའི་དགོས་ཆ་དང་། གནང་ཆའི་འཆར་གཞི་༧སྙན་ཞུ་ཕྱག་རྟགས་འཁོད་པ་(བོད་ཤོག ཞེང་ལ་62.5cm×སྲིད་ལ་54.5cm) དང་།གཉིས། ལྕགས་སྤྲེལ་(སྤྱི་ལོ་1920)ལོར་ནོར་གླིང་ཡིག་ཚང་གིས་སྡེ་པ་རྩེ་ཤོད་ཕྱག་མཛོད་དང་། ཞོལ་གཉེར་བཅས་ལྷན་རྒྱས་རིན་པོ་ཆེར་ཕུལ་བའི་ངོས་སྦྱོར་༧སྙན་ཞུ། (བོད་ཤོག ཞེང་ལ་46.4cm×སྲིད་ལ་64cm) གསུམ། ལྕགས་བྱ་(སྤྱི་ལོ་1921ལོ་)ཟླ་6ཚེས་4ཉིན། བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་པར་གཞི་ལེགས་གྲུབ་ཀྱི་གོང་ཚེས་ཉིན་༧གོང་ས་སྐྱབས་མགོན་ཆེན་པོར་པར་ཕུལ་འབུལ་ཉིན་དོ་དམ་པ་དང་། ཞུས་དག་པ། པར་ཡིག་འདྲི་བརྐོས་སོགས་ལས་བྱེད་རྣམས་ལ་བཟོ་སྟོན་ཉིན་འཁྱོངས་ཐོག་གནང་ཆ་སྩལ་བའི་འཆར་གཞི་༧སྙན་ཞུ་ཕྱག་རྟགས་འཁོད་པ། (བོད་ཤོག ཞེང་ལ་65.5cm×སྲིད་ལ་64cm) བཞི། ཆུ་ཕག་ལོར་(སྤྱི་ལོ་1923ལོ་)༧རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་གསར་བསྐྲུན་གྱི་ཞུས་དག་པ་མཚན་ཞབས་བདེ་ཡངས་གཤེགས་ཚབ་གསར་པ་ཚ་བ་ཁྲི་སྤྲུལ་བསྐོ་བཞག་སྐོར་གྱི་འཆར་གཞི་༧སྙན་ཞུ་ཕྱག་རྟགས་འཁོད་པ། (བོད་ཤོག ཞེང་ལ་24.5cm×སྲིད་ལ་59.5cm) ལྔ། ཡིག་ཚང་གིས་རྟ་དབང་གུ་རུ་མཁན་སྤྲུལ་དང་། དྲུག་སྦྲེལ་ཐུན་མོང་ལ་༧རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་གསར་བཞེངས་མཛད་རྒྱུའི་པར་ཤིང་གི་སྐོར་བཀའ་བསྒྱུར་ཡིག་ཆུང་གཏོང་རྒྱུ་ཞུས་ན་འཐུས་མིན་གྱི་༧སྙན་ཞུ་ཕྱག་རྟགས་འཁོད་པ། ལོ་ཚིགས་མི་གསལ་(བོད་ཤོག ཞེང་ལ་35cm×སྲིད་ལ་60cm)དྲུག ནོར་གླིང་ཡིག་ཚང་གིས་མེ་ཡོས་(སྤྱི་ལོ་1927ལོ་)གྲོལ་སྟོན་གྱི་སྐོར་སྡེ་པ་རྩེ་ཤོད་ཕྱག་མཛོད་དང་། ཞོལ་གཉེར་བཅས་ལྷན་རྒྱས་རིན་པོ་ཆེར་ཕུལ་བའི་༧སྙན་ཞུ། (བོད་ཤོག ཞེང་ལ་35cm×སྲིད་ལ་55.7cm) བདུན། མེ་ཡོས་(སྤྱི་ལོ་1927ལོ་)༧རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་གསར་བསྐྲུན་ལེགས་གྲུབ་བཀའ་དྲིན་ཆེ་བར་དོ་དམ་པ་དང་། ཞུས་དག་པ། པར་ཡིག་འདྲི་བརྐོས་སོགས་ལས་བྱེད་རྣམས་ལ་འཆར་ཅན་གྲོལ་སྟོན་ཉིན་འཁྱོངས་ཐོག་ལས་འགན་ལ་གཞིགས་པའི་སྩལ་རྒྱུའི་གནང་ཆ་གསོལ་རས་དང་། དགོས་ཆའི་འཆར་གཞི་༧སྙན་ཞུ་ཕྱག་རྟགས་འཁོད་པ་(བོད་ཤོགཞེང་ལ་71cm×སྲིད་ལ་68cm) བཅས་ཡིག་ཚགས་བདུན་རྒྱ་བོད་ཤན་སྦྱར་གྱིས་བཀོད་ཡོད་པ་དེ་དང་། ཡང་དུས་དེབ་དེའི་སྟེང་གི་《རྒྱལ་དབང་བཅུ་གསུམ་པས་ཐུགས་ཁུར་འགན་བཞེས་མཛད་ནས་སྔ་གཞུག་ཏུ་བུ་སྟོན་གསུང་འབུམ་དང་བཀའ་འགྱུར་ཤིང་པར་གཉིས་ཀྱི་ཞུས་དག་དང་པར་གཞི་གསར་བཞེངས་བྱས་པའི་བརྒྱུད་རིམ་དང་བོད་ཡིག་ལོ་རྒྱུས་ཡིག་ཚགས་སྐོར་ལ་བརྟག་པ་》⒁ཞེས་པ་རུ་ཡིག་ཚགས་དེ་དག་ལས་ལོ་རེ་རེར་དོ་དམ་པ་དང་ཞུས་དག་པ། པར་ཡིག་འདྲི་བརྐོས་སོགས་ལས་བྱེད་རྣམས་ལ་སྩལ་རྒྱུའི་གནང་ཆ་དང་གསོལ་རས་དགོས་ཆ་སོགས་རེའུ་མིག་ཏུ་བཀོད་པ་ཞིག་མཆིས་པ་གཉིས་སུ། བུ་སྟོན་གསུང་འབུམ་གྱི་པར་གཞི་གསར་བཞེངས་གི་གནང་ཆ་དང་དགོས་ཆ་ནི་སྤྱི་ལོ་1918ལོ་ནས་1921ལོ་ལ་སྩལ་ཡོད་པ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་གསར་བཞེངས་ཀྱི་གནང་ཆ་དང་དགོས་ཆ་ནི་སྤྱི་ལོ་1920ལོ་ནས་སྤྱི་ལོ་1927ལོའི་བར་དུ་སྩལ་ཡོད། བུ་སྟོན་གསུང་འབུམ་གྱི་པར་གཞི་གསར་བཞེངས་ལ་སྤྱི་ལོ་1918ལོ་དང་སྤྱི་ལོ་1919ལོ། སྤྱི་ལོ་1921ལོ་བཅས་ལོ་གསུམ་ལ་དོ་དམ་པ་ཞབས་ཟུར་བྱམས་ཆོས་དང་། རྩེ་གཟིམ་འགག་བློ་བཟང་བརྩོན་འགྲུས་གཉིས་དང་། ཞུས་དག་པ་མཚན་ཞབས་བདེ་ཡངས་དང་སྒོ་མང་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོ་བཅས་སོ་སོར་གནང་ཆ་སྩལ་བ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་གསར་བཞེངས་ལ་སྤྱི་ལོ་1920ལོ་དང་། སྤྱི་ལོ་1921ལོ། སྤྱི་ལོ་1922ལོ། སྤྱི་ལོ་1923ལོ། སྤྱི་ལོ་1924ལོ། སྤྱི་ལོ་1925ལོ། སྤྱི་ལོ་1926ལོ། སྤྱི་ལོ་1927ལོ་བཅས་ལོ་ངོ་བརྒྱད་ལ་དོ་དམ་པ་ཞབས་ཟུར་བྱམས་ཆོས་དང་། རྩེ་གཟིམ་འགག་བློ་བཟང་བརྩོན་འགྲུས་གཉིས་དང་། ཞུས་དག་པ་མཚན་ཞབས་བདེ་ཡངས་དང་མཚན་ཞབས་པ་ཡེར་པ་སྤྲུལ་སྐུ། སྒོ་མང་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོ་བཅས་སོ་སོར་གནང་ཆ་གང་དག་སྩལ་བའི་རྩིས་ཐོ་བཀོད་ཡོད། སྤྱི་ལོ་1923ལོར་ཞུས་དག་པ་མཚན་ཞབས་བདེ་ཡངས་གཤེགས་པས་ཁོང་གི་ཚབ་ཏུ་ཚ་བ་ཁྲི་སྤྲུལ་བསྐོ་བཞག་གི་འཆར་གཞི་སྙན་ཞུ་གོང་ས་རྒྱལ་དབང་རིན་པོ་ཆེས་ཕྱག་རྟགས་འཁོད་པ་ཞིག་ཡོད་ཅིང་། མཚན་ཞབས་བདེ་ཡངས་གཤེགས་ནའང་གནང་ཆ་དང་གསོལ་རས་སྔར་བཞིན་གནང་ཡོད། དེས་ན་གོང་གི་ཡིག་ཚགས་དང་རྡོ་སྦིས་ཚེ་རིང་རྒྱལ་གྱི་དཔྱད་རྩོམ་ལ་བརྟགས་ན་བུ་སྟོན་གསུང་འབུམ་གྱི་པར་གཞི་གསར་བཞེངས་གི་དབུ་ཚུགས་པའི་ལོ་ནི་སྤྱི་ལོ་1918ལོ་ཡིན་དགོས་ནའང་། རྒྱལ་དབང་བཅུ་གསུམ་པའི་གསུང་དང་ལྷ་རམས་པ་སྐལ་བཟང་རྒྱ་མཚོའི་གསུང་ལ་གཞིགས་ན་སྤྱི་ལོ་1917ལོའི་ས་ག་ཟླ་བ་ནས་པར་ཡིག་འདྲི་ལས་དང་ཞུས་དག་གི་འགོ་ཚུགས་ཟིན་ལ། པར་དངོས་གཞི་ནི་སྤྱི་ལོ་1918ལོར་འགོ་ཚུགས་པས་ལོ་དེ་ནས་བཟུང་ཞུས་དག་པ་སོགས་ལ་དགོས་ཆ་དང་གནང་ཆ་སྩལ་བའམ་ཡང་ན་སྤྱི་ལོ་1917ལོའི་ཡིག་ཚགས་མ་རྙེད་པ་གང་རུང་ཡིན་པར་ངེས། ལྕགས་བྱ་(སྤྱི་ལོ་1921ལོ་)ཟླ་6ཚེས་4ཉིན། བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་པར་གཞི་ལེགས་གྲུབ་ཀྱི་གོང་ཚེས་ཉིན་༧གོང་ས་སྐྱབས་མགོན་ཆེན་པོར་པར་ཕུལ་འབུལ་ཉིན་དོ་དམ་པ་དང་། ཞུས་དག་པ། པར་ཡིག་འདྲི་བརྐོས་སོགས་ལས་བྱེད་རྣམས་ལ་བཟོ་སྟོན་ཉིན་འཁྱོངས་ཐོག་གནང་ཆ་སྩལ་བའི་འཆར་གཞི་༧སྙན་ཞུ་ཕྱག་རྟགས་འཁོད་པ་ཞེས་པས་ལེགས་གྲུབ་ཀྱི་ལོ་ནི་སྤྱི་ལོ་1921ལོ་ཡིན་པས་ལྷ་རམས་པ་སྐལ་བཟང་རྒྱ་མཚོས་གསུངས་པའི་ལོ་དྲུག་ལ་ཞུས་དག་བྱས་ཞེས་པའང་ནོར་འདུག་སྟེ་དོན་ལ་ལོ་ངོ་ལྔ་ལ་མ་གཏོགས་ཞུས་དག་བྱས་མེད་དོ།།
              རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་དུ། “རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ལོ་ས་ཟླའི་ཟླ་ཚེས་འཕྲོད་སྦྱོར་དགེ་བར་པར་གྱི་ཡིག་འདྲི་དང་། རྐོས་ཀྱི་རིག་བྱེད་པ་བརྒྱ་ཕྲག་ཏུ་ཉེ་བར་ལོངས་པ། དོ་དམ་པ། ཞུས་དག་པ་བཅས་བབས་འོས་དང་ལྡན་པ་བསྐོ་བཞག་སྩལ་”⒂ཞེས་བྱུང་། ལྕགས་སྤྲེལ་ས་ཟླ་ནི་སྤྱི་ལོ་1920ལོའི་ཧོར་ཟླ་4པ་ཡིན་ཞིང་། དོན་ལ་སྤྱི་ལོ་1920ལོའི་ཧོར་ཟླ་4པར་བཀའ་འགྱུར་ཞུས་དག་གི་འགོ་ཚུགས་པ་ཤིན་ཏུ་གསལ་ལ། བོད་ལྗོངས་ཡིག་ཚགས་སུ་བཀོད་པའི་རྡོ་སྦིས་ཚེ་རིང་རྒྱལ་གྱི་རེའུ་མིག་ཞིག་ཡོད་པ་དེ་ལའང་མཐུན། སྐབས་འདིར་ཡང་དོགས་གཞི་གསར་བ་ཞིག་མཆིས་པ་ནི། བུ་སྟོན་གསུང་འབུམ་སྤྱི་ལོ་1921ལོར་གྲུབ་ཟིན་ན། བཀའ་འགྱུར་ཞུས་དག་གི་དབུ་སྤྱི་ལོ་1920ལོར་ཇི་ལྟར་ཚུགས། སྤྱི་ལོ་1920ལོ་དང་། སྤྱི་ལོ་1921ལོ་གཉིས་ལ་དེ་གཉིས་མཉམ་དུ་ཞུས་དག་བྱས་པ་ཡིན་ནམ།
              སྤྱི་ལོ་1920ལོ་དང་སྤྱི་ལོ་1921ལོ་གཉིས་ལ་བུ་སྟོན་གསུང་འབུམ་དང་བཀའ་འགྱུར་གཉིས་མཉམ་དུ་ཞུས་དག་བྱས་པ་ཡིན་པ་རྡོ་སྦིས་ཚེང་རིང་རྒྱལ་གྱི་《རྒྱལ་དབང་བཅུ་གསུམ་པས་ཐུགས་ཁུར་འགན་བཞེས་མཛད་ནས་སྔ་གཞུག་ཏུ་བུ་སྟོན་གསུང་འབུམ་དང་བཀའ་འགྱུར་ཤིང་པར་གཉིས་ཀྱི་ཞུས་དག་དང་པར་གཞི་གསར་བཞེངས་བྱས་པའི་བརྒྱུད་རིམ་དང་བོད་ཡིག་ལོ་རྒྱུས་ཡིག་ཚགས་སྐོར་ལ་བརྟག་པ》(རྒྱ་ཡིག)ཞེས་པ་རུ་ཡིག་ཚགས་དེ་དག་ལས་ལོ་རེ་རེར་དོ་དམ་པ་དང་ཞུས་དག་པ། པར་ཡིག་འདྲི་བརྐོས་སོགས་ལས་བྱེད་མི་སྣ་རྣམས་ལ་སྩལ་རྒྱུའི་གནང་ཆ་དང་གསོལ་རས་སོགས་རེའུ་མིག་ཏུ་བཀོད་པ་ཞིག་མཆིས་པ་དེ་ཡིས་བདེན་དཔང་བྱེད་ནུས་ལ། གཞན་ཡང་བྱ་བ་གཉིས་མཉམ་དུ་བསྒྲུབ་མི་རུང་བའི་ངེས་པ་ཡང་མ་མཆིས་ཏེ། བུ་སྟོན་གསུང་འབུམ་ཞུས་དག་བྱེད་པའི་ཞར་ལ་དགེ་བཤེས་ཤེས་རབ་རྒྱ་མཚོས་འཇིག་རྟེན་གྱི་མིག་གཅིག་པུ་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་རྒྱུད་བླའི་བསྡུས་དོན་ལའང་ཞུ་དག་བགྱིས་པ་སྟེ། མེ་འབྲུག་ལོ་སྟེ་སྤྱི་ལོ་1916ལོར། བཀའ་དྲུང་ཟུར་སྲས་པདྨ་དབང་ཆེན་མཆོག་སྐུ་ཉིད་ཀྱི་དྲུང་དུ་ཕེབས་ནས་རྔོག་བློའི་རྒྱུད་བླའི་བསྡུས་དོན་གྱི་མ་ཕྱི་བྲིས་རྙིང་ཆད་ལྷག་ནོར་འཁྲུལ་གྱི་ཡིག་སྐྱོན་ཆེ་བ་ཞིག་ཁྱེར་ཡོང་ནས་དཔར་དུ་སྒྲུབ་བཞེད་ཀྱིས་ཞུས་དག་བྱེད་དགོས་པར་སྐུལ་བ་ལ། སྐུ་ཉིད་ཀྱིས་ངལ་བ་ལ་མ་འཛེམ་པར་ཕྲ་ཞིང་ཞིབ་པར་བརྟགས་ནས་ཞུས་དག་ལན་གཅིག་བགྱིས་ཏེ་གནང་བ་དཔར་ཡིག་ཏུ་འཁོད་ཅིང་བརྐོ་ལས་ཚུགས་སྒང་ཙམ་ལ། ལྷ་སྲས་འགྲན་མེད་དེ་ཉིད་སྐུ་ཚེ་མ་ཟིན་པར་རེ་ཞིག་རིམ་འགྱངས་སུ་ལུས་ཀྱང་། སླར་དུས་ཆོས་སུ་གཤེགས་པ་གང་གི་དགེ་རྩར་དགོངས་ཏེ་གཅེན་ལྷ་གཉེར་དབང་ཆེན་ཚེ་བརྟན་སོགས་སྐུ་ངོ་རྣམས་དང་། ཞབས་གྲས་བཀྲ་ཤིས་དཔལ་འབྱོར་གྱིས་ཀྱང་སྐུལ་ལྕག་སོགས་སྲི་ཞུ་ཧུར་བརྩོན་གྱི་མཐུ་ལས། སྤྱི་ལོ་1918དེ་ས་རྟ་ཟླ་ནང་རྫོགས་པར་གྲུབ་པའི་ཚེ། དགེ་བའི་རྩ་བ་ཆུད་མི་ཟ་ཞིང་གནས་དམ་པར་བསྔོ་བའི་སྨོན་ཚིག་ཅིག་ཀྱང་མཛད་དོ།། གཞན་ཡང་རྗེ་ཉིད་ནོར་གླིང་དུ་བཞུགས་པའི་དུས་སྐབས་དེར་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་སཾ་ཕེབས་པར། ནོར་གླིང་གཞུང་སྒོའི་ཐོད་དུ་བདུད་རྩི་འཁྱིལ་བའི་སྔགས་སྐད་གཉིས་ཤན་སྦྱར་ལེགས་པ་ཞིག་གྱིས་གསུངས་པས་དེ་བཞིན་དུ་ཞུས། ཡང་སྤྱན་གསལ་གླིང་གའི་གཟིམ་ཆུང་བཅུ་གཅིག་ལ་མིང་བཏགས་ཏེ་སྡེབ་སྦྱོར་བསྒྲིགས་པ་དང་། རྩེ་རིག་གནས་སློབ་གྲྭ་ཆེན་མོར་སྔར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྡེབ་སྦྱོར་བསྒྲིགས་པ་དེར་ཞུས་དག་དང་འབྲེལ་བར་སྡེབ་སྦྱོར་གསར་སྒྲིག་གནང་བའོ།། དེས་ན་སྤྱི་ལོ་1920ལོ་ནས་གཙོ་བོ་བཀའ་འགྱུར་ལ་ཞུས་གནང་བ་དང་། བུ་སྟོན་གསུང་འབུམ་ཡང་པར་དུ་བསྒྲུབས་མ་ཚར་བས་ཞར་ལ་བསྒྲུབ་པའི་བྱ་བ་ཡང་ཤིན་ཏུ་མང་བ་ཤེས་པར་བྱའོ།།
གསུམ་པ། ཞོལ་བཀའ་འགྱུར་གྱི་ཞུས་དག་གི་མཇུག་རྫོགས་པའི་ལོ་ཚུགས་དངོས་ལ་བརྟག་པ།
              ཡང་གོང་གི་“རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་གསར་བསྐྲུན་ལེགས་གྲུབ་བཀའ་དྲིན་ཆེ་བར་”ཞེས་དང་“གྲོལ་སྟོན་ཉིན”ཞེས་པའི་ཚིག་རིས་ལ་བརྟགས་ན། མེ་ཡོས་ཏེ་སྤྱི་ལོ་1927ལོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་གསར་བསྐྲུན་ལེགས་གྲུབ་ཀྱི་མཛད་སྒོ་བསྡུས་ཟིན་ཅིང་ལས་བྱེད་མི་སྣ་སྐོར་ཞིག་གྲོལ་ཟིན་ནའང་། བུ་སྟོན་གསུང་འབུམ་པར་གཞི་ལེགས་གྲུབ་ཀྱི་སྙན་ཞུ་བཞིན་དུ་“༧གོང་ས་ཆེན་པོར་པར་ཕུད་འབུལ་ཉིན་”ཞེས་པའི་ཚིག་མེད་པས་ན་ཡོངས་སུ་གྲུབ་མེད་དེ། རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་དུ། “རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་བྱིན་གྱི་རླབས་ཆེན་པོའི་མཐུ་དང་། རྣམ་འདྲེན་ཕྱག་ན་པདྨོ་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་གང་གི་ཐུགས་བསྐྱེད་འཇུག་པ་རྒྱ་ཆེ་ཞིང་། གཏོང་བ་ལ་མཆོག་ཏུ་མ་ཞུམ་པའི་མཐུ་དང་། ལྷག་པའི་བསམ་པ་བཟང་པོས་ལས་ལ་གཞེན་བསྐུལ་གྱི་མངོན་སྦྱོར་དང་བཅས་པ་ཕུན་སུམ་ཚོགས་པའི་ཡན་ལག་དུ་མ་ཚོགས་པ་ལ་བརྟེན་ནས་ལོ་བཅུ་ཕྲག་ཕྱེད་གཉིས་ཙམ་གྱི་ཁོངས་སུ་ལུས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་རྩ་ལག་དམ་པ་བསོད་ནམས་ཀྱི་བགོ་སྐལ་མཚུངས་པ་མེད་པར་བདེ་བླག་ཉིད་དུ་གྲུབ་པོ།།” ⒃ཞེས་པས་བཀའ་འགྱུར་རིན་པོ་ཆེའི་གསར་བཞེངས་ནི་སྤྱི་ལོ་1920ལོའི་ཧོར་ཟླ་4པ་ནས་བརྩིས་ན་ལོ་བཅུ་ཕྲག་ཕྱེད་གཉིས་ཏེ་ལོ་ངོ་བཅུའི་ནང་དུ་བཞེངས་གྲུབ་པ་བསྟན། དེས་ན་བཞེངས་གྲུབ་པའི་ལོ་ནི་སྤྱི་ལོ་1930ལོ་ཡིན་དགོས་པ་བསྟན།
              བོད་ལྗོངས་ཡིག་ཚགས་སུ་བཀོད་པའི་ཡིག་ཚགས་ལྟར་ན་སྤྱི་ལོ་1927ལོར་བཀའ་འགྱུར་ཞུས་དག་མཇུག་རྫོགས་དགོས་ནའང་། ལྷ་རམས་པ་སྐལ་བཟང་རྒྱ་མཚོའི་གསུང་དང་རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་ལྟར་ན་སྤྱི་ལོ་1930ལོར་མཇུག་རྫོགས། བཀའ་འགྱུར་དཀར་ཆག་ལྟར་ན་སྤྱི་ལོ་1934ལོར་ཡོངས་སུ་གྲུབ། དེས་ན་ཡིག་ཆ་འདི་དག་ལ་དེ་འདྲའི་བར་ཁྱད་བྱུང་དོན་ཅི། རྒྱུ་མཚན་གང་ལ་ཐུག
              དེ་ཡང་སྤྱི་ལོ་1924ལོ་ནས་ཀྱང་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་པར་གཞི་གསར་བཞེངས་ཀྱི་ཕྱག་ལས་ཕལ་ཆེར་མཇུག་རྫོགས་པ་སྟེ། བླ་བྲང་གི་ཨ་ཁུ་གུང་ཐང་བློ་གྲོས་ཚང་ལ་ཕུལ་བའི་ཞུ་ཡིག་ཅིག་ཏུ། “བཀའ་འགྱུར་པར་བཞེངས་ཕལ་ཆེར་གྲུབ་ཟིན། བསྟན་འགྱུར་ཡང་རྐོ་བའི་ཐུགས་འདུན་མེད་དམ་སྙམ་སྟེ་མ་འཚལ།”⒄ཞེས་གསུངས་པ་ལ་བརྟགས་ན་བཀའ་འགྱུར་པར་བཞེངས་ཕལ་ཆེར་གྲུབ་ཟིན་ནའང་། རྒྱལ་བའི་དབང་པོ་ལ་བསྟན་འགྱུར་པར་བཞེངས་ཀྱི་ཐུགས་འདུན་ཡོད་མེད་ཆ་མཚལ། གལ་ཏེ་ཐུགས་འདུན་ཡོད་ན་དགེ་བཤེས་མཆོག་གིས་ཞུས་དག་གི་འགན་ཁུར་རྩིས་ཡོད་པར་སྙམ།
              ཡང་ཁྲི་ཀའི་ལྷུན་གྲུབ་རྒྱ་གར་དུ་སོང་བ་ལ་གནང་བའི་འཕྲིན་དུ། “རབ་བྱུང་ནས་བགྲང་བའི་ཨངྒྭི་ར།། ཁམས་ཆུ་ཕོ་སྤྲེལ་ལོའི་དབོ་ཟླའི་ནང་།། ཕྱོགས་ཡར་ངོའི་རྫོགས་པ་གསུམ་པའི་ཉིན།། དཔལ་གཡང་མོ་ལུག་གི་དུས་ཚོད་དུ།། ལྷོ་འབྲས་མོ་ལྗོངས་ན་ཆེ་བའི་ཕུལ།། སྐྱིད་ཡོད་རྒུ་འདུས་པའི་སྒང་ཐོག་ནས།། མཆུ་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ལ།། བདག་དྲན་པས་བརྫངས་པའི་ཡི་གེའི་སྒྲོམ།། བྱང་དགོན་ལུང་སྐལ་བཟང་ཆོས་འཕེལ་བརྒྱུད།། ཞག་བཞི་བཅུ་ཞེ་ལྔའི་ངལ་དུབ་ཀྱིས།། མི་ཁོ་བོའི་མིག་སྔར་བབས་པའི་མོད།། འདི་རྨི་ལམ་ཡིན་ནམ་བདེན་སྙམ་དུ།། སེམས་དགའ་སྡུག་སྣང་བ་ཚད་མེད་པས།། རྒྱ་བཤིག་ནས་ཞིབ་ཏུ་བལྟས་པའི་ཚེ།། གདོང་དངོས་སུ་མཐོང་འདྲའི་སྤྲོ་བ་དང་།། བུ་ཤི་བ་ལྟ་བུའི་གདུང་བ་བྱུང་།། ལུས་བ་སྤུའི་འཁྲི་ཤིང་ཟིང་པོར་གཡོས།། དབུགས་རླུང་གི་རྒྱུ་བས་མགྲིན་པ་འགག། དུས་དར་གཅིག་མི་སྨྲའི་བརྟུལ་ཞུགས་ཐོབ།། དེ་ཁྱོད་ལ་ཚངས་པར་འགྱུར་རམ་ཅི།། ལོ་སྔ་མའི་ལྕགས་ལུག་ལྔ་པའི་ནང་།། བདག་དགོན་པ་གསར་དུ་བསྐྱོད་པ་ན།། རྟ་གཡུ་བྱའི་གོང་ལ་འབུད་པའི་ཚེ།། བུ་དད་གུས་དྲི་མེད་ལྷུན་གྲུབ་པས།། ཡོབ་གཡས་པ་མནན་པའི་ཚུལ་དེ་དྲན།། སྙིང་རྗེ་ནས་སེམས་ལ་ཚུགས་ཐབས་མེད།། ཁྱོད་གནས་ལ་བསྐོར་ནས་མ་འགྱངས་པར།། དྲུག་པ་རུ་མྱུར་བར་ཤོག་ཅིག་ཅེས།། ཚིག་ཁ་ཞེ་མེད་པས་སྨྲས་པ་དྲན།།”⒅ཞེས་པའི་ཨངྒྭི་ར་ཞེས་པ་ནི་ཆུ་ཕོ་སྤྲེལ་གྱི་དོན་ཡིན་ཞིང་། དབོ་ཟླ་ནི་ཧོར་ཟླ་གཉིས་པ། ཡར་ངོའི་རྫོགས་པ་གསུམ་པ་ནི་ཚེས་བཅོ་ལྔ། ཁམས་ཆུ་ཕོ་སྤྲེལ་ལོའི་དབོ་ཟླའི་ཡར་ངོའི་རྫོགས་པ་གསུམ་པའི་ཉིན་ཞེས་པ་ནི་སྤྱི་ལོ་1932ལོའི་ཟླ་2པའི་ཚེས་15ཉིན་ཞེས་པའི་དོན་ཡིན། གཡང་མོ་ལུག་གི་དུས་ཚོད་ནི་སྤྱི་ལོ་1931ལོ་ཡིན། མཆུ་ཆོ་འཕྲུལ་ཟླ་བ་ནི་བོད་ལུགས་ཀྱི་ཟླ་བ་དང་པོ་སྟེ་སྤྱི་ལོ་1932ལོའི་ཟླ་བ་དང་པོར་གོ་བ་ལེན་དགོས། ལོ་སྔ་མའི་ལྕགས་ལུག་ལྔ་པ་ནི་སྤྱི་ལོ་1931ལོའི་ཟླ་བ་5པའོ།། འདིའི་དོན་ནི་སྤྱི་ལོ་1931ལོའི་ཟླ་5པར་དགེ་བཤེས་ཚང་གིས་ནོར་གླིང་ནས་བཀའ་འགྱུར་ལ་ཞུས་དག་གནང་ཚར་ནས་དགོན་པར་གསར་དུ་བསྐྱོད་སྐབས་ཁྲི་ཀའི་ལྷུན་གྲུབ་ཀྱིས་དགེ་བཤེས་ཚང་རྟ་ཐོག་ལ་བསྐྱོན་པ་དང་། ཟླ་བ་དེར་ཁྲི་ཀའི་ལྷུན་གྲུབ་འབྲས་ལྗོངས་ལ་གནས་མཇལ་དུ་སོང་། དགེ་བཤེས་ཚང་གིས་ལྷུན་གྲུབ་ལ་ཟླ་དྲུག་པའི་ནང་ཕྱིར་སླེབས་དགོས་པར་བསྒོས་ནའང་ཕྱིར་མ་སླེབས། སྤྱི་ལོ་1932ལོའི་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ཁྲི་ཀའི་ལྷུན་གྲུབ་ཀྱིས་འབྲས་ལྗོངས་ནས་དགེ་བཤེས་ཚང་ལ་འཕྲིན་ཡིག་བསྐུར་བ་དགོན་ལུང་དགོན་པའི་སྐལ་བཟང་ཆོས་འཕེལ་གྱིས་ཞག་བཞི་བཅུ་ཞེ་ལྔའི་ངལ་དུབ་ཀྱིས་དགེ་བཤེས་ཚང་གི་ཕྱག་ཏུ་འཕྲོད་པར་བྱས་པའི་དུས་ཚོད་ནི་སྤྱི་ལོ་1932ལོའི་ཟླ་གཉིས་པའི་ཚེས་བཅོ་ལྔ་ཡིན་ཞེས་པའི་དོན་ནོ།། དེས་ན་སྤྱི་ལོ་1927ནས་ཞུས་དག་ཐེངས་གཅིག་རྫོགས་ནའང་ཞུས་དག་ཡོངས་སུ་རྫོགས་པ་ནི་སྤྱི་ལོ་1931ལོ་ཡིན་ངེས། སྤྱི་ལོ་1931ལོར་མཇུག་རྫོགས་རྗེས་དགེ་བཤེས་ཚང་སྤྱི་ལོ་1931གི་ཟླ་5པར་འབྲས་སྤུངས་དགོན་པར་ཕེབས་པའོ།། དེས་ན་དགེ་བཤེས་ཚང་གི་གསུང་འདི་གཞིར་བཟུང་ན་ལོ་ངོ་བཅུ་གཅིག་གི་རིང་ལ་བཀའ་འགྱུར་ལ་ཞུས་དག་གནང་བའོ།།
              ཡང་ཞོལ་དཀར་ཆག་བཞིན་སྤྱི་ལོ་1934བར་དུ་འགོར་འགྱངས་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ཞོལ་བཀའ་འགྱུར་དཀར་ཆག་ཏུ། “འགལ་རྐྱེན་ཅི་རིགས་ཀྱིས་འཇུག་འཁྱོངས་རིམ་ལུས་སུ་གྱུར་པ། སླར་ཡང་གོང་ས་མཆོག་ནས་ཐུགས་བསྐྱེད་ལྷག་པར་བཞེས་ཏེ་མཚན་ཞབས་གོ་མིང་འཛིན་པ་འབྲས་སྒོ་མང་ཧར་གདོང་སྟག་བྲག་སྤྲུལ་སྐུ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་དང་། སེར་སྨད་ཀོང་པོ་རྒྱལ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ངོས་གཉིས་ལ་མཇུག་སྐྱོང་དགོས་རྒྱུའི་བཀའ་ལུང་གསེར་གྱི་ཅོད་པན་ནོད་པ་བཞིན་གུས་པ་གཉིས་ནས་ཀྱང་། ཆུ་སྤྲེལ་ཟླ་བ་ལྔ་པའི་ཚེས་ནང་ནས་ཞུས་དག་གྲོགས་དན་སེར་བྱེས་བྱ་བྲལ་ཨོ་ཏོག་སྤྲུལ་སྐུ་བྱམས་པ་མཆོག་ལྡན་དང་། སེར་བྱེས་ལྷོ་པ་ངག་ལྡན་དགེ་སློང་ཐུབ་བསྟན་གསུང་རབ་བཅས་ནས་ཡང་ཞུས་དབུ་བཙུགས་ཏེ་”ཞེས་དང་། “ཡང་བསྐྱར་ཤིང་ཁྱི་ཟླ་བ་གསུམ་པའི་ཚེས་གཅིག་ནས་པར་འཛུག་ཞུས་དག་སོགས་འགོ་བརྩམས། མཁས་པའི་དབང་པོ་རྣམས་ལའང་བཀའ་འདྲི་དོགས་གཅོད་དང་བཅས། འཐོར་བ་བསྡུས། བསྲེ་སླད་དབྱུང་། རང་བཟོའི་བསླད་པ་ཅུང་ཟད་ཙམ་ཡང་མ་ཞུགས་པར་རང་བློས་གང་སྤོབས་ཀྱིས་ཞུས་དག་དཔྱད་བཟོད་ཀྱི་ཁུལ་དུ་བགྱིས་པ་ཀུན་གྱིས་ཡིད་ཆེས་ཁུངས་བཙུན་དུ་བགྱིས་ཆོག་པའི་འཛམ་གླིང་བསྟན་འགྲོ་སྤྱིའི་ཕན་བདེའི་དགའ་སྟོན་ཡིད་བཞིན་དབང་གི་ནོར་བུ་ལྟ་བུར་བཞུགས་སོ་”ཞེས་པས་དགེ་ཤེས་རབ་རྒྱ་མཚོས་ཞུས་དག་གྲུབ་རྗེས་ཁོང་གིས་ཞུས་དག་བྱས་པ་ལ་བསྲེ་སླད་ཡོད་པར་སྨྲས་ནས་ཡང་བསྐྱར་ཞུས་དག་ཐེངས་གཉིས་ལ་བྱས། དེ་ལ་དམངས་ཁྲོད་དུ་ལ་ལས་དགེ་བཤེས་ཚང་གིས་རྙིང་རྒྱུད་དུམ་པ་གསུམ་ཡོད་པ་འཕྲི་རྩིས་བྱས་ཞེས་པ་སོགས་ཀྱི་ངག་རྒྱུན་ཡོད། བཤད་ཚུལ་དེ་རིགས་ནི་ངག་རྒྱུན་ཙམ་ལས་ཁུངས་དག་མིན་ནའང་རྒྱུ་རྐྱེན་མེད་པ་མིན། སྐབས་དེར་དབུས་གཙང་གི་སྐུ་དྲག་ཆེ་ཁག་ནང་ཁུལ་དུ་དབྱིན་ཇི་ལ་བརྟེན་པའི་དབང་ཤུགས་དང་། ནང་ལོགས་ལ་བརྟེན་པའི་དབང་ཤུགས་གཉིས་ཀྱི་བར་དུ་འཐབ་རྩོད་ཛ་དྲག་ཆེ། དམ་པ་ཁོང་ཉིད་ནི་ནང་ཕྱོགས་ལ་ཞེན་པའི་གྲས་སུ་བཞག་ཡོད་པས། དབྱིན་ཇིར་བརྟེན་པའི་མི་ཁ་ཤས་ཀྱིས་ཤེས་རབ་རྒྱ་མཚོ་ནི་རྒྱ་ལ་ཞེན་པའི་མི་ཡིན་པས། བཀའ་འགྱུར་གསར་བཞེངས་ཀྱི་ནང་ལ་བསླད་བཟོས་ཡོད་ཅེས་ཉེས་མེད་ལ་ཉེས་འདོགས་བྱས་ཏེ། ཆབ་སྲིད་དང་རིག་གཞུང་གཉིས་ཆ་ནས་ཚིག་མཚོན་བཏབ། ངག་དབང་རྒྱ་མཚོས་ཕྱིར་དྲན་བྱེད་དུས་ན་རེ། “རྭ་སྒྲེང་སྤྲུལ་སྐུས་སྲིད་དབང་ཚབ་སྐྱོང་བྱེད་པའི་གནད་དོན་ཐོག་ངེད་གཉིས་ཀྱིས་སྡུག་བསྔལ་མྱོང་ཚུལ་ཕལ་ཆེར་མཚུངས་ཏེ། ངས་རྭ་སྒྲེང་གིས་སྲིད་དབང་སླར་འཛིན་བྱེད་པར་རྒྱབ་སྐྱོར་བྱས་པས། ཁོ་ཚོས་སུ་ཞིག་གིས་བསད་ན་དེ་ལ་དགའ་རྟགས་མང་པོ་སྟེར་རྒྱུ་ཞེས་ཁྱབ་བསྒྲགས་བྱས་”⒆ཞེས་གསུངས་པས། སྐབས་དེའི་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ངག་དབང་རྒྱ་མཚོ་གཉིས་ཀྱི་སྡུག་བསྔལ་མྱོང་ཚུལ་ཕལ་ཆེར་འདྲ་མཚུངས་ཡིན་པ་བསྟན།
              དེ་ལྟ་བུའི་ཉེས་མེད་ལ་ཉེས་འདོགས་བྱས་པས་རྐྱེན་གྱིས། མཚན་ཞབས་གོ་མིང་འཛིན་པ་འབྲས་སྒོ་མང་ཧར་གདོང་སྟག་བྲག་སྤྲུལ་སྐུ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་དང་། སེར་སྨད་ཀོང་པོ་རྒྱལ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གྱིས་གཙོ་བྱས། ཞུས་དག་གྲོགས་དན་སེར་བྱེས་བྱ་བྲལ་ཨོ་ཏོག་སྤྲུལ་སྐུ་བྱམས་པ་མཆོག་ལྡན་དང་། སེར་བྱེས་ལྷོ་པ་ངག་ལྡན་དགེ་སློང་ཐུབ་བསྟན་གསུང་རབ་བཅས་ནས་སྣར་ཐང་པར་མ། རྒྱལ་རྩེ་ཐེམ་སྤངས། སྡེ་དགེའི་མཚལ་པར་སོགས་བཀའ་འགྱུར་གོང་མ་རྣམས་དང་གོ་བསྡུར་གྱིས་ལྷག་ཆད་ཡིན་ངེས་བློར་ཆུད་པ་རྣམས་འཕྲི་བསྣན་དང་། བློར་མི་ཆུད་པ་དང་། དཔེ་དཔང་མ་རྙེད་པ་སོར་བཞག པར་སྔ་ཕྱི་གཉིས་དང་། བཀའ་འབྲེལ་སྣར་ཐང་པར་དུ་མ་བཞུགས་པའི་ཁ་སྐོང་དུ་མཁས་པའི་དབང་པོ་བུ་སྟོན་རིན་པོ་ཆེ་དང་། གོང་ས་ལྔ་པ་ཆེན་པོས་ཚད་མར་བཞེད་པ་རྒྱུད་སྐོར་ཁུངས་ཐུབ་གསར་བསྣན་བགྱིད་འོས་རྣམས་གསུང་པར་བྱིངས་འཁོད་ཟིན་གཤིས་རྒྱུད་སྡེ་རང་རང་ཐད་དུ་བཞུགས་ཐབས་མ་རྙེད་པས་རྒྱུད་ཁ་པ། ཅ་པ། ན་པ། ཚ་པ་བཅས་ཀྱི་ཞབས་སུ་པོད་ཆེ་ཆུང་དང་བསྟུན་ནས་བཞུགས་ཤིང་མདོ་རྒྱུད་ཀྱི་ཁོངས་སུ་གཏོགས་པ་གཉིས་ཀར་ཡོད་པ་རྣམས་བཀའ་འགྱུར་སྔ་མ་ལྟར་སོར་བཞག རྒྱུད་རང་ལ་ལན་གཉིས་འཁོད་པ་རྣམས་ནས་རེ་རེ་ཕྱིར་འཐེན་ནས་ཞུས་དག་ལན་གཉིས་བྱས་ཤིང་། “བཀའ་འགྱུར་ནས་ཁ་སྐོང་འོས་རིགས་ལའང་མཁས་པ་རྣམས་ཀྱིས་ཁུངས་དག་མིན་གྱི་བཞེད་སྲོལ་མི་འདྲ་བ་ཇི་རྙེད་ཅིག་ཡོད་པ་མ་ཟད། སྣར་ཐང་དུ་པར་འཁོད་གྲས་སུའང་རྩོད་པ་ཅན་ཡོད་རུང་། ད་ལམ་༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོའི་བཞེད་དགོངས་དང་། དམ་པ་གཞན་ལའང་བཀའ་འདྲི་དོགས་གཅོད་དང་བཅས་བསྲེ་བསླད། ལྷག་ཆད། ཟློས་སྐྱོན་དང་བྲལ་བར་ཞབས་འདེགས་ཀྱི་ཚུལ་དུ་ལེགས་པར་སྦྱར་བ……ལྗོངས་འདིའི་དབང་ཐང་དང་བསྟུན་པའི་ཤིང་ཕོ་ཁྱི། ……བཅས་ཀྱི་དུས་དགེ་བར་རྫོགས་པར་གྲུབ་པ་ཕྱོགས་ཀུན་ཏུ་རྣམ་པར་རྒྱལ་བར་གྱུར་ཅིག།”⒇ཅེས་ཤིང་ཕོ་ཁྱི་སྟེ་སྤྱི་ལོ་1934ལོར་རྫོགས་པར་གྲུབ་པའོ།།
              ཡང་ལ་ལས་དགེ་བཤེས་ཤེས་རབ་རྒྱ་མཚོས་རྒྱལ་དབང་མཆོག་ལ་མ་གུས་པའམ་འདྲ་མཉམ་གྱི་བྱ་སྤྱོད་བཟུང་བས་ཞུས་དག་གི་གྲས་ལས་འབུད་པར་བྱས་ཟེར་བའང་ཆགས་སྡང་གི་གཏམ་སྟེ། རྗེ་ཉིད་རྩེ་ཕོ་བྲང་དང་ནོར་བུ་གླིང་གར་རེས་མོས་ཀྱིས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་ཞབས་ཞུ་ཞུས་ནས་བཞུགས་རིང་ལ། ཞལ་མཇལ་བྱུང་བ་རེ་རེ་ལ་སྐུའི་གཟི་བྱིན་དང་ཡོན་ཏན། འཕྲིན་ལས་དང་མཛད་པ། བྱམས་པ་དང་སྙིང་རྗེ། བསྟན་པ་དང་འགྲོ་བའི་དོན་ཆེན་སོགས་རྣམ་པ་མི་འདྲ་བའི་མཐོང་སྣང་སྣ་ཚོགས་བྱུང་ཞིང་ནམ་ཡང་སྙིང་ནས་གུས་པའི་ཡི་རང་སྙིམ་པའི་མེ་ཏོག་རྟག་ཏུ་མཆོད་པ་ནི། ཨ་ཁུ་གུང་ཐང་བློ་གྲོས་ཚང་ལ་ཕུལ་བའི་ཟུར་ཡིག་ཏུ། “རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་གསུམ་པ་ཆེན་པོ་འདི་ནི། ཕྱི་ནང་གི་རྒྱ་མཚོ་ལྟར་གཏིང་དཔག་པར་དཀའ་བའི་གང་ཟག་རླབས་པོ་ཆེ་རང་རེད། སའི་སྟེང་ན་འགྲན་ཟླ་དཀའ། ཉིན་གཅིག་གི་སྤྱོད་པར་བརྟགས་ནའང་བློ་ཡུལ་དུ་མི་ཤོང་བས་འདི་འདྲ་ཡ་མཚན་སྙམ་དུ་དད་གདུང་འཇིགས་སྐྲག་ངང་ངམ་ཤུགས་ཀྱིས་འཆོར་བཞིན་འདུག བཀའ་གདམས་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་གངས་རི་དང་འདྲ་བ་དགོས་ཟེར་དེ་ཡིན་ནམ་མི་ཤེས། དེ་ནི། སྐྱེ་བོ་ཕལ་མོ་ཆེས་མཐུན་གྲུབ་ལགས་ཀྱི། རྡོ་གསེབ་ཀྱི་གསེར་ལྟར་དག་སྣང་དང་རིགས་པས་ཚོལ་དགོས་པ་ཞིག་མ་རེད།” ཅེས་གསུངས་ཤིང་། སྤྱི་ལོ་1930ལོར་རྒྱལ་དབང་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་ལ་རྗེ་ཉིད་ཀྱིས་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་བཅུ་གསུམ་པ་ཆེན་པོ་ལ་གསོལ་བ་འདེབས་པའི་ཚིག་ལེའུར་བྱས་པ་པདྨ་དཀར་པོའི་འཁྲི་ཤིང་ཞེས་པའི་གསོལ་འདེབས་ཤིག་ཀྱང་མཛད་པ་སོགས་ཀྱིས་བདེན་དཔང་བྱེད་ནུས།
བཞི་པ། ཞོལ་བཀའ་འགྱུར་གྱི་དཀར་ཆག་མཛད་པ་པོ་སུ་ཡིན་པར་བརྟག་པ།
              མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ལྟར་ན། དཀར་ཆག་ནི་ཅོ་ནེ་དགེ་བཤེས་རིན་པོ་ཆེ་བློ་བཟང་རྒྱ་མཚོ། བདེ་ཡངས་མཚན་ཞབས་བསྟན་འཛིན་འཕྲིན་ལས། དགེ་བཤེས་ཤེས་རབ་རྒྱ་མཚོ། ཕ་བོང་ཁ་རིན་པོ་ཆེ་སྐུ་ཕྲེང་གོང་མ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ། མཚན་ཞབས་རྒྱལ་དབང་རིན་པོ་ཆེ་སོགས་ཀྱིས་སྔ་ཕྱིར་མཛད་པ་ཡིན་ཞེས་པ་ནི། བདེ་ཡངས་མཚན་ཞབས་བསྟན་འཛིན་འཕྲིན་ལས་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་གཉིས་གོང་དུ་བཤད་པ་བཞིན་བུ་སྟོན་གསུང་འབུམ་དང་བཀའ་འགྱུར་ཞུས་དག་གནང་མཁན་ཡིན་ལ། སྤྱི་ལོ་1923ལོར་ཞུས་དག་པ་མཚན་ཞབས་བདེ་ཡངས་གཤེགས་པས་ཁོང་གི་ཚབ་ཏུ་ཚ་བ་ཁྲི་སྤྲུལ་བསྐོ་བཞག་གི་འཆར་གཞི་སྙན་ཞུ་གོང་ས་རྒྱལ་དབང་རིན་པོ་ཆེས་ཕྱག་རྟགས་འཁོད་པ་ཞིག་ཡོད་པ་གོང་དུ་བཀོད་ཟིན་ལ། ཅོ་ནེ་བླ་མ་རིན་པོ་ཆེའམ་བློ་བཟང་རྒྱ་མཚོའི་སྤྲིན་ནི་སྤྱི་ལོ་1930ལོར་དཀར་ཆག་རྩོམ་པར་གདན་དྲངས། ཁོང་ནི་སྤྱི་ལོ་1870ལོར་མདོ་སྨད་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་ནས་དགུང་ལོ་སོ་བཞི་བར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཤིང་བཀྲ་ཤིས་འཁྱིལ་གྱི་སྡེ་ཁྲི་རིན་པོ་ཆེའི་ཡོངས་འཛིན་མཛད། སྤྱི་ལོ་1909ལོར་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མས་གཙང་བཀྲ་ཤིས་ལྷུན་པོར་གདན་དྲངས། སྤྱི་ལོ་1926ལོར་དབུས་སུ་ཕེབས་རྗེས་ཕ་བོང་ཁ་བྱམས་པ་བསྟན་འཛིན་མཆོག་ནས་རྗེ་ཉིད་བཀྲ་ཤིས་ཆོས་གླིང་དུ་གདན་དྲངས། སྤྱི་ལོ་1930ལོར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ནོར་གླིང་དུ་བཀའ་འགྱུར་དཀར་ཆག་རྩོམ་འབྲི་གནང་བར་ཕེབས་དགོས་པའི་བཀའ་ཡིག་བསྩལ་བས་རྗེ་ཉིད་ནོར་གླིང་དུ་ཕེབས་ནས་ལོ་གཉིས་ཙམ་སོང་རྗེས་སྐུ་གཤེགས་པས་མཇུག་སྐྱོང་མ་ནུས། ཡང་དུང་དཀར་ཚིག་མཛོད་ལྟར་ན་ཕ་བོང་ཁ་རྗེ་བཙུན་བྱམས་པ་བསྟན་འཕྲིན་ལས་རྒྱ་མཚོ་ནི་“རབ་བྱུང་བཅོ་ལྔ་པའི་ས་ལུག་སྟེ་སྤྱི་ལོ་1919ལོར་ནོར་གླིང་དུ་བཀའ་འགྱུར་པར་གཞི་གསར་བཞེངས་ཀྱི་ཕྱག་ལས་ནང་བཞུགས་ནས་དཀར་ཆག་གི་འཕྲོ་རྣམས་བརྩམས་” (21)ཞེས་པ་ལྟར་ན་ཕ་བོང་རྗེ་བཙུན་བྱམས་པ་འཕྲིན་ལས་ཀྱང་བཀའ་འགྱུར་ཞུས་དག་ཏུ་བཞུགས་ཡོད་སྲིད་ནའང་བཀའ་འགྱུར་དཀར་ཆག་དང་བོད་ལྗོངས་ཡིག་ཚགས་སུ་བཀོད་པའི་ཞུས་དག་གི་གྲས་ན་མེད། བཀའ་འགྱུར་དཀར་ཆག་གི་བར་སྐབས་ཀྱི་ཚིགས་བཅད་ནི་ཕ་བོང་ཁ་རྗེ་བཙུན་བྱམས་པ་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པ་ཡིན་པས་མཁས་དབང་དུང་དཀར་ཚང་གིས་ཞུས་དག་མཛད་པར་འདོད་པ་ཡིན་ནམ་སྙམ་སྟེ་ཁོང་གི་རྣམ་ཐར་བམ་སློག་ཅིག་བྱས་ནའང་རྙེད་མ་བྱུང་།
              མི་ཉག་མགོན་པོས་བརྩམས་པའི་གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་དེབ་དང་པོ་རུ། ཆོས་དཔལ་ཞིང་བློ་བཟང་རྒྱ་མཚོས་“ཀླུ་འབུམ་ཤེས་རབ་རྒྱ་མཚོ་སོགས་སློབ་མ་མང་པོ་སྤེལ་”ཞེས་པ་དང་“རབ་བྱུང་བཅོ་ལྔ་པའི་ཆུ་མོ་ཕག་གི་ལོར་སྐུ་གཤེགས་”(22)ཞེས་པ་གཉིས་ནོར་འདུག་སྟེ། ཆུ་མོ་ཕག་གི་ལོ་ནི་སྤྱི་ལོ་1923ཡིན་པ་དང་ཁོང་ཉིད་སྤྱི་ལོ་1930ལོར་བཀའ་འགྱུར་དཀར་ཆག་རྩོམ་པར་གདན་དྲངས། དགེ་བཤེས་ཤེས་རབ་རྒྱ་མཚོ་ཡང་ཁོང་གི་སློབ་མ་མིན་ཏེ། དགེ་བཤེས་ཤེས་རབ་རྒྱ་མཚོས་གུང་ཐང་བློ་གྲོས་ཚང་ལ་ཕུལ་བའི་ཞུ་ཡིག་ཅིག་ཏུ། “བཀྲ་ཤིས་ལྷུན་པོར་རང་རེའི་དགེ་བཤེས་དག་མ་མཐུན་པར་ཡོད་ཚུལ་གསན་ཡོད་ཤག འདིའི་རྒྱུ་མཚན་ཐོག་མར་ཆས་བུ་ཤིས་བློ་བཟང་རྒྱ་མཚོས་རང་ཉིད་མཐོ་ཐབས་ཆེ་ཐབས་ཁོ་ན་གཡོ་སྒྱུ་ཁྲམ་གསུམ་དང་འབྲེལ་བར་དངོས་ཤུགས་བརྒྱུད་གསུམ་ནས་ཉམས་སུ་བླངས་པ་ལ་བརྟེན་ནས་བྱུང་འདུག་སྟེ། ཕྱིས་སུ་མདའ་ལན་རྡོ་དཔེ་དང་ཕར་ལན་ཚུར་ལན་གྱི་རིམ་པའང་མང་པོ་ཡོད་ཚོད།” (23)ཅེས་གསུངས་པའི་ཆས་བུ་ཤིས་བློ་བཟང་རྒྱ་མཚོ་ནི་ཅོ་ནེ་བླ་མ་རིན་པོ་ཆེ་བློ་བཟང་རྒྱ་མཚོ་སྤྲིན་ཡིན་ཏེ་ཁོང་གི་འཁྲུངས་ཡུལ་ཆོས་དཔལ་ཞིང་ཡིན་པས་ཡུལ་སྐད་ལྟར་ཆས་བུ་ཤིས་ཞེས་བྲིས། གལ་ཏེ་དགེ་བཤེས་ཤེས་རབ་རྒྱ་མཚོ་ནི་ཁོང་གི་སློབ་མ་ཡིན་ན་དགེ་བཤེས་ཚང་ལྟ་བུས་ཇི་ལྟར་ཡང་དེ་ལྟ་བུའི་ཚིག་ནི་ཡེ་ནས་སྨྲ་མི་སྲིད་དོ།། དེས་ན་མཚན་ཞབས་བདེ་ཡངས་ནི་སྤྱི་ལོ་1923ནས་གཤེགས་ཟིན་པ་དང་། དགེ་བཤེས་ཤེས་རབ་རྒྱ་མཚོ་ཡང་སྤྱི་ལོ་1931ལོ་ནས་འབྲས་སྤུངས་ལ་ཕེབས་པ་དང་། ཆོས་དཔལ་ཞིང་བློ་བཟང་རྒྱ་མཚོ་ནི་དཀར་ཆག་རྩོམ་པར་ཕེབས་ནའང་ལོ་གཉིས་ཀྱིས་གཤེགས། སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་དུ།“འདིའི་སྔོན་ལོ་ཞིག་ནས་དགེ་བཤེས་རིན་པོ་ཆེ་རྗེ་འདི་པས་བཀུར་བསྟི་བླ་ན་མེད་པ་མཛད་དེ་ཆུ་བཟང་དུ་བཞུགས་ཚུལ་༧གོང་ས་རིན་པོ་ཆེས་གསན་པས། སྐབས་ཤིག་གློ་བུར་དུ་ཅོ་ནེ་དགེ་བཤེས་བྱ་བ་ཆུ་བཟང་དུ་ཡོད་འདུག་པ་ཁྱེད་མཁས་པ་ཡིན་ན་ས་ཆ་ཁུག་ཀྱོག་ཏུ་བསྡད་པས་མི་འཐུས་པར་ནོར་གླིང་དུ་ཕེབས་འཕྲལ་གྱིས་བཀའ་འགྱུར་དཀར་ཆག་རྩོམ་པ་བྱ་དགོས་ཞེས་པའི་བཀའ་ཚ་ལྗིད་ཆེ་བ་ཕེབས་པའི་སྐབས་ཆུ་བཟང་དུ་ཡོད་པའི་དགེ་བཤེས་རིན་པོ་ཆེ་ཉིད་ཀྱི་གཟིམ་ཤག་ཕྱི་ནང་སྣོད་བཅུད་ཕལ་ཆེར་ཅམ་འཇོག་མཛད་དེ་འཕྲལ་མར་ནོར་གླིང་དུ་བྱོན་ནས་གཏན་བཞུགས་མཛད་དགོས་པ་བྱུང་ཞིང་། དེར་༧གོང་གི་བཀའ་བཞིན་དཀར་ཆག་གི་དབུ་ནས་བཟུང་ཤོག་དྲིལ་ཆེ་བ་བཞི་ཙམ་གསུང་རྩོམ་གྲུབ་རིམ་གྱིས་༧གོང་དུ་ལྗགས་ཞུར་འབུལ་དགོས་ཚུལ་ཕེབས་པ་ལྟར་ཕུལ་བ་༧གོང་ནས་ཕྱིར་མ་སྩལ་བར་ཡུན་རིང་ལུས་ཤིང་༧གོང་ས་མཆོག་དང་དངོས་མཇལ་གྱི་དུས་འགར་ཡང་དགེ་བཤེས་རིན་པོ་ཆེ་རང་ཉིད་སྙན་དབང་ཆེར་མི་གསལ་བའི་སྟབས་གསུང་ལན་དྲི་རྨེད་སོགས་མཛད་དཀའ་ཡུལ་གཉན་སྐུ་ཚེགས་ཀྱི་རྣམ་པ་ཆེ་བར་གྱུར་ཏེ་ཐེངས་གཅིག་གི་དུས། ཁོང་རང་གིས་ཞུ་དག་ཀྱང་གནང་དགོས་ཀྱི་མ་རེད།ངས་རྩོམ་པ་ཡང་བྱ་དགོས་ཀྱི་མ་རེད་ཅེས་གསུང་དགོས་བྱུང་བར་གྲགས། དེ་ནས་རིང་མིན་ཅོ་ནེ་རིན་པོ་ཆེས་སྙུན་ཚུལ་ཆེ་ཙམ་བཞེས་པར་རྗེ་ཉིད་ནོར་གླིང་དུ་ཆེད་ཕེབས་ཀྱིས་བརྟན་བཞུགས་འབུལ་བཞེས་དང་། ཆུ་བཟང་དུའང་ཞབས་རིམ་རྒྱ་ཆེར་སྒྲུབ་པ་མཛད་ཀྱང་ལྟེམ་གཞི་དྭངས་ཚུལ་བཞེས་པའི་སྒོ་མ་དོད་ཅིང་། དེ་ནས་དུས་རིང་མིན་ཞིག་ནས་ནོར་གླིང་དུ་ཞི་བར་གཤེགས་ཚུལ་བསྟན་” (24)ཞེས་པ་ལས་༧གོང་གི་དང་༧གོང་ནས། ༧གོང་དུ། ༧གོང་ས་རྣམས་ཀྱིས་རྒྱལ་དབང་བཅུ་གསུམ་པ་བསྟན་པ་དང་། རྗེ་འདི་པ་དང་རྗེ་ཉིད་ཅེས་པས་སྐྱབས་རྗེ་ཕ་བོང་ཁ་བསྟན། དེས་ན་ཅོ་ནེ་དགེ་བཤེས་རིན་པོ་ཆེ་ཆུ་བཟང་ནས་བཞུགས་སྐབས་རྒྱལ་དབང་རིན་པོ་ཆེས་བཀའ་འབྱོར་བས་ནོར་གླིང་དུ་ཕེབས་ནས་བཀའ་འགྱུར་དཀར་ཆག་གི་དབུ་ནས་བཟུང་ཤོག་དྲིལ་ཆེ་བ་བཞི་ཙམ་གྲུབ་རིམ་གྱིས་ཕུལ་བ་རྒྱལ་དབང་རིན་པོ་ཆེ་ནས་ཕྱིར་མ་སྩལ་བར་ཡུན་རིང་ལུས་པས། ངས་རྩོམ་པ་ཡང་བྱ་དགོས་ཀྱི་མ་རེད་ཅེས་རྩོམ་འཕྲོར་གྱུར་ཅིང་མ་འགྱངས་པར་སྙུན་ཚུལ་ཆེ་ཙམ་བཞེས་ནས་ནོར་གླིང་དུ་ཞི་བར་གཤེགས།
              ཕ་བོང་ཁ་རིན་པོ་ཆེ་སྐུ་ཕྲེང་གོང་མ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོས་བཀའ་འགྱུར་དཀར་ཆག་གི་བར་སྐབས་ཀྱི་ཚིགས་བཅད་རྣམས་མཛད་པ་ཡིན་ཏེ། ཕ་བོང་ཁ་རྗེ་བཙུན་བྱམས་པ་བསྟན་འཛིན་འཕྲིན་ལས་ཀྱི་གསུང་འབུམ་པོད་ཏ་པ་རུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གསུང་རབ་ལྷ་ས་རྩེ་ཞོལ་པར་ཁང་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་དུ་བཞུགས་པའི་དཀར་ཆག་གི་བར་སྐབས་ཚིགས་བཅད་སྟོད་སྨད་གཉིས་ཡོད་པ་དེའོ།། བཀའ་འགྱུར་དཀར་ཆག་དངོས་རྩོམ་མཁན་ནི་གོང་དུ་བཤད་པ་བཞིན་སྟག་བྲག་དང་ཚ་སྤྲུལ་གཉིས་ཀྱི་མཚན་བཀོད་ཡོད་ནའང་། སྐྱབས་རྗེ་ཕ་བོང་ཁའི་རྣམ་ཐར་དུ། “འདི་སྐབས་ཤིག་ནས་མཚན་ཞབས་སྟག་བྲག་རྡོ་རྗེ་འཆང་གིས་ཕྱག་སམ་དང་ངོས་མ་ཅི་རིགས་པས་དབུས་འགྱུར་རྩེ་ཞོལ་བཀའ་འགྱུར་པར་གསར་གྱི་དཀར་ཆག་གསར་རྩོམ་མཛད་རྒྱུའི་རྩོམ་གཞིའི་ཉེར་མཁོར་མཆོག་གསུམ་འཇིག་རྟེན་དུ་བྱུང་ཚུལ་དང་ཆེ་བརྗོད་སོགས་གསལ་འཁོད་ཀྱི་བཀའ་སློབ་དགོས་ཚུལ་གནང་བར་དེའི་སྐོར་མདོར་བསྟན་གྱི་ཚུལ་ལྟ་བུའི་བཀའ་རྩོམ་མང་དུ་གནང་སྟེ་གུས་འབུལ་བསྐྱངས་ཤིང་། རྗེས་ཤིག་ནས་གུ་ཧྱའི་གནས་སུ་དཀར་ཆག་དངོས་གཞི་ཡང་ལྗགས་སྒྲིག་གནང་རྒྱུ་དང་། སྔོན་རྗེས་དུ་མར་གསང་རྒྱ་ཧ་ཅང་དམ་པའི་ངང་ནས་༧གོང་ས་ཆེན་པོ་ཉིད་ཀྱི་རྣམ་པར་ཐར་པའི་སྐོར་བཀའ་རྩོམ་གནང་རྒྱུའི་མཛད་རྣམ་གྱི་ས་བོན་ཤོག་དྲིལ་མང་བ་ཞིག་ཀྱང་འབུལ་གནང་མཛད་པར། རྗེ་ཉིད་ཀྱི་ཞལ་ནས། ད་རེས་ཀྱི་འདི་རྣམས་རང་གི་བླ་མའི་བཀའ་ཡིན་ཕྱིར་ངལ་བ་ལྷུར་ལེན་གྱིས་ཅི་འགྲུབ་གང་འགྲུབ་རེ་མ་བགྱིས་ཐབས་མེད་ཡིན་འདུག འོན་ཀྱང་འདི་རིགས་རྣམས་༧གོང་ནས་མཁྱེན་ཚོར་གྱུར་ཚེ་ངོས་ཚོར་ལྟ་ཅི། སྐྱབས་རྗེ་སྟག་བྲག་རིན་པོ་ཆེ་ཡང་ཉེན་ཀ་ཡོང་བས་གསང་རྒྱ་ཤིན་ཏུ་དམ་པོ་བྱ་དགོས་ཞེས་གསུངས་ཤིང་། དེ་དང་མཐུན་པར་ཉིན་མོའི་ཆར་དབེན་འགོལ་གྱི་དུས་རྣམས་དང་། མཚན་མོར་མནལ་གྱི་གོ་སྐབས་འཕྲོག་པའི་སྐུ་ངལ་བ་དུ་མའང་ཉམས་སུ་བཞེས་ཏེ་བཀའ་འགྱུར་གྱི་དཀར་ཆག་དང་། ༧གོང་ས་རིན་པོ་ཆེའི་མཛད་རྣམ་གྱི་ཐོག་མཐའ་བར་གསུམ་ནས་གསར་རྩོམ་ཚིགས་བཅད་ཀྱི་རིགས་མ་ཡིན་པའི་རྣམ་པར་ཐར་པའི་ལུས་ཡོངས་སུ་རྫོགས་པ་ལོ་ཁམས་ཆད་པ་ཁག་ལྔ་དྲུག་ཙམ་ལས་གཞན་རྣམས་ལ་ལྗགས་ཞུས་གསར་རྩོམ་སྣ་ཚོགས་པ་རེས་མོས་ཀྱི་ཚུལ་དུ་ཐུགས་ཁུར་ལྷུར་བཞེས་བསྐྱངས། ལོ་འདིར་ཁོ་བོ་ཅག་རྗེ་འདི་པའི་སྐུ་དྲུང་དུ་བཅར་ཏེ་དགྱེས་བཞིན་རྗེས་སུ་བཟུང་བའི་སྐལ་བཟང་རྨད་པོ་ཆེ་ཐོབ་པ་བྱུང་ཞིང་། འདི་འདྲའི་སྐོར་ལྟ་བུ་བྱུང་དང་འབྱུང་འགྱུར་དག་ལ་ཁ་ཅིག་གིས་རང་བསྟོད་དུ་ཁ་ཟེར་བ་སྲིད་ཀྱང་། སྐྱོན་ཆུང་སྟེ། རང་ཞེན་རྙེད་གྲགས་ཀྱི་འདོད་འདུན་མེད་པར། རྗེ་བླ་མ་གང་གི་ཐུགས་རྗེ་དང་འཕྲིན་ལས་ཀྱི་མཐུས་དམན་པའི་འགྲོ་བ་བདག་ཅག་ལྟ་བུ་རྗེས་སུ་བཟུང་ཚུལ་གྱིས་མཚོན་ཏེ་འོས་པའི་བདེན་གཏམ་མཆིས་ན། དུས་སུ་སྨྲ་བ་གནས་ཡིན་པའི་ཕྱིར་རོ།།” (25)ཞེས་པའི་གུ་ཧྱའི་གནས་ནི་གསང་བའི་གནས་ཞེས་པའི་དོན་ཡིན་ཞིང་། དོན་ལ་མཚན་ཞབས་སྟག་བྲག་གིས་སྐྱབས་རྗེ་ཕ་བོང་ཁ་ལ་བཀའ་འགྱུར་དཀར་ཆག་གི་རྩོམ་གཞིའི་ཉེར་མཁོ་གནང་བས་ཁོང་གིས་གསང་བའི་སྒོ་ནས་བཀའ་འགྱུར་དཀར་ཆག་གསར་རྩོམ་གནང་བ་ཡིན་པས་དོན་ལ་དཀར་ཆག་དངོས་ཀྱང་སྐྱབས་རྗེ་ཕ་བོང་ཁས་མཛད་པ་ཡིན་ནོ།། འདིར་རང་གི་བླ་མའི་བཀའ་ཡིན་ཞེས་པ་ནི་ཕ་བོང་ཁའི་རྣམ་ཐར་དུ།“སྟག་བྲག་ཁྲི་སྤྲུལ་རྡོ་རྗེ་འཆང་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས།འཕགས་འོད་ཡོན་ཏན་རྒྱ་མཚོའི་སྒྲུབ་དཀྱིལ་གྱི་སྟེང་ནས་གྲུབ་ཆེན་ནག་པོ་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་ལྷ་རེ་གཉིས་གྱི་དབང་ཆེན་” (26)སོགས་དབང་ལུང་མང་པོ་གསན་པས་སྟག་བྲག་ནི་ཕ་བོང་ཁའི་བླ་མ་ཡིན་ནོ།།
ལྔ་བ། མཇུག་གི་སྤྱི་སྡོམ།
              མདོར་བསྡུས་ན། བུ་སྟོན་གསུང་འབུམ་གྱི་སྐོར་གོང་དུ་སྨོས་ཟིན་ལ། ཞོལ་བཀའ་འགྱུར་ནི། དུས་སྐབས་དེར་སྣར་ཐང་གི་བཀའ་འགྱུར་དཔར་མ་བགྲེས་སྐྱོན་ཆེ་བ་དང་། ལི་ཐང་དང་སྡེ་དགེའི་དཔར་མ་སོགས་དབུས་ལྗོངས་སུ་དཔེ་རྒྱུན་དཀོན་པ་ལ། བསྟན་ལ་གཅིག་ཏུ་སྨན་པའི་ལྷག་བསམ་གྱི་སྤོབས་པ་མཆོག་ཏུ་ཡངས་པ་འབྲི་གུང་སྒོ་ལྕོག་སྤྲུལ་སྐུ་ངེས་དོན་བསྟན་འཛིན་ཆོས་ཀྱི་དབང་པོས་གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་ལ་པར་གྱི་གཞི་མའི་འགྲོ་གྲོན་མཚོན་བྱེད་དངུལ་ཊཾ་རྡོ་ཆིག་སྟོང་བདུན་ཅུ་དོན་ལྔ་དངོས་འབུལ་ཐོག་དེའི་དོན་གསོལ་བ་ཕུར་ཚུགས་སུ་བཏབ་པའི་དོན་ལྟར་དགྱེས་པ་ཆེན་པོས་ཞལ་བཞེས་ཐོབ་ཅིང་། གཞན་ཡང་དད་ལྡན་སེར་སྐྱ་ཁག་ནས་པར་གྱི་ཞལ་འདེབས་ཅི་བྱུང་དང་། ཉེར་མཁོ་ཅི་དགོས་གཞུང་ས་མཆོག་ནས་ཐུགས་འགན་བསྐྱངས་ཤིང་། གོང་ས་རྒྱལ་བའི་དབང་པོས་དགེ་བཤེས་ཤེས་རབ་རྒྱ་མཚོ་སྐུ་མདུན་དུ་བོས་ནས། “སེར་འབྲས་སོགས་ཆོས་སྡེ་གཞན་དང་གཞན་ན་མཁས་པའི་དབང་པོ་མང་མོད་ན་ཡང་མཁས་པའི་ཡན་ལག་ཡོངས་སུ་རྫོགས་པ་དཀའ་བས། བསྟན་འགྲོའི་ཕན་བདེའི་གཞི་རྩ་དམ་པ། རྒྱལ་བའི་བཀའ་འགྱུར་རོ་ཅོག་དེ་ནི། གངས་ལྗོངས་ལོ་ཙཱ་བ་སྔ་རབས་དང་རྒྱ་གར་མཁས་པ་མང་པོས་བོད་ཡུལ་ས་གནས་འདིར་ལེགས་སྦྱར་སྐད་གཙོས་དང་རྒྱ་ནག་སྐད་ཀྱི་འགྱུར་བ་ཁ་ཤས་ཀྱང་ཟུར་ལྟ་བྱས་ནས་བསྒྱུར་ཏེ་གྲུབ་པའི་རྨད་དུ་བྱུང་བའི་བྱས་རྗེས་ཡིན་པ་དང་། དབུས་ལྗོངས་ས་གནས་སོ་སོར་དཔར་གཞི་སྣ་ཚོགས་བཞེངས་ཡོད་མོད། འོན་ཀྱང་ཞུ་དག་དང་དཔར་གཞི་ད་དུང་གཅིག་གྱུར་མ་ཡོང་བའི་ཕྱོགས་ཀྱང་འགའ་ཙམ་འདུག ལྷག་པར་དུས་ཡུན་རིང་བས་དཔར་མ་ལ་ལ་རྙིང་རལ་བྱུང་སྟེ་ཡིག་གཟུགས་མི་གསལ། ལ་ལ་ཡི་གེ་བརྐོས་པ་ཡ་ཐོར་ཡིན་པས་ཆད་ལུས་ཀྱང་ཡོད། ཐ་ན་རྩེ་པོ་ཏ་ལར་ཡོངས་སུ་ཆ་ཚང་བའི་དཔར་མ་ཡང་མེད། ད་ལྟ་ངོས་ནས་སྦྱིན་བདག་དང་། ཁྱེད་ཉིད་ཀྱིས་ཞུ་དག་དང་གཏན་འཁེལ་བའི་ལས་འགན་གནང་དགོས། འདི་ནི་བསྟན་འགྲོ་ལ་ཕན་བདེ་ཡོང་བའི་དོན་ཆེན་ཞིག་ཡིན་པས། ཁྱེད་བསམ་གཞིགས་ཐོངས་དང་། ངོས་ཀྱི་བསམ་པར། དགེ་བཤེས་ལ་ལ་གསུང་རབ་གཞུང་ལ་མཁས་མོད། རྩོམ་བརྒྱབ་ན་དེ་ཙམ་མིན། ལ་ལ་རྩོམ་བྲིས་ན་ཡོན་ཏན་མཆིས་མོད། གསུང་རབ་གཞུང་ལ་དེ་ཙམ་མཐར་ཕྱིན་པ་མི་གདའ་” (27)ཞེས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་དཔར་གཞི་གསར་བཞེངས་ཀྱི་ཞུས་དག་གནང་དགོས་ཚུལ་གྱི་བཀའ་སྤྱི་བོར་གནང་བ་དད་གུས་ཀྱིས་དང་དུ་བླངས།
              སྤྱི་ལོ་1920ནས་བཟུང་མཚན་ཞབས་བདེ་ཡངས་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་གཉིས་ནས་དཔལ་སྣར་ཐང་གི་བཀའ་འགྱུར་གཞིར་བཞག་གི་པར་ཡིག་གསར་བྲིས་ཀྱིས་མཚོན་ཞུས་དག་གི་ཐུགས་འགན་བཞེས་ཚད་རྨད་དུ་བྱུང་བ་བསྐྱངས་རུང་། སྤྱི་ལོ་1923ལོར་མཚན་ཞབས་བདེ་ཡངས་གཤགེ ས་པས་ཚབ་ལ་ཚ་བ་ཁྲི་སྤྲུལ་བསྐོ་བཞག་གནང་། དུས་སྐབས་དེར་རྗེ་ཉིད་ཀྱིས་པར་གཞིའི་ཡིག་འབྲུ་རེ་རེ་དང་། བརྗོད་བྱ་སོ་སོར་དཔྱད་གསུམ་དག་པའི་མཁྱེན་རྩལ་གྱིས་ཞིབ་པར་བརྟག་ཅིང་ཁུངས་གཏུགས་ཏེ། རྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་དགོངས་དང་མཛད་འཕྲིན་ཕྱོགས་བརྒྱར་སྤེལ་བ་ལ་ཉིན་མཚན་སྦྲེལ་བའི་བརྩོན་པ་གནང་། དེ་ལ་རྗེ་ཉིད་ཀྱི་གསུང་ལས། “འདི་ན་དར་གྱི་རིགས་ལས་ཤཱཀྱའི་སྲས།། འཇམ་དཔལ་སྨྲ་བའི་སེངྒེ་དགྱེས་པ་ཡང་།།བདེ་གཤེགས་གསུང་རབ་ཟབ་མོའི་ཚིག་དོན་ལ།། རྟག་ཏུ་རྣམ་པར་དཔྱོད་པས་བདེ་བར་མཆིས།། ཕུལ་བྱུང་སྟོབས་བཅུའི་མཛོད་མངའ་རྒྱལ་བའི་ལུང་།། ཁ་བ་རི་པའི་སྐད་དུ་འགྱུར་རོ་འཚལ།། ངོ་མཚར་པར་གྱི་ཕྱི་མོར་སྤེལ་བའི་ལས།། ལེགས་པར་ཟིན་པ་སྐལ་བ་བཟང་སྙམ་བགྱིད།།” (28) ཅེས་གསུངས་སོ།། དེ་ནས་སྤྱི་ལོ་1927ལོར་ཞུས་དག་གི་འགན་ཕལ་ཆེ་བ་གྲུབ་ཟིན་ནའང་། ད་དུང་པར་བརྐོས་མ་གྲུབ་ཅིང་གཞུང་གཅིག་ལའང་ལན་གསུམ་རེ་བཞི་རེར་ཞུས་དག་བགྱིད་དགོས་པས། སྤྱི་ལོ་1931གི་ཟླ་བ་བཞི་པའི་བར་དུ་ནོར་གླིང་དུ་བཞུགས། དེ་ནས་མི་ལ་ལས་དགེ་བཤེས་མཆོག་གིས་ཞུས་དག་གནང་པའི་བཀའ་འགྱུར་ལ་བསླད་ཞུགས་ཡོད་པར་སྒྲོ་བཏགས་པས། སྤྱི་ལོ་1932ལོའི་ཟླ་བ་ལྔ་པ་ནས་མཚན་ཞབས་སྟག་བྲག་དང་། སེར་སྨད་ཀོང་པོ་རྒྱལ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན་གཉིས་ཀྱིས་གཙོ་བྱས་གྲོགས་དན་སེར་བྱེས་བྱ་བྲལ་ཨོ་ཏོག་སྤྲུལ་སྐུ་བྱམས་པ་མཆོག་ལྡན་དང་། སེར་བྱེས་ལྷོ་པ་ངག་ལྡན་དགེ་སློང་ཐུབ་བསྟན་གསུང་རབ་བཅས་ནས་ཡང་ཞུས་ཀྱི་དབུ་བཙུགས། སྤྱི་ལོ་1933ལོར་༧གོང་ས་རྣམ་འདྲེན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པས་ཅི་བྱ་གཏོལ་བྲལ་དུ་གྱུར་ཏེ་འཕྲོས་ལུས་པར། སླར་ཡང་གངས་ལྗོངས་ཆོས་སྲིད་ཀྱི་མཛད་པོ་རྭ་སྒྲེང་ཧོ་ཐོག་ཐུ་ནོ་མིན་ཧན་ཆེན་པོ་དང་།སྐུའི་གཅུང་པོ་སྲིད་བློན་མཆོག་ནས་རྣམ་འདྲེན་ཆེན་པོ་དེ་ཉིད་ཀྱི་ཐུགས་བཞེད་མཐའ་དག་ཡོངས་སུ་སྐོང་སླད་འཕྲོ་སྐྱོང་དགོས་ཚུལ་སྤྱི་སྩལ་ལྟར་ཡང་བསྐྱར་སྤྱི་ལོ་1934ལོའི་ཟླ་བ་གསུམ་པའི་ཚེས་གཅིག་ནས་པར་འཛུགས་ཞུས་དག་སོགས་འགོ་བརྩམས་ཤིང་། ལོ་དེར་ཞོལ་བཀའ་འགྱུར་ཆ་ཚང་རྫོགས་པར་གྲུབ་པོ།།
              ཞོལ་བཀའ་འགྱུར་ཆ་ཚང་ལ། འཁོར་ལོ་རིམ་པ་གསུམ་དུ་ཕྱེ་བའི་དང་པོར་གཏོགས་པ་འདུལ་བ་ལུང་གི་སྐོར་ཐམས་ཅད་མཁྱེན་པ་བུ་སྟོན་དང་། གོང་དཀར་བས་རྣམ་འབྱེད་སྔོན་དུ་མཛད་ཀྱང་། འདིར་ཚལ་པ་བཀའ་འགྱུར་སོར་བཞག་ལྟར་འདུལ་བ་གཞི། རྣམ་འབྱེད། ཕྲན་ཚགས།གཞུང་བླ་མ་རྣམས་རིམ་པ་བསྒྲིགས་པ། ཁྱོན་ལུང་སྡེ་བཞི་གཅིག་ཏུ་བསྒྲིལ་བའི་གཞུང་ཚད་བམ་པོ་སུམ་བརྒྱ་དང་བཞི་བཅུ་རྩ་བཞི་སུམ་ཆ་གཅིག ཤོ་ལོ་ཀར་ཕྱེ་ན་ཆིག་འབུམ་བཞི་སྟོང་བརྒྱད་བརྒྱ་བཞུགས་པ་གླེགས་བམ་[ཀ་]ནས་[པ་]བར་ཁྱོན་གླེགས་བམ་བཅུ་གསུམ། ཤོག་གྲངས་5717ཡོད། གཉིས་པ་འཁོར་ལོ་བར་བ་ཤེར་ཕྱིན་གྱི་སྐོར་ལ་ཡུམ་རྒྱས་པ་ཉི་ཁྲི་དང་བརྒྱད་སྟོང་ནས་ཁ་མ་བསྐངས་པའི་ལུགས་ཀྱིས་བམ་པོ་སུམ་བརྒྱ་དང་གཅིག་ལེའུ་དོན་གཉིས་སུ་ཡོད་པ་ལ་གླེགས་བམ་[ཀ་]ནས་[ན་]བར་ཏེ་ཁྱོན་གླེགས་བམ་བཅུ་གཉིས།ཤོག་གྲངས་6437ཡོད། ཡུམ་འབྲིང་པོ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་ལེའུ་བདུན་བཅུ་རྩ་དྲུག་དང་། བམ་པོ་བདུན་བཅུ་རྩ་བརྒྱད་ལ་གླེགས་བམ་[ཀ་]ནས་[ག་]སྟེ་ཁྱོན་གླེགས་བམ་གསུམ། ཤོག་གྲངས་1643ཡོད། ཁྲི་བརྒྱད་སྟོང་བ་བམ་པོ་དྲུག་ཅུ། ལེའུ་བརྒྱད་ཅུ་རྩ་བརྒྱད་ཡོད་པ་ལས། གླེགས་བམ་[ཀ་]ནས་[ག་]བར་དུ་ཁྱོན་གླེགས་བམ་གསུམ། ཤོག་གྲངས་1358ཡོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པའི་སྨད་བམ་པོ་དགུ་པ་ནས་བམ་པོ་སོ་བཞི་ལེའུ་སོ་གསུམ་རྫོགས་པ་ལ་ཤོག་གྲངས་460ཡོད། ཡུམ་བསྡུས་པ་བརྒྱད་སྟོང་བ་རྒྱ་དཔེ་ཐ་དད་པའི་དབང་གིས་ཕྲེང་བ་ཅན། བཟོ་སྦྱངས། སྡེ་ཅན་ཏེ་ཚིག་སྣ་རིང་ཐུང་དང་། འགྱུར་ཁྱད་མི་འདྲ་བ་གསུམ་ཡོད་པ་ལས། རྒྱས་པ་ཕྲེང་བ་ཅན་གྱི་ལུགས་[ཀ་]པ་པུ་སྟི་ཀ་གཅིག་ལ་བམ་པོ་ཉེར་བཞི་ལེའུ་སོ་གཉིས། ཤོག་གྲངས་450ཡོད། ཤེར་ཕྱིན་སྣ་ཚོགས་དང་། མདོ་གསར་འགྱུར་སྐོར་ལ་གླེགས་བམ་གཅིག ཤོག་གྲངས་443ཡོད། གསུམ་པ་འཁོར་ལོ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་སྐོར་ལ། ཕལ་བོ་ཆེ་ལ་སྣར་ཐང་དཀར་ཆག་ཏུ་བམ་པོ་བརྒྱ་དང་སུམ་ཅུ། སྡེ་དགེར་བརྒྱ་དང་བཅུ་དྲུག་གསུངས་ཀྱང་། མདོ་རང་ལ་བམ་པོ་བརྒྱ་དང་བཅོ་ལྔ་སྣང་བ་ལ་གླེགས་བམ་[ཀ་]ནས་[ཆ་]བར་དུ་ཁྱོན་གླེགས་བམ་དྲུག ཤོག་གྲངས་2224ཡོད། འཕགས་པ་དཀོན་མཆོག་བརྩེགས་པ་འཕགས་ཡུལ་དུ་ལེའུ་སྟོང་ཕྲག་བརྒྱ་བཞུགས་པ་ལས་འཕགས་ཡུལ་དུ་མ་ཚང་བར་གྱུར་པ་ཕྱིས་ཅི་ཙམ་རྙེད་པ་བསྡུས་ནས་ལེའུ་བཞི་བཅུ་རྩ་དགུའི་བདག་ཉིད་ཅན་འདིའི་གླེགས་བམ་[ཀ་]ནས་[ཆ་]བར་ཏེ་ཁྱོན་གླེགས་བམ་དྲུག་ཡོད་པ་ལ་ཤོག་གྲངས་2760ཡོད། བཞི་པ་འཁོར་ལོ་གསུམ་ཅི་རིགས་པའི་སྡེར་གཏོགས་པ་མདོ་མང་གི་སྐོར་ལ། ཚལ་བ་བཀའ་འགྱུར་གྱི་བསྒྲིགས་རིམ་ལྟར་འགོད་པར་ཐེག་ཆེན་དང་། ཐེག་དམན་གཉིས་ལས་སྔ་མ་ལ་འཁོར་ལོ་ཐ་མ་ཤས་ཆེ་ཞིང་། བར་པར་གཏོགས་པའང་ཅི་རིགས་ཡོད་མོད་ཀྱི། སྔོན་གྱི་མཁས་པ་རྣམས་ཀྱིས་ཀྱང་མ་ཕྱེ་བར་བཞག་པ་ལྟར་གླེགས་བམ་སུམ་ཅུ་སྟེ་[ཀ་]ནས་[ཨ་]བར་ཤོག་གྲངས་14953ཡོད། མྱ་ངན་ལས་འདས་པ་ཆེན་པོའི་མདོ་[ཀ་]ནས་[ཁ་]བར་ཁྱོན་གླེགས་བམ་གཉིས་ལ་ཤོག་གྲངས་1054ཡོད། གཉིས་པ་སྔགས་ཀྱི་སྐོར་ལ་དང་པོ་སྔགས་གསར་མར་རྣལ་འབྱོར་བླ་མེད་ཀྱི་རྒྱུད། རྣལ་འབྱོར་གྱི་རྒྱུད། སྤྱོད་པའི་རྒྱུད། བྱ་བའི་རྒྱུད་དང་བཞི་ཡོད་པ་[ཀ] [ཚ་]བར་གླེགས་བམ་བཅོ་བརྒྱད། གཉིས་པ་སྔགས་རྙིང་མར་ [ཛ་]ནས་[ཞ་]བར་ཏེ་གླེགས་བམ་གསུམ། ཁྱོན་གླེགས་བམ་ཉེར་གཅིག་སྟེ་སྔགས་ཀྱི་སྐོར་ལ་ཁྱོན་ཤོག་གྲངས་10265ཡོད།རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་རྒྱས་པ་སྣར་སྡེ་སོགས་གོང་མ་རྣམས་དང་མཐུན་པར་བཀོད་པ་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ལ་གྲངས་ལྔ་བརྒྱ་དང་བཅུ་ཐམ་པ།ཆོས་ཚན་སོ་སོར་གཟིགས་བདེའི་དཀར་ཆག་བསྡུས་པ་གོ་རིམ་གསན་ཡིག་རྣམས་དང་མཐུན་པར་བཀོད་པ་ལ་གྲངས་བཞི་བཅུ་ཞེ་དགུ་བཅས་ཁྱོན་པུ་སྟི་ཀ་བརྒྱ་ཕྲག་བཞུགས་པ་རྣམས་སོ།། ཤིང་པར་བཞེངས་པའི་བཀའ་འགྱུར་ལས་ཞོལ་བཀའ་འགྱུར་ནི་ཡི་གེ་ཆེས་རགས་ཤོས་ཡིན་ལ། ངོ་རེར་ཐིག་ཕྲེང་བརྒྱད་རེ། སྣག་པར་དུ་བགྱིས་པ། པར་གསལ་བ། ཡི་གེ་དག་པ། གཟབ་ལེགས་པ་བཅས་ཀྱིས་མཇལ་བ་བོ་རྣམས་ཀྱི་བསྟོད་བསྔགས་ཐོབ་བོ།།
              སྤྱིར་ཞུས་དག་གི་བྱ་བ་འདི་ལས་སླ་བོ་ཞིག་གཏན་ནས་མིན་ཏེ། ཞུས་དག་གི་ཐད་ལ་མདོ་སྔགས་རིག་གནས་དང་བཅས་པ་ཁོང་དུ་ཆུད་དགོས་པར་མ་ཟད། དག་ཡིག་གི་དཔེ་འཛོམས་ཚད་ཀྱི་དག་ཆ་བློ་ཁོག་ཏུ་ཆུད་ནས་སྐྱ་ཞུས། དམར་ཞུས། དཔར་ཞུས་བཅས་གཞུང་གཅིག་ལའང་ལན་གསུམ་རེ་བཞི་རེར་ཞུས་དག་བགྱིད་དགོས། སྒོས་སུ་ཞུ་ཆེན་གྱི་འགན་འཁུར་མཁན་ནི་དེ་བས་ཀྱང་དཀོན། དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས་བུ་སྟོན་གསུང་འབུམ་དང་བཀའ་འགྱུར་ལ་ཞུས་དག་མཛད་པའི་ལོ་དེ་དག་གི་རིང་ལ། ཞུས་དག་གཙོ་བྱས་པའི་གསུང་རབ་འཕྲུལ་པར་དུ་བཞེངས་པའི་ལས་དོན་ནི་ཁོང་གི་བྱ་བ་ཐམས་ཅད་ཀྱི་ནང་ནས་རབ་དང་ཕུལ་དང་རྩེ་མོ་དང་གྱ་ནོམ་པར་གྱུར་ཏོ།།
ཡིན་ནའང་དུས་སྐབས་དེ་དག་ཏུ་ཁོང་ལ་ཉེས་མེད་ལ་ཉེས་འདོགས་བྱས་པས། ཁོང་གིས། བདག་གི་སྤྱོད་པ་ཅི་ལྟར་བྱས་གྱུར་ཀྱང་།། གཞན་གྱིས་བསྙད་མ་བཏགས་པ་གཅིག་ཀྱང་མེད།། ཅེས་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འདི་གཡར་ཏེ་རང་གི་གནས་བབ་མཚོན་ཡོད་པ་ནི་དོན་དངོས་དང་ཤིན་ཏུ་མཐུན་ནོ།།
མཆན་འགྲེལ།
              ①ལྷ་རམས་པ་སྐལ་བཟང་རྒྱ་མཚོས་མཛད་པའི་《རྗེ་བཙུན་པྲ་ཛྙཱ་ས་རའི་རྣམ་པར་ཐར་པ་ཕུན་ཚོགས་ལེགས་ལམ་གྱི་རྩེ་མོ་ཞེས་བྱ་བ་བཞུགས་སོ།།》 《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་འབུམ་པོད་གསུམ་པ།》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོར་བསྐྲུན། P620-621
              ②ཕུར་ལྕོག་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་བརྩམས། 《ལྷར་བཅས་སྲིད་ཞིའི་གཙིག་རྒྱན་གོང་ས་རྒྱལ་བའི་དབང་པོ་བཀའ་དྲིན་མཚུངས་མེད་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་མདོ་ཙམ་བརྗོད་པ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་གླེགས་བམ་སྨད་ཆ་བཞུགས་སོ།།》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོའི་ཟླ12པར་བསྐྲུན། P321
              ③《དུང་དཀར་ཚིག་མཛོད།》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོར་བསྐྲུན། P1163
              ④ 《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ།》[M] ཁ། མི་རིགས་དཔེ་སྐྲུན་ཁང་། 2004ལོར་བསྐྲུན། P19
              ⑤ 《བཀའ་འགྱུར་དཔེ་བསྡུར་མ།》 པོད་107པ། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ་1པར་བསྐྲུན། P790-792
              ⑥《བཀའ་འགྱུར་དཔེ་བསྡུར་མ།》 པོད་107པ།[G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ་1པར་བསྐྲུན། P3
              ⑦ ལྷ་རམས་པ་སྐལ་བཟང་རྒྱ་མཚོས་མཛད་པའི་《གསོལ་འདེབས་ཡིད་ཀྱི་གདུང་སེལ་བྱ་བ་དགེ།》 《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་འབུམ་པོད་གསུམ་པ་བཞུགས་སོ།།》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོར་བསྐྲུན། P607
              ⑧⑨⑩ 《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་འབུམ་པོད་གཉིས་པ་བཞུགས་སོ།།》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོར་བསྐྲུན། P63 P58 P162
              ⑾ ཕུར་ལྕོག་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་བརྩམས། 《ལྷར་བཅས་སྲིད་ཞིའི་གཙིག་རྒྱན་གོང་ས་རྒྱལ་བའི་དབང་པོ་བཀའ་དྲིན་མཚུངས་མེད་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་མདོ་ཙམ་བརྗོད་པ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་གླེགས་བམ་སྨད་ཆ་བཞུགས་སོ།།》[M ]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོའི་ཟླ་12པར་བསྐྲུན། P375
              ⑿ 《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་འབུམ་པོད་གཉིས་པ་བཞུགས་སོ།།》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོར་བསྐྲུན། P164
              ⒀ རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བརྩམས། 《གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཡབ་སྲས་ཀྱི་བཀའ་འབུམ་པར་དུ་སྤེལ་བའི་འདོད་དོན་སྨོན་ཚིག་ཕན་བདེའི་ལང་ཚོ་གསར་དུ་འཆར་བ་ཐར་འདོད་ཅི་དགར་འཇུག་པའི་ལྷའི་ཁྲུས་རྫིང་། རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་གསུང་འབུམ་པོད་ལྔ་པ།》 སྣ་རིང་། ཤོག་གྲངས་ཙི་གསུམ་པའི་བ་ནས་ཙི་ལྔ་པའི་ནའི་བར། ཤོག་ངོས་708ནས་711བར་གསལ།
              ⒁ རྡོ་སྦིས་ཚེང་རིང་རྒྱལ་གྱིས་བརྩམས། 《རྒྱལ་དབང་བཅུ་གསུམ་པས་ཐུགས་ཁུར་འགན་བཞེས་མཛད་ནས་སྔ་གཞུག་ཏུ་བུ་སྟོན་གསུང་འབུམ་དང་བཀའ་འགྱུར་ཤིང་པར་གཉིས་ཀྱི་ཞུས་དག་དང་པར་གཞི་གསར་བཞེངས་བྱས་པའི་བརྒྱུད་རིམ་དང་བོད་ཡིག་ལོ་རྒྱུས་ཡིག་ཚགས་སྐོར་ལ་བརྟག་པ》 (རྒྱ་ཡིག)《བོད་ལྗོངས་ཡིག་ཚགས》[J] 2014ལོའི་དེབ་2པ་སྤྱིའི་འདོན་ཐེངས་19པ། P26-28
              ⒂ ཕུར་ལྕོག་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་བརྩམས། 《ལྷར་བཅས་སྲིད་ཞིའི་གཙིག་རྒྱན་གོང་ས་རྒྱལ་བའི་དབང་པོ་བཀའ་དྲིན་མཚུངས་མེད་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་མདོ་ཙམ་བརྗོད་པ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་གླེགས་བམ་སྨད་ཆ་བཞུགས་སོ།།》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོའི་ཟླ་12པར་བསྐྲུན། P380
              ⒃ ཕུར་ལྕོག་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་བརྩམས། 《ལྷར་བཅས་སྲིད་ཞིའི་གཙིག་རྒྱན་གོང་ས་རྒྱལ་བའི་དབང་པོ་བཀའ་དྲིན་མཚུངས་མེད་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་མདོ་ཙམ་བརྗོད་པ་ངོ་མཚར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་གླེགས་བམ་སྨད་ཆ་བཞུགས་སོ།།》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོའི་ཟླ12པར་བསྐྲུན། P384-385
              ⒄⒅《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་འབུམ་པོད་གཉིས་པ་བཞུགས་སོ།།》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོར་བསྐྲུན། P120 P250
              ⒆ ཚེ་དབང་རིག་འཛིན་གྱི་《མེས་རྒྱལ་དང་ནང་བསྟན་ལ་གཅེས་པའི་མིག་དཔེ་རྗེ་བཙུན་ཤེས་རབ་རྒྱ་མཚོ།》 མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆའི་ཨུ་ཡོན་ལྷན་ཚོགས་ཀྱིས་བསྒྲིགས། དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ། [M] ཟི་ལིང་མི་རིགས་དཔར་ཁང་གི་དཔར། སྤྱི་ལོ་1996ལོར་དཔར། P188
              ⒇《བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བཀའ་གངས་ཅན་འདིར་འགྱུར་རོ་ཅོག་གི་གསུང་པར་འཛམ་གླིང་སྤྱི་ནོར་གྱི་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།》བཀའ་འགྱུར་དཔེ་བསྡུར་མ། [G] པོད་107པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ་1པར་བསྐྲུན། P822-823
              (21)《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་འབུམ་པོད་གཉིས་པ་བཞུགས་སོ།།》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོར་བསྐྲུན། P120
              (22)དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད།》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ་བཞི་པ། P1317
              (23)མི་ཉག་མགོན་པོས་བརྩམས། 《གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་།》[M] དེབ་དང་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996ལོའི་ཟླ་5པར་བསྐྲུན། P791
              (24)《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་འབུམ་པོད་གཉིས་པ་བཞུགས་སོ།།》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོར་བསྐྲུན། P121
              (25)འདན་མ་བློ་བཟང་རྡོ་རྗེས་བརྩམས། 《རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀཿདཔལ་ངུར་སྨྲིག་གར་རོལ་སྐྱབས་གཅིག་ཕ་བོང་ཁ་བདེ་ཆེན་སྙིང་པོ་དཔལ་བཟང་པོའི་རྣམ་པར་ཐར་པ་དོན་ལྡན་ཚངས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།》 སྣ་རིང་། ཤོག་ངོས་918ནས་920བར། ཤོག་གྲངས་460ཡི་བ་ནས་461གི་བ་བར།
              (26)(27)འདན་མ་བློ་བཟང་རྡོ་རྗེས་བརྩམས། 《རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀཿདཔལ་ངུར་སྨྲིག་གར་རོལ་སྐྱབས་གཅིག་ཕ་བོང་ཁ་བདེ་ཆེན་སྙིང་པོ་དཔལ་བཟང་པོའི་རྣམ་པར་ཐར་པ་དོན་ལྡན་ཚངས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།》སྣ་རིང་། ཤོག་ངོས་946ནས་948བར། ཤོག་གྲངས་474ཡི་བ་ནས་475ཡི་བ་བར། ཤོག་ངོས་623པ། ཤོག་གྲངས་312ཀྱི་ན།
              (28)ཆོས་དཔལ། 《དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གི་རྣམ་ཐར་མདོ་ཙམ་བརྗོད་པ།》 མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆའི་ཨུ་ཡོན་ལྷན་ཚོགས་ཀྱིས་བསྒྲིགས། དགེ་བའི་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ།[M] ཟི་ལིང་མི་རིགས་དཔར་ཁང་གི་དཔར། སྤྱི་ལོ་1996ལོར་དཔར། P340-341
              (29)《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་འབུམ་པོད་གཉིས་པ་བཞུགས་སོ།།》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོར་བསྐྲུན། P148