ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

མཐའ་འདུལ་བཞིའི་ཡ་གྱལ་གཙང་འགྲམ་བྱེ་མའི་ལྷ་ཁང་གི་བྱུང་འཕེལ་ལོ་རྒྱུས་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2019-08-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེ་ཚེ་དབང་།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བཞེངས་པའི་མཐའ་འདུལ་བཞིའམ་རུ་གནོན་ཆེན་པོ་བཞིའི་གཙུག་ལག་ཁང་དུ་གྲགས་པ་རྣམས་ཀྱི་ཡ་གྱལ་གཡས་རུ་གཙང་འགྲམ་བྱེ་མའི་ལྷ་ཁང་གི་ལོ་རྒྱུས་འཕེལ་རིམ་དང་། སྐུ་གསུང་ཐུགས་རྟེན། ད་ལྟའི་གནས་བབས་སོགས་རགས་བསྡུས་ཀྱིས་ངོ་སྤྲོད་དང་། གནད་དོན་འགར་དཔྱད་པ་ཕྲན་ཙམ་བྱས་ཡོད།
[བརྡ་ཆད་གཙོ་བོ།] མཐའ་འདུལ་བཞི། གཙང་འགྲམ་བྱེ་མའི་ལྷ་ཁང་། ལོ་རྒྱུས་བྱུང་འཕེལ། སྐུ་གསུང་ཐུགས་རྟེན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-01-0089-08
          དེ་ཡང་སྤུ་རྒྱལ་བོད་ཀྱི་རྒྱལ་ཐོག་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཐོག་མ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་དུ་བཅོས་ནས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་བོད་ཡིག་ཏུ་བསྒྱུར་བ་ནས་འགོ་བརྩམས་ཏེ་ལོ་པཎ་དུ་མས་ཆོས་གཞུང་བསྒྱུར་བ་དང་། ཇོ་ཤག་རྣམ་གཉིས་སོགས་སྐུ་རྟེན་གྲངས་ལས་འདས་པ་རྣམས་བཞུགས་སའི་ལྷ་ཁང་བརྩིགས་པ་སོགས་བགྱིས་ནས་ནང་ཆོས་ཀྱི་བསྟན་པ་ཐོག་མར་སྤེལ།རྒྱལ་བློན་ཚོས་སྣེ་ཁྲིད་ནས་བོད་ཡུལ་རུ་བཞིར་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་བཅུ་གཉིས་ཀྱིས་གཙོས་པའི་ལྷ་ཁང་བརྒྱ་རྩ་བརྒྱད་དུ་གྲགས་པ་སོགས་མང་དུ་བཞེངས། སྐབས་འདིར་མཐའ་འདུལ་བཞིའི་ཡ་གྱལ་གཡས་རུ་གཙང་འགྲམ་①བྱེ་མའི་ལྷ་ཁང་གི་ལོ་རྒྱུས་མདོ་ཙམ་བརྗོད་པར་བྱ་བ་ལ།
          གཅིག ཐོག་མར་ཕྱག་ཇི་ལྟར་བཏབ་ཚུལ།
          སྤྱི་ལོའི་དུས་རབས་བདུན་པའི་ནང་རྒྱ་བཟའ་ཀོང་ཇོས་སྤོར་ཐང་བརྒྱད་ཅུ་སྐོར་གྱི་གབ་རྩེ་བཏིངས་ནས་རྩིས་མཛད་པས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདི་སྲིན་མོ་གན་རྐྱལ་དུ་ཉལ་བའི་གཟུགས་སུ་ཤེས་ནས། ས་དཔྱད་ངན་པ་དང་འབྱུང་བཞིའི་གནོད་པ་སོགས་ཟློག་པའི་ཕྱིར་བོད་ཡུལ་རུ་བཞིར་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཅུ་གཉིས་སམ་བོད་ཡུལ་གྱི་མི་འགྱུར་བའི་གཟེར་བཅུ་གཉིས་ཞེས་སུ་གྲགས་པ་རྣམས་བཞེངས་པར་མཛད་པ་ལས། རུ་གནོན་ཆེན་པོ་བཞིའམ་མཐའ་འདུལ་བཞི་བཞེངས་ཚུལ་ནི།《མ་ཎི་བཀའ་འབུམ་》ལས། “དཔུང་པ་གཡོན་པ་ལ་བྱམས་པ་མི་འགྱུར་བའི་ལྷ་ཁང་ཁྲ་འབྲུག་བརྩིགས། བོད་ཀྱི་ལྷ་ཁང་ལ་སྔ་བ་དེ་ཡིན་ནོ། དེ་ཡང་རྒྱལ་པོས་སྤྲུལ་པ་བཀྱེ་ནས་ཞག་བདུན་ལ་འཚིགས་སོ།། དཔུང་པ་གཡས་པ་ལ་དབུ་རུ་ཀ་ཚལ་གྱི་ལྷ་ཁང་བརྩིགས། དཔྱི་གཡས་པ་ལ་གཡས་རུ་གཙང་འཕྲང་བརྩིགས། གཡོན་པ་ལ་རུ་ལག་གི་གྲོམ་པ་རྒྱང་བཞེངས་སོ། དེ་རྣམས་ནི་རུ་གནོན་ཆེན་པོ་བཞི་ཡིན་”② ཞེས་འཁོད་པ་ལྟར། གཡས་རུ་གཙང་འཕྲང་བྱེ་མའི་ལྷ་ཁང་ནི་ཁྲ་འབྲུག་ལྷ་ཁང་བཞེངས་ཟིན་རྗེས་ཀྱི་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ཙམ་དུ་སྲིན་མོའི་དཔྱི་གཡས་གནོན་ཕྱིར་བཞེངས་པ་ཞིག་ཡིན་ལ། གཙང་ཁུལ་དུ་བཏབ་པའི་མཐའ་འདུལ་གཉིས་ཀྱི་ཡ་གྱལ་ཞིག་ཀྱང་ཡིན། དེང་རྣམ་གླིང་རྫོང་དབྱེ་མར་③ཤང་ལྷབ་གྲོང་ཚོའི་ཤར་ངོས་ཏེ། ཡར་ཀླུང་གཙང་པོ་དང་ཉེ་བའི་བྱང་ཕྱོགས་བྱེ་ཐང་གི་དབུས་སུ་གནས།
          མཐའ་འདུལ་བཞིའི་ལྷ་ཁ་ང་འདི་དག་མ་བཞེངས་གོང་། ལྷ་ཁང་བཞེངས་ཡུལ་དང་ཉེ་བར་ཆོས་རྒྱལ་སྲོང་བཙན་གྱིས་ས་འདུལ་གྱི་སྒྲུབ་པ་མཛད་པའི་སྐོར་ཡང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་“དཔྱི་གཡས་གཡོན་གནོན་པ་ལ་རྩེ་ཕུག་དང་བརྒྱད་ཕུག་ཏུ་སྒྲུབ་པ་བྱས་”④ཞེས་འཁོད་པ་ལྟར། དཔྱི་གཡས་སུ་གཙང་འགྲམ་བྱེ་མའི་ལྷ་ཁང་མ་བཞེངས་གོང་རྩེ་ཕུག་དང་བརྒྱད་ཕུག་ཅེས་པའི་སྒྲུབ་ཕུག་གཉིས་སུ་སྒྲུབ་པ་མཛད། སྒྲུབ་ཕུག་དེ་གཉིས་ལས་བརྒྱད་ཕུག་ཅེས་པ་གང་དུ་གནས་མིན་ཆ་མི་འཚལ་ཡང་། རྩེ་ཕུག་ཅེས་པ་འདི་གཙང་འགྲམ་ལྷ་ཁང་གི་བྱང་ཤར་མཚམས་ཏེ་རྩེད་གདོང་གི་གནམ་རྒྱལ་རྩེ་ཞེས་གྲགས་པའི་རི་སྟེང་དུ་སྒྲུབ་ཕུག་འགའ་ཞིག་ཡོད་པ་ལས། དེང་རྟ་མགྲིན་ཕུག་ཅེས་འབོད་པ་འདིར་ངོས་འཛིན་དགོས་པ་འདྲ་སྟེ། དམངས་ཁྲོད་དུ་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྒྲུབ་ཕུག་འདིར་དཔལ་རྟ་མགྲིན་གྱི་སྒྲུབ་པ་ལ་ཞུགས་ནས་ཟླ་ཤས་སོང་མཚམས་སུ་རྟ་སྐད་ལན་གསུམ་ཕྱོགས་བཞིར་གྲགས་པའི་གྲུབ་རྟགས་བྱུང་ལ། དེ་རྗེས་དགོན་འདི་གསར་དུ་བཞེངས་སྐབས་ཀྱང་རྡོ་རྣམས་གནམ་རྩེའི་རི་སྟེང་ནས་མ་ཎི་ལག་ཤུག་བཏང་སྟེ་དབོར་བར་གྲགས་ཤིང་། ད་ལྟའི་ཆར་དེ་ཕྱོགས་ཀྱི་ས་ཤུལ་དུ་རྡོ་ཆེ་ཆུང་མང་པོ་གྲལ་སྟར་དུ་སྒྲིག་པ་ལྟར་འདུག་པ་དེ་སྔར་གྱི་རྩིག་རྡོ་རྣམས་ལས་འགའ་ཞིག་ལུས་པ་རེད་ཅེས་ཤོད་སྲོལ་འདུག
ད་དུང་《ལྡེའུ་ཆོས་འབྱུང་》དུ་རུ་གནོན་ཆེན་པོ་བཞི་སོ་སོར་ཡན་ལག་གི་ལྷ་ཁང་རེ་ཡང་བཞེངས་པར་གསུངས་པ་ལས་“དཔྱི་གཡས་པར་གཡས་རུར་གཙང་འགྲམ་(བྱེ་མའི་ལྷ་ཁང་དེའི་ཡན་ལག་ཏུ་)བྱང་ཆུབ་དགེ་གནས་”⑤ཞེས་དང་།《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་“གཡས་རུར་གཙང་འགྲམ་དང་ཡན་ལག་ཏུ་དགེ་དྲུང་གི་ལྷ་ཁང་”⑥ཞེས་འཁོད་པ་ལྟར་ན། གཙང་འགྲམ་ལྷ་ཁང་དང་ཐག་ཉེ་བའི་ས་ཆ་གང་རུང་ཞིག་ཏུ་བྱང་ཆུབ་དགེ་གནས་སམ་དགེ་དྲུང་གི་ལྷ་ཁང་ཞེས་པའི་གཙུག་ལག་ཁང་ཞིག་ཀྱང་བཞེངས་པར་མངོན་ཡང་། དེ་ནི་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོས་བྱང་ཚངས་པ་རླུང་གནོན་དུ་བཞེད་པའི་འོ་ཡུག་གོས་སྔོན་ལྷ་ཁང་དེ་ཡིན་མིན་དཔྱད་རྒྱུ་ཙམ་ལས། མིག་སྔར་ཁ་གསལ་ཁུངས་བཙན་གྱི་དཔྱད་ཡིག་དང་ས་ཡུལ་མ་རྙེད་པས་ཚིག་ཐོག་ཚིག་ལ་འཁེལ་བའི་གཏམ་ངེས་པ་འདྲེན་པ་ཞིག་ཞུ་བར་མ་སྤོབས་སོ།།
          གཉིས། བར་དུ་དར་རྒུད་ཇི་ལྟར་བྱུང་ཚུལ།
          གཙང་འགྲམ་བྱེ་མའི་ལྷ་ཁང་འདི་ཐོག་མར་བཞེངས་སྐབས་ཀྱི་གཞི་ཁྱོན་དང་བར་གྱི་གནས་བབས་སོགས་ཀྱི་སྐོར་ཞིབ་པར་འཁོད་པའི་ལོ་རྒྱུས་ད་བར་རྙེད་སོན་མ་བྱུང་ཡང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་ནས་རྒྱལ་པོ་འུ་དུམ་བཙན་གྱིས་ལྕགས་མོ་བྱའི་ལོ་ལ་བསྟན་པ་མ་བསྣུབས་བར་དགོན་གནས་རྣམས་ལ་གཏོར་སྐྱོན་ཤུགས་ཆེ་བ་ཕོག་མེད་པས་ཉམས་མེད་སྟར་ཆགས་སུ་གནས་ཡོད་ངེས་ལ། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་བོད་ཡུལ་རུ་བཞིར་གཏེར་རིགས་བཅོ་བརྒྱད་⑦སྦས་པའི་ནང་ཚན་ཡབ་གཏེར་དང་རྫས་གཏེར་སྦས་ཡུལ་གྱི་གནས་ཆེན་ཞིག་སྟེ། 《པདྨ་བཀའ་ཐང་》ལས།“གཙང་འཕྲད་(འཕྲང་)ལྷ་ཁང་ཡབ་གཏེར་གཤིན་རྗེ་སྦས༔གཡས་རུ་གཙང་འགྲམ་རྫས་གཏེར་སྣ་ཚོགས་སྦས༔”⑧ཞེས་འཁོད་པ་ལྟར་ཡིན། ཡང་ཟབ་གཏེར་འདི་དག་ནམ་བཏོན་པའི་དུས་ཀྱི་ས་རྟགས་བསྟན་པ་ལ་འདི་ཉིད་ལས། “ཉང་སྨད་ཉི་མ་མདོ་རུ་རྫོང་གཅིག་འབྱུང༔ དམག་དཔོན་བརྒྱ་དང་བཅུ་དྲུག་ཕྱ་ལུང་འཚོག༔ གཡས་རུ་གཙང་འགྲམ་སྦས་པའི་གཏེར་ཀ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ ཨུ་རྒྱན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང༔”⑨ཞེས་ཉང་སྨད་ཉི་མ་མདོར་བསམ་གྲུབ་རྩེ་རྫོང་བྱུང་བའི་དུས་སུ་ཨོ་རྒྱན་མདོ་སྔགས་གླིང་པ་ཞེས་པས་གནས་འདིའི་གཏེར་རྣམས་འདོན་པ་ལུང་དུ་བསྟན་པ་ཡིན།གཏེར་འདོན་སྐབས་ཀྱི་ལོ་དུས་ལ་རགས་རྩིས་བྱས་ན། མིག་སྔར་ཨོ་རྒྱན་མདོ་སྔགས་གླིང་པའི་འཁྲུངས་འདས་དང་མཛད་རྣམ་ཞིབ་ཆ་མ་རྙེད་པས་ལོ་ཚིགས་གཏན་འཁེལ་བརྗོད་དཀའ་ཡང་། གཞིས་ཀ་བསམ་གྲུབ་རྩེ་རྫོང་རྩིག་དུས་ནི་སྤྱི་ལོ་1354ལོ་དང་། གཏེར་སྟོན་གླིང་པ་དགུའི་ཡ་གྱལ་གཏེར་སྟོན་རིག་འཛིན་པདྨ་གླིང་པས་“ཆོས་དང་ཤོག་སེར་སོགས་མང་དུ་གནང་ནས་གཡས་རུ་གཙང་འགྲམ་གྱི་ཟབ་གཏེར་འདོན་པར་ནན་གྱིས་བསྐུལ་ཡང་ཉིད་ཀྱི་གསང་ཡུམ་ཨ་ལྕེ་རྡོ་རྗེས་བཤོལ་བཏབ་པས་མ་ཐོན་”⑩ཞེས་འཁོད་པ་ལྟར། ཨོ་རྒྱན་མདོ་སྔགས་གླིང་པར་ཐོག་མར་གཏེར་སྟོན་རིག་འཛིན་པདྨ་གླིང་པས་(1346-1405)གཏེར་འདོན་པར་སྐུལ་ཡང་། གསང་ཡུམ་གྱིས་བཤོལ་བཏབ་པའི་རྐྱེན་བྱས་ཏེ་དབུས་གཙང་མངའ་རིས་སོགས་བོད་ཡུལ་གྱི་ས་ཆ་སྟོད་སྨད་མང་པོར་ཕེབས། དེའི་རྗེས་ཙམ་དུ་ཟབ་གཏེར་དེ་དག་སྟོན་པར་སྣང་། དགུང་ལོ་སོ་ལྔ་ནས་མཛད་པ་འཕྲོ་ཅན་དུ་ལུས་པ་འདྲ་བས། གཏེར་འདོན་དུས་ནི་སྤྱི་ལོ་1354ལོའི་རྗེས་དང་། དུས་རབས་བཅུ་བཞི་པའི་དུས་མཇུག་ཡན་གང་རུང་ལ་ཡིན་པར་སེམས།
          ཡང་《ཐུགས་རྗེའི་གདུལ་བྱ་མཐར་རྒྱས་ཕྱིར༔སྐུ་གསུང་ཐུགས་ཀྱི་གདུལ་བྱ་ཡོད༔༔ ཐེམས་ཅན་བཅུ་གཅིག་པ་》ཞེས་པར་“གཞན་ཡང་ཁ་གནོན་རུ་གནོན་དང༔མཐའ་འདུལ་ཡང་འདུལ་ལ་སོགས་པའི༔ལྷ་ཁང་མཆོད་རྟེན་ཐམས་ཅད་གསོ༔”⑾ཞེས་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་རྣམས་རྒྱལ་པོ་འུ་དུམ་བཙན་གྱི་སྐབས་ཙམ་དུ་གཏོར་སྐྱོན་ཕོག་པ་འདྲ་ལ། བོད་སིལ་བུའི་སྐབས་བསྟན་པའི་མེ་རོ་གསོས་པའི་སྐབས་དང་བསྟུན་ཏེ་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་དང་མཆོད་རྟེན་རྣམས་རིམ་བཞིན་ཞིག་གསོ་མཛད་པ་ལུང་དུ་བསྟན་པ་ལྟར། ཐོག་མར་དབུས་གཙང་མཁས་པ་མི་བཅུ་གཉིས་ལས་སྔ་མ་བདུན་གྱིས་ཡ་གྱལ་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ་སློབ་མ་མཁན་བུ་མི་བརྒྱད་⑿དམ་མཁན་པོ་ཉི་ཤུ་རྩ་བཞིར་གྲགས་པ་རྣམས་བྱུང་། དེ་དག་གི་ནང་ནས་“གླང་སྟོན་བྱམས་པས་འོམ་ཕུག་བརྩིགས། དེ་ནས་གཙང་འགྲམ་བཟུང་། དེ་ནས་བུམ་ཐང་། ཆག་པ། ཏྲི་གོང་། དགོས་སྟོན་ཁྲོམ་མ་ལ་སོགས་པ་ལ་གླང་ཚོ་སྟོད་སྨད་ཟེར་རོ།།”⒀ཞེས་འཁོད་པ་ལྟར། ཧ་ལམ་སྤྱི་ལོའི་དུས་རབས་བཅུ་པའི་སྨད་དང་བཅུ་གཅིག་པའི་དུས་འགོ་གང་རུང་དུ་གླང་སྟོན་བྱམས་པ་ཞེས་པས་གཙང་འགྲམ་གྱི་གནས་འདི་བསྐྱངས་འདུག་ཅིང་། ཁོང་གིས་འོམ་ཕུག་དང་། གཙང་འགྲམ། བུམ་ཐང་སོགས་སུ་འདུལ་བའི་སྡེ་ཚོ་རྒྱས་པར་མཛད་པ་ལ་གླང་ཚོ་སྟོད་སྨད་ཅེས་སུ་གྲགས།
          དེ་རྗེས་རྭ་ལོ་རྡོ་རྗེ་གྲགས་ཀྱིས་བསམ་ཡས་ཀྱི་འཁོར་ས་ལོ་གསུམ་རིང་ཞིག་གསོ་མཛད་པའི་ཚོན་རྩི་ལྷག་མས་གཙང་འགྲམ་ལྷ་ཁང་གི་ཁྱམས་དབུ་རྩེ་དང་བཅས་པ་ལོ་གཉིས་རིང་ཞིག་གསོ་རྒྱ་ཆེར་གནང་འདུག དེའི་བདག་གཉེར་རྭ་ཆོས་རབ་ཀྱིས་མཛད་ཅིང་ཡོ་བྱད་ནས་ཁལ་ཁྲི་ཚོ་གཅིག་སོང་། དེའི་ཐོག་ནས་རྭ་ལོའི་སྐུ་དུས་སུ་གཙང་འགྲམ་ལྷ་ཁང་ལ་ཉམས་རྒུད་ཅུང་ཞིག་བྱུང་ཡོད་ཀྱང་། རྩ་གཏོར་དུ་སོང་མེད་པ་ནི་ཐག་བཅད་ནས་བཤད་ཆོག་པ་ཡིན། ཞིག་གསོ་གནང་དུས་ཀྱི་ལོ་དུས་སྐོར་ལ་ཅུང་ཟད་དཔྱད་ན། ར་ལོ་ཙཱ་བ་ཉིད་བོད་མེ་འབྲུག་(སྤྱི་ལོ་1016)ལོར་སྐུ་འཁྲུངས་ལ། “བསམ་ཡས་ཀྱི་འཁོར་ས་ཀླུ་མེས་དང་སྦ་རེག་གི་ཆགས་སྡང་གིས་མེ་ཕོ་ཁྱིའི་ལོ་ལ་བསྲེགས་ཤིང་། གྱང་ཚུན་ཆད་འགྱེལ་བའི་”⒁སྐོར་《དེབ་སྔོན་》དུ་འཁོད། རྭ་ལོ་ཆེན་པོ་སྐུ་འཚོ་བཞུགས་སྐབས་ཀྱི་མེ་ཁྱི་ལོ་དང་པོ་ནི་རྭ་ལོ་ཉིད་དགུང་གྲངས་སུམ་ཅུ་ལ་སོན་པ་སྟེ་རབ་བྱུང་དང་པོའི་མེ་ཁྱི་(སྤྱི་ལོ་1046)ལོ་དང་།མེ་ཁྱི་ལོ་གཉིས་པ་ནི་དགུང་གྲངས་དགུ་བཅུ་ལ་སོན་པ་སྟེ་བོད་རབ་བྱུང་གཉིས་པའི་མེ་ཁྱི་(སྤྱི་ལོ་1106)ལོ་གང་རུང་དུ་འཁེལ་བ་ལས། ལོ་ཚིགས་དང་པོ་ལྟར་ན། རྭ་ལོ་ཆེན་པོས་བསམ་ཡས་ཀྱི་འཁོར་ས་ཉམས་གསོ་མཛད་པའི་ལོ་དུས་གསལ་བར་མ་འཁོད་ཀྱང་། གལ་ཏེ་ཀླུ་མེས་དང་སྦ་རེག་གིས་བསྲེགས་པའི་ལོ་དེ་རང་ལ་ཉམས་གསོ་མཛད་པའི་དབང་དུ་བཏང་ན། ཉམས་གསོ་གནང་བའི་དུས་ཡུན་ནི་སྤྱི་ལོ་1046ལོ་ནས་སྤྱི་ལོ་1049ལོ་བར་ཡིན། དེའི་ཚོན་རྩི་ལྷག་གིས་གཙང་འགྲམ་ལ་ལོ་གཉིས་རིང་ཉམས་གསོ་གནང་བ་སྟེ་སྤྱི་ལོ་1049ལོ་ནས་སྤྱི་ལོ་1051ལོ་བར་ཡིན། ལོ་ཚིགས་གཉིས་པ་ལྟར་ན། གཙང་འགྲམ་ལྷ་ཁང་ཞིག་གསོ་མཛད་པའི་དུས་ཡུན་ནི་སྤྱི་ལོ་1109ལོ་ནས་སྤྱི་ལོ་1111ལོ་བར་ཡིན། མིག་སྔར་ལོ་རྒྱུས་ཡིག་ཆ་ཁ་གསལ་མ་རྙེད་པས་ལོ་དུས་སྔ་ཕྱི་གང་དུ་འཁེལ་མིན་ཁ་ཚོན་གཅོད་དཀའ་ཡང་། གཙང་འཕྲང་ལྷ་ཁང་ཞིག་གསོ་མཛད་དུས་ནི་མ་མཐར་ཡང་སྤྱི་ལོ་1049ལོའམ་ཡང་ན་སྤྱི་ལོ་1109ལོའི་རྗེས་དང་། ར་ལོ་ཙཱ་བ་ཉིད་དགུང་གྲངས་བརྒྱ་དང་བརྒྱད་⒂ལ་སྐུ་གཤེགས་པ་ལྟར་བྱས་པའི་སྤྱི་ལོ་1123ལོའི་གོང་དུ་ཡིན་དགོས།
          ཡང་བདེ་མཆོག་སྙན་བརྒྱུད་དང་རས་ཆུང་སྙན་བརྒྱུད་ཀྱི་བླ་བརྒྱུད་ཅིག་ཏུ་རྒྱ་ཕོ་ལུང་བས་གཙང་འགྲམ་པ་ཆེན་པོ་ལ་སྙན་བརྒྱུད་ཀྱི་གདམས་པ་ཟབ་དགུ་བརྒྱུད་པའི་སྐོར་འཁོད། དེའི་ཐོག་ནས་སྤྱི་ལོའི་དུས་རབས་བཅུ་གཉིས་པ་དང་བཅུ་གསུམ་པའི་སྐབས་གང་རུང་ལ་གཙང་འགྲམ་པ་ཆེན་པོ་ཞེས་བཀའ་བརྒྱུད་པའི་སྙན་བརྒྱུད་ཀྱི་གདམས་པ་གཙོ་བོར་འཛིན་པའི་བླ་མ་གྲགས་ཆེ་ཙམ་ཞིག་བྱོན་ནས་གཙང་འགྲམ་གྱི་གདན་ས་བསྐྱངས་པ་འདྲ་ཡང་། དེའི་མཛད་རྣམ་ཞིབ་ཆ་མ་རྙེད་པས་སྐབས་དེའི་གཙང་འགྲམ་ལྷ་ཁང་གི་གནས་བབས་ཁ་གསལ་བརྗོད་དཀའ་བའི་གནས་སུ་གྱུར།
          དགའ་ལྡན་ཕོ་བྲང་པའི་སྲིད་དབང་བཙུགས་རྗེས་ཀྱི་རབ་བྱུང་བཅུ་གཅིག་པའི་ཤིང་སྤྲེལ་(སྤྱི་ལོ་1644)ལོར་བོད་སྤྱིའི་བདེ་ཐབས་སུ་གཞུང་ས་ནས་གཙང་འགྲམ་ལྷ་ཁང་འདི་ཉིད་ཉམས་གསོ་དང་། གནས་འཛིན་དུ་རྟ་ནག་ཆོས་རྗེ་སྒྲོལ་མ་བའམ་སྒྲོལ་མ་ཕུག་པ་སྟེ་སྔ་འགྱུར་རྙིང་མའི་སྒྱུ་འཕྲུལ་གྱི་ཆོས་སྐོར་ལ་མཆོག་ཏུ་མཁས་པ་རྟ་ནག་ཆོས་རྗེ་སྒྲོལ་མ་པ་བསམ་གྲུབ་རྡོ་རྗེའི་(1295-1376)⒃གདུང་བརྒྱུད་ཅིག་བསྐོས་ཤིང་། རབ་བྱུང་བཅུ་གཅིག་པའི་ལྕགས་གླང་(སྤྱི་ལོ་1661)ལོར་གཞུང་ས་ནས་ཆོས་རྗེ་སྒྲོལ་མ་ཕུག་པར་དབྱེ་མར་ལྷབས་ཀྱི་ས་ཚབ་དང་། ས་སྣོན་སྦྲགས་པར་རྟ་ནག་འོ་རློན་དང་ཞག་པའི་གཞིས་ཀ ཐེམ་འཛིན་ཉི་ཤུ་རྩ་ལྔ། ལག་ཡོང་ཉིས་སྟོང་སུམ་བརྒྱ་སྐོར་བཅས་ཀྱི་བདག་རྐྱེན་ཡང་གནང་། 《དུ་ཀཱུ་ལའི་གོས་བཟང་》དུ་“རྟ་ནག་སྒྲོལ་མ་བ་སངས་རྒྱས་རིན་ཆེན་”⒄ཞེས་བྱུང་བས་སྐབས་དེའི་གཙང་འགྲམ་གྱི་གནས་འཛིན་པ་ཆོས་རྗེ་སྒྲོལ་མ་བ་ཉིད་ཀྱི་སྲས་སངས་རྒྱས་རིན་ཆེན་ཉིད་ཡིན་པ་འདྲ། ཡང་《དུ་ཀཱུ་ལའི་གོས་བཟང་》དུ་“དབེན་ས་དགོན་པས་གོ་ཆོད་པས་ལྷ་ཁང་འདི་མེད་ཀྱང་ཡོང་ཞུ་མཁན་བྱུང་གསུངས་པ་མཐའ་འདུལ་གྱི་ལྷ་ཁང་དེ་ཐོག་མ་ནས་དབེན་སའི་ཐང་དེར་བརྩིགས་ན་ཡོང་རྒྱུར་ཆོས་རྒྱལ་སྲོང་བཙན་སྒམ་པོར་མངོན་མཁྱེན་མེད་པའི་སྐྱོན་ཡིན་པ་འདྲ་”⒅ཞེས་རྒྱལ་དབང་ལྔ་པ་ཉིད་ཀྱིས་གསུངས། གང་ལྟར་དུས་དེ་ནས་བཟུང་དགོན་འདི་གཞུང་དགོན་གྱི་ཁོངས་སུ་གཏོགས་པས། ཆོས་རྗེ་སྒྲོལ་མ་བའི་སྐུ་དུས་ཀྱི་ས་ཕག་(སྤྱི་ལོ་1659)ལོའི་གད་ག་ཞང་ཚན་བདེ་གཟར་དང་། ས་ལུག་(སྤྱི་ལོ་1679)ལོའི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཁྲི་འདོན་སོགས་གཞུང་དོན་ཆེ་གྲས་ལ་དམིགས་པའི་ཞབས་རིམ་རྨ་མེད་འཐུས་ཚང་བསྒྲུབས། ཕྱིས་དགེ་འདུན་གྱི་འདུས་སྡེ་ཆེར་མེད་ཀྱང་། གཙང་འགྲམ་དཀོན་གཉེར་ཞེས་ཆོས་རྗེ་སྒྲོལ་མ་བ་གདུང་བརྒྱུད་དང་བཅས་པའི་གདན་ས་དེང་བཞད་མཐོང་སྨོན་རྫོང་རྟ་ནག་མདའ་ཤང་བཀྲ་ཤིས་ལྡིང་གྲོང་ཚོའི་ཤར་ངོས་གསེར་གླིང་དགོན་པའི་རྒྱབ་རིར་གནས་པའི་སྒྲོལ་མ་ཕུག་རི་ཁྲོད་⒆ནས་དགེ་འདུན་པ་གཅིག་ལོ་བརྒྱད་རིང་བདག་གཉེར་གནང་ནས་བཞུགས་ཐོག དགོན་འདིའི་ཉེ་འཁོར་གྱི་གྲོང་མི་རྣམས་རེས་མོས་ཀྱིས་གཙང་འགྲམ་གད་པ་ཞེས་དུས་བཀག་ནང་གཙང་འགྲམ་ལྷ་ཁང་སྟེང་ཤོད་ལེ་ལག་དང་བཅས་པར་བྱི་དོར་བྱེད་པའི་སྲོལ་ཡང་འདུག
          སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་“གྲོམ་པ་རྒྱང་གི་ལྷ་ཁང་། ཆོས་མ་ཤིང་གི་ལྷ་ཁང་། གཙང་འགྲམ་ལྷ་ཁང་། དབོན་དགོན་གཙུག་ལག་ཁང་རྩེ་ཤོད་གཉིས། ཞ་ལུ་རི་མཐིལ་གྱི་གཙུག་ལག་ཁང་། རོང་བྱམས་ཆེན་རྣམས་སུ་ཁྱོན་སྣ་ལྔའི་བརྒྱ་མཆོད་ཚར་བཞི་བཅུ་ཞེ་དྲུག་ཕུལ་”⒇བར་གཞིགས་ན། སྐབས་དེ་དུས་ཀྱང་གཙང་འགྲམ་ལྷ་ཁང་མ་ཉམས་པར་གནས་ཡོད་མུས་ལ། དམངས་གཙོའི་བཅོས་བསྒྱུར་སྐབས་སུ་ཐོར་ཞིག་ཏུ་སོང་།
          དེ་ཡང་《བཀའ་ཆེམས་ཀ་ཁོལ་མར་》“དཔྱི་གཡས་གནོན་པ་ལ་གཡས་རུ་ན་གཙང་འབྲང་ནི་རྒྱལ་ཆེན་རིགས་བཞིའི་དཀྱིལ་འཁོར་དུ་བཞེངས་སོ་”(21)ཞེས་འཁོད་པ་ལྟར།ལྷ་ཁང་འདི་ཐོག་མར་བཞེངས་སྐབས་ཀྱི་སྤྱིའི་ཆགས་དབྱིབས་ནི་རྒྱལ་ཆེན་རིགས་བཞིའི་དཀྱིལ་འཁོར་དང་འདྲ་བར་སྙམ་ཡང་། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་ཉམས་གསོ་རབ་དང་རིམ་པ་མཛད་པས། ཐོག་མའི་ཆགས་དབྱིབས་འདིར་འགྱུར་ལྡོག་བག་ཆེ་ཙམ་སོང་ཡོད་པ་ནི་སྨོས་མེད་རེད། དམངས་གཙོའི་བཅོས་བསྒྱུར་སྐབས་དགོན་གནས་འཐོར་ཞིག་ཏུ་མ་སོང་གོང་གི་ལྷ་ཁང་འདིའི་ཆགས་དབྱིབས་ནི། རྒྱལ་སྒོ་ལྷོ་ཕྱོགས་སུ་བསྟན་པ་ལ། དབུས་སུ་ཀ་ཆེན་དྲུག་ཡོད་པའི་འདུ་ཁང་ཞིག་ཡོད། དེའི་ནང་རྟེན་ཇི་བཞུགས་གསལ་བར་མ་ཤེས་ཀྱང་། གཙང་ཁང་དུ་དགོན་འདིའི་སྲུང་མ་གཙོ་བོ་ལྷ་གཅིག་ཉི་མ་གཞོན་ནུ་སོགས་བཞུགས་པ། གཡས་སུ་ལྷ་ཁང་ཤར་ཞེས་ཆོས་སྐྱོང་སྲུང་མའི་ཞལ་འབག་བཞུགས་པ་ཐོག་བརྩེགས་ཉིས་ལྡན་གཅིགགཡོན་དུ་ལྷ་ཁང་ནུབ་ཅེས་ནང་རྟེན་དུ་རྗེ་ཙོང་ཁ་པའི་སྐུ་བརྙན་དང་། ཨ་ཅེ་རྒྱ་བཟའི་སྣང་བརྙན་སོགས་བཞུགས་པ་བཅས། ལྕགས་རིའི་ཕྱི་ངོས་ཀྱི་ཤར་ལྷོའི་མཚམས་སུ་མ་ཎི་རྡོ་འབུམ་དང་། མཆོད་རྟེན་གཅིག དེ་དང་ཉེ་བར་ཤུག་སྡོང་དང་ཁྲོན་པ་ཞིག་ཀྱང་ཡོད། དགོན་འདིའི་སྲུང་མ་གཙོ་བོ་ལྷ་མོ་ཉི་མ་གཞོན་ནུ་ནི་སྐུ་མདོག་དཀར་པོ། ཕྱག་གཡས་སུ་མདའ་དར་བསྣམས། གཡོན་མཉམ་བཞག་སྟེང་ཐོད་པ་ཐོགས་པ། ཞབས་གཡས་བསྐྱངས་ཤིང་གཡོན་སྐྱིལ་དཀྲུང་ཕྱེད་བཅས་ཀྱི་བཞུགས་སྟངས་དཔལ་ལྡན་ལྷ་མོ་དང་འདྲ། ལྷ་མོ་འདི་ཐོག་མར་སླེ་ལུང་བཞད་པ་རྡོ་རྗེའི་གསང་ཡུམ་ཡིན་ལ་སྐུའི་རྣམ་འགྱུར་ཞི་བ་དང་། དྲག་པོ་སྲོག་གི་སྤུ་གྲི་ཞེས་རྣམ་ཀུན་གྲ་ཕྱི་ལྷ་མོར་ངོས་འཛིན་གྱི་ཡོད།
          གསུམ། དགོན་འདིའི་སྐུ་གསུང་ཐུགས་རྟེན་གྱི་སྐོར།
          1. སྐུ་རྟེན་ཁ་སར་པ་ཎི། དེ་ཡང་མཁན་ཆེན་བློ་གསལ་རྒྱ་མཚོས། “རབ་དྭངས་དལ་བབ་ཆུ་བོ་པཀྵུའི་འགྲམ།། རིན་ཆེན་མུ་ཏིག་བརྡལ་འདྲའི་ཐང་ཡངས་སུ།། མགོན་པོ་ཁྱེད་སྐུ་མངོན་སུམ་བྱོན་པའི་ཚེ།། མཁའ་འགྲོས་བརྡ་བསྟན་སྐལ་བཟང་རྫི་བོས་རྙེད།།”(22)ཅེས་གསུངས་པ་ལྟར། ཐོག་མར་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་སྨད་དང་དུས་རབས་བཅུ་པའི་སྟོད་ཆ་ཙམ་དུ་གཡུ་ཐོག་སྒྲ་གསེར་བཟང་གིས་ཞ་ལུའི་གདན་ས་སྐྱོང་བའི་སྐབས་ཤིག ཆུ་བོ་ལོ་ཧི་ཏའི་ཉེ་འགྲམ་ཐོབ་རྒྱལ་གྱི་བྱེ་མ་གཡུའི་ཟུར་ཕུད་ཅན། ས་ཞིང་སྔོ་ཞིང་ཡིད་དུ་འོང་བ། འགྲོ་བའི་དེད་དཔོན་བྱོན་པའི་གནས་བྱང་སྐྱོབ་པ། ལྷོ་གཞོལ་བ། མདུན་ན་ནེའུ་གསིང་ལ་མེ་ཏོག་དཔག་མེད་འཁྲུངས་པ། བྱ་བྱིའུ་སྣ་ཚོགས་ཀྱི་སྐད་སྙན་སྒྲོག་པ། རི་དྭགས་ཅི་དགར་གནས་པ་དེར་རང་བྱོན་གྱི་ཇོ་བོ་འདི་ཉིད་དབུ་མྱུག་གེ་བཞུགས་པ་ལ། དགེ་བསྙེན་རྡོ་རྗེ་འབུམ་ཞེས་པ་དེས་ར་ལུག་འཚོར་ཕྱིན་པ་དང་། སྤྲུལ་པའི་ར་མ་གཡུའི་ཨོག་འཛར་ཉིལ་ལེ་བྱས་པ་དེས་གཡས་ཕྱོགས་སུ་སྐོར་བ་བྱེད་ཀྱིན་འོ་མའི་ཁྲུས་གསོལ་བ་དེ་མཐོང་ནས་དགེ་བསྙེན་དད་པ་ཆེན་པོ་སྐྱེས་ཏེ། གཙང་འགྲམ་བྱེ་མའི་ལྷ་ཁང་འདི་ཉིད་དུ་སྤྱན་དྲངས་ནས་བཞུགས། ཡང་གསུང་སྲོལ་གཞན་ཞིག་ལ། སྤྱི་ལོའི་དུས་རབས་བཅུ་པའི་མཇུག་ཏུ་པཎྜི་ཏ་སྨྲི་ཏི་ཐོབ་རྒྱལ་མདའི་མེ་ཐབ་ཅེས་པར་ལུག་རྫི་མཛད་ནས་བཞུགས་པའི་སྐབས། བྱེ་མ་གཡུའི་ཟུར་ཕུད་ཅན་ནས་རང་བྱོན་ཇོ་བོ་མཆེད་གསུམ་དང་། མ་ཎི་རང་བྱོན་སྤྲེལ་སོགས། སྤྲུལ་པའི་ར་མས་འོ་མའི་མཆོད་པ་ཕུལ་བར་བརྟེན་ནས་དེ་རྣམས་རྙེད་ཀྱང་སྤྲེའུ་ལ་འུར་རྡོ་ཕོགདེ་ནས་པཎྜི་ཏ་སྨྲི་ཏིས་སྤྱན་དྲངས་པའི་སྐབས་ཇོ་བོ་གཅིག་དགའ་ལྡན་གནས་སུ་ཕེབས། ཇོ་བོ་གཅིག་གཙང་འགྲམ་ལྷ་ཁང་དུ་རེ་ཞིག་བཞུགས་ནས། ཕྱིས་ཞ་ལུར་ཕེབས། ཇོ་བོ་གཅིག་དང་མ་ཎི་ཐོབ་རྒྱལ་ན་བཞུགས་པ་ཡིན་ཞེས་ཇོ་ནང་ཏཱ་ར་ནཱ་ཐས་གསུངས།
          དེ་རྗེས་ཞ་ལུ་དགོན་གྱི་རྟེན་གཙོ་རྒྱལ་བ་རྒྱ་མཚོས་རྗེ་བཙུན་ཤེས་རབ་འབྱུང་གནས་ལ་གསུང་ལན་གསུམ་བྱོན་པའི་མཐའ་མར། ཆུ་བོ་པཀྵུའི་འགྲམ་ན་སྤྱན་རས་གཟིགས་ཁ་སར་པ་ཎིའི་རྡོ་སྐུ་རང་བྱོན་ཁྱད་འཕགས་ཅན་ཤིག་འདུག་པ་ཞ་ལུར་སྤྱན་དྲངས་ན་འགྲོ་དོན་ཆེ་བར་ལུང་བསྟན་པ་ལྟར། སྔར་གྱི་གཙང་འགྲམ་ལྷ་ཁང་གི་སྐུ་རྟེན་གྲགས་ཅན་ཇོ་བོ་ཁ་སར་པ་ཎི་དེ་ཞ་ལུ་པའི་སློབ་དཔོན་བརྩོན་འགྲུས་ཞེས་པ་དེས་མཚམས་སྦྱར་ནས་ཞ་ལུ་པའི་ཆོས་བཀའ་ཡུམ་རྒྱས་འབྲིང་བསྡུས་གསུམ་གཙང་འགྲམ་པ་ལ་སྤྲད། ཇོ་བོ་རང་བྱོན་འདི་ཉིད་ཞ་ལུ་རི་ཕུག་ཏུ་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ལ། ཆུ་མིག་པ་དང་ཞ་ལུ་པ་གཉིས་འཁྲུག་པས། ཆུ་མིག་པས་ཇོ་བོ་བརྐུས་ཏེ་ཕྱིན་པ་ཇོ་བོ་རི་ཕུག་མས་ཇག་འཆིང་རྒྱབ་ནས་གར་ཡང་བགྲོད་མ་ཐུབ་ཅིང་། རྐུ་མ་རྣམས་ཀྱིས་བཅགས་ཀྱང་མ་ཆག་པའི་རྡོ་རྗེའི་སྐུར་བྱིན་གྱིས་བརླབས་པ་ནས། ཞ་ལུ་མ་དགོན་རང་དུ་སྤྱན་དྲངས་ན་འགྲོ་དོན་ཆེ་བར་དགོངས་ནས་གྲྭ་པ་རྣམས་ཀྱི་གཙང་ཁང་དུ་བཞུགས་སུ་གསོལ་བར་སྙམ་པས། ཇོ་བོའི་ཞལ་ནས་ང་མའི་པང་ན་བུ་སྡོད་པ་བཞིན་ཡིན་ཞེས་གསུངས་ནས། སྔོན་རྒྱ་གར་ནས་སྤྱན་དྲངས་པའི་སྤྱན་རས་གཟིགས་ཁ་སར་པ་ཎི་(དེང་ཇོ་བོ་རྒྱ་གར་བ་ཞེས་ཀྱང་ཟེར་)དེའི་སྐུ་པང་དུ་དམ་ཚིག་སེམས་དཔའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་རྣམ་པར་བཞུགས། ཡང་དེའི་པང་དུ་པཎྜི་ཏ་སྨྲི་ཏིའི་ཕྱག་བཟོ་ཁ་སར་པ་ཎིའི་རྡོ་སྐུ་བཞུགས་པར་སྤྲུལ་པའི་རྟེན་རང་བྱོན་སེམས་དཔའ་གསུམ་བརྩེགས་སུ་གྲགས། དེང་ཞ་ལུ་དགོན་གྱི་ཇོ་ཁང་ཞེས་སུ་འབོད་པའི་ལྷ་ཁང་དེའི་ནང་ཁྱོན་བསྡོམས་ཁ་སར་པ་ཎིའི་སྐུ་རྟེན་ལྔ་བཞུགས་པར་ཡེ་ཤེས་ལྔ་ལྡན་གྱི་ལྷ་ཁང་ཞེས་ཀྱང་གྲགས། ཇོ་བོ་འདིའི་བྱུང་རབས་སྐོར་《གཙང་ཐོབ་རྒྱལ་ཡུལ་གྱི་དམངས་སྲོལ་རིག་གནས་》ཞེས་པར་རང་བྱོན་གྱི་ཇོ་བོ་བྱིན་ཅན་འདི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཡིན་ཚུལ་དང་། འདི་ཉིད་ཞ་ལུར་ཕེབས་དུས་སྐོར་“གཡུ་ཐོག་སྒྲ་གསེར་བཟང་གི་དུས་སུ་ཞ་ལུའི་དགེ་བཤེས་བརྩོན་འགྲུས་པ་” (23)ཞེས་གཡུ་ཐོག་སྒྲ་གསེར་བཟང་དང་སློབ་དཔོན་བརྩོན་འགྲུས་གཉིས་བྱོན་དུས་མཉམ་པར་འཁོད་པ་《ཞ་ལུའི་དཀར་ཆག་》དང་《མྱང་ཆོས་འབྱུང་》སོགས་ཀྱི་དཔྱད་ཡིག་རྣམས་དང་མི་མཐུན་པའོ།།
          2.གསུང་རྟེན་འབུམ་པོད་བཅུ་གཉིས་སོགས། གཙང་འགྲམ་ལྷ་ཁང་འདིར་སྔར་ཞ་ལུ་པའི་སློབ་དཔོན་བརྩོན་འགྲུས་ཀྱི་སྐབས་ཇོ་བོ་ཁ་སར་པ་ཎིའི་སྐུ་ཚབ་ཏུ་ཕུལ་བའི་ཡུམ་རྒྱས་འབྲིང་བསྡུས་གསུམ་ཆ་ཚང་བཞུགས་ངེས་དང་། དམངས་གཙོའི་བཅོས་བསྒྱུར་གོང་འབུམ་པོད་བཅུ་གཉིས་ཆ་ཚང་གཅིག་བཞུགས་པ་ཉུག་ཆོས་འཁོར་གླིང་ནས་ལོ་ལྟར་འབུམ་སྒྲོག་གནང་སྲོལ་འདུག དེ་མིན་བཀའ་བསྟན་གྱི་ཕྱག་དཔེ་སོགས་མཐིང་ཤོག་གསེར་བྲིས་མ་དང་། དཔེ་རྙིང་བྲིས་མ། སྐྱ་བྲིས་སོགས་གང་ཙམ་བཞུགས་པར་ཐོས་ཀྱང་ངེས་པའི་ཆ་དཀའ་བས་རེ་ཞིག་མ་བཀོད་དོ།།
          3.ཐུགས་རྟེན་སྐྱེར་མའི་མཆོད་རྟེན། དེ་ཡང་《ཐུགས་རྗེའི་གདུལ་བྱ་མཐར་རྒྱས་ཕྱིར༔སྐུ་གསུང་ཐུགས་ཀྱི་གདུལ་བྱ་ཡོད༔༔ ཐེམས་ཅན་བཅུ་གཅིག་པ་》ཞེས་པར།“ཤངས་ཀྱི་ལུང་པའི་སུམ་(གསུམ་)མདོ་ན༔སྲིན་མོ་ཁྲག་རུལ་སྐྱུག་འདྲ་ཡོང༔གཅང་(གཙང་)འཕྲང་ལྷ་ཁང་ཤར་ཕྱོགས་ན༔ཐང་ཁ་ཐལ་བ་བརྡལ་འདྲ་ཡིས༔རི་བོ་སྣུམ་པོ་ནོན་འདྲ་ཡོང༔རུ་ལག་ལུང་པའི་ནུབ་བྱང་ན༔བྲག་རི་དོ་བོ་སྦྲུལ་གྱིས་དེད༔ཆུ་སྲིན་གྲེ་བར་ཚུད་འདྲ་ཡོང༔ …… དེ་ལྟར་ས་པྲ་ངན་པ་རྣམས༔ལེགས་པར་ཁ་གནོན་མཆོད་རྟེན་བཞེངས༔ས་བརྒྱུད་བདེ་བར་བྱེད་པ་བྱའོ༔” (24)ཞེས་འཁོད་པ་ལས། གཙང་འགྲམ་ལྷ་ཁང་ཤར་ཕྱོགས་སོགས་ཀྱི་ས་དགྲ་གནོན་པའི་ཕྱིར་མཆོད་རྟེན་ཞིག་བཞེངས་ན་མཐའ་དམག་བཟློག་པ་དང་། ལས་སྒྲིབ་དག་པ་སོགས་ཀྱིས་བོད་ཁམས་བདེ་བར་འབྱུང་བའི་ལུང་བསྟན་གནང་ཡོད། མཆོད་རྟེན་འདི་ནི་《ཟབ་པའི་ཆོས་དྲུག་གི་དཀར་ཆག་》ཅེས་པར་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་གཏེར་ཁ་བརྒྱད་ཅུ་སྦས་སའི་གནས་བཞིའི་གྲས་སུ“ཡུངས་ཀྱི་རྡོ་རྗེ་སྒྲོམ་བུ། །གཙང་འཕྲང་མཆོད་རྟེན་སྐྱེར་མ་བཞི་” (25)ཞེས་འཁོད་པའི་མཆོད་རྟེན་སྐྱེར་མ་ཞེས་པ་དེ་ཡིན་ཏེ། སྔར་གྱི་གཙང་འགྲམ་ལྷ་ཁང་གི་ལྕགས་རིའི་ཕྱི་ངོས་ཀྱི་ཤར་ལྷོའི་མཚམས་སུ་གནས་པའི་མཆོད་རྟེན་དེ་རང་ཡིན་པར་ངེས་སོ།།
          བཞི། ད་ལྟའི་གནས་བབས་དང་འབྲེལ་ཡོད་ཀྱི་རྒྱུན་སྲོལ་བྱེད་སྒོ།
          ད་ལྟ་གཙང་འགྲམ་བྱེ་མའི་ལྷ་ཁང་དུ་སྔར་གྱི་རྩིག་ཤུལ་ངོས་ཟིན་པ་ལ་རྒྱ་ཁྱོན་སྨི་གྲུ་བཞི་མ་1500ལ་ཉེ་བ་དང་།གྱང་གོག་ཉིལ་ལེ་བ་འགའ་ཞིག་ཕྱོགས་བཞིར་བྱ་ར་བྱེད་པའི་ཚུལ་ལྟར་དུ་ཀྲོང་ངེར་གནས་ལ། ལོ་ངོ་བཅུ་ལྷག་གི་གོང་སྤོར་ཐོག་སྐུ་ཕྲེང་བརྒྱད་པ་ཐུབ་བསྟན་སྤྲུལ་སྐུས་བཞེངས་པའི་ཁང་བུ་རྩེག་པ་ཞིག་ལས་མེད་པ་འདིར་ཉེ་འཁོར་གྱི་གྲོང་མི་ཚོས་དམིགས་བསལ་གྱི་དུས་མཆོད་སོགས་སུ་མར་མེའི་མཆོད་པ་རེ་གཉིས་མ་གཏོགས་མཆོད་པའི་རྒྱུན་ཡང་དགོན་གནས་ཉིད་དང་འདྲ་བར་ཕལ་ཆེར་སྟོངས་ཟིན་ལ། སྔར་ལྷབ་གྲོང་ཚོའི་གྲོང་མི་རྣམས་ལོ་རེའི་བོད་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་དབྱར་གསོལ་ཞེས་དགོན་གནས་འདིར་ལྷ་གསོལ་བསང་གཏོང་རྒྱ་ཆེར་བྱ་སྲོལ་འདུག དེང་དབྱེ་མར་ཁུལ་གྱི་མི་འགའ་རེས་བྱིས་པའི་ནད་གདོན་བཅོས་སྐབས་“གཙང་འགྲམ་བྱེ་མའི་ལྷ་ཁང་ལ། བསམ་པ་གྲུབ། བྱེ་མ་རི་ལྕགས་ཀྱི་མེ་ལོང་།(26) བསམ་པ་འགྲུབ རིའུ་ཡི་ཀླུ་མོ་དཀར་མོ། བསམ་པ་འགྲུབ”ཅེས་བགྲང་སྲོལ་འདུག ལྷག་པར་གཙང་འགྲམ་དང་འབྲེལ་བའི་དམངས་ཁྲོད་ཀྱི་བྱེད་སྒོ་ཁག་ལས། དེང་རྩེད་གདོང་ཁུལ་གྱི་ཞོལ་ཤར་གྲོང་ཚོ་དང་མདའ་ཤར་གྲོང་ཚོ་གཉིས་སུ་གཙང་འགྲམ་སྤོ་བོ་པད་ཤད་ཅེས་སུ་གྲགས་པའི་ཡུལ་ལྷ་འདི་ཉིད་དབྱར་དུས་ཐན་སྐྱོན་ཆེ་སྐབས་ཟབ་གསོལ་བྱེད་སྲོལ་འདུག་པ་དེར་ཐུན་མིན་གྱི་ཁྱད་ཆོས་མང་དུ་ལྡན་པ་སྟེ། ཡུལ་ལྷ་འདི་གསོལ་མཁན་ཐམས་ཅད་བུད་མེད་ཡིན་པ་སོགས་ཡིག་རྫོབ་ལ་འཇིགས་ནས་ཞིབ་པར་མ་སྤྲོས་སོ།།
          མདོར་ན། གཡས་རུ་གཙང་འགྲམ་བྱེ་མའི་ལྷ་ཁང་འདི་ཉིད་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། ཤངས་ཁུལ་གྱི་ནང་པའི་ལྷ་ཁང་སྔ་ཤོས་དང་། གལ་འགངས་ཆེ་ཤོས་ཀྱང་ཡིན། སྔ་རྗེས་སུ་ཆོས་བརྒྱུད་མ་གཅིག་པའི་བླ་མ་སྐྱེས་ཆེན་དུ་མས་དགོན་གནས་སྐྱོང་བ་དང་།ཉམས་གསོ་རྒྱ་བསྐྱེད་གནང་བས་དུས་རབས་ཉི་ཤུ་པའི་དུས་དཀྱིལ་བར་མི་ཉམས་པར་གནས་པ་བཅས་སོ།།
          མཆན་འགྲེལ།
①གཙང་འགྲམ་ལྷ་ཁང་འདི་ཉིད་ལ། 《མ་ཎི་བཀའ་འབུམ་》དུ་“གཙང་འཕྲང་”དང་། 《ལྡེའུ་ཆོས་འབྱུང་》དང་《ཆོས་འབྱུང་མཁས་པའི་དགའ་སྟོན་》སོགས་སུ་“གཙང་འགྲམ”《བཀའ་ཆེམས་ཀ་ཁོལ་མར་》“གཙང་འབྲང་”ཞེས་སོགས་མཚན་མི་མཐུན་པ་འགའ་ཞིག་སྣང་ཡང་། སྐབས་འདིར་ལྷ་ཁང་གནས་ཡུལ་ཡར་ལུང་གཙང་པོའི་འགྲམ་དུ་ཡིན་པ་མཚོན་བདེ་
བའི་ཕྱིར་གཉིས་པའི་དབང་དུ་བྱས་སོ།།
②ཆོས་རྒྱལ་སྲོང་བཙན་སྒམ་པོ། 《མ་ཎི་བཀའ་འབུམ》 མཚོ་སྔོན་ཤིང་དཔར། ལྡེབ་མ་281
③ དེང་ཨེ་མར་ཞེས་སུ་འབོད་ཀྱང་། འདིར་《མྱང་ཆོས་འབྱུང་》དང་《པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་མཛད་རྣམ་》ནང་འཁོད་པ་ལྟར་བྱས་སོ།།
③⑤ དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2012ལོའི་ཟླ་3པར་པར་ཐེངས་གཉིས་པ། P123 P123
⑥ མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》 གངས་ཅན་རིག་མཛོད་དེབ་གསུམ་པ། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་(གྲ་སྒྲིག་)ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན། སྤྱི་ལོ་1987ལོའི་ཟླ་6པ། P285
⑦ གཏེར་གྱི་རིགས་བྱེད་བཅོ་བརྒྱད་དེ། 《པདྨ་བཀའ་ཐང་》(སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2006ལོའི་ཟླ་6པར་པར་ཐེངས་གཉིས་པ་)ཡི་ཤོག་ངོས་270པར། “གསང་གཏེར་ཟབ་གཏེར་ཐུགས་གཏེར་དགོངས་གཏེར་བཞི༔ རྫས་གཏེར་བླ་གཏེར་གཏེར་ཕྲན་གཏེར་སྨྱོན་དང༔ རྒྱ་གཏེར་བོད་གཏེར་རྗེ་གཏེར་ཡབ་གཏེར་བཞི༔ ཡུམ་གཏེར་མ་ནིང་གཏེར་དང་ཕྱི་གཏེར་གསུམ༔ ནང་གཏེར་བར་གཏེར་ནོར་གཏེར་བཅོ་བརྒྱད་དོ༔”ཞེས་འཁོད་པ་ལྟར་རོ།།
⑧⑨ ཨུ་རྒྱན་གླིང་པས་བཏོན་པ། 《པདྨ་མ་བཀའ་ཐང》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1988ལོའི་ཟླ་8པར་པར་ཐེངས་གཉིས་པ། P552 P468
⑩ ཀོང་སྤྲུལ་བློ་གྲོས་མཐའ་ཡས། 《ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་རིན་ཆེན་བཻཌཱུརྱའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་2007ལོའི་ཟླ་12པར་པར་ཐེངས་དང་པོ། P99
⑾ ༄༅།།༔༔ཐུགས་རྗེའི་གདུལ་བྱ་མཐར་རྒྱས་ཕྱིར༔སྐུ་གསུང་ཐུགས་ཀྱི་གདུལ་བྱ་ཡོད༔༔ ཐེམས་ཅན་བཅུ་གཅིག་པ༔ དཔེ་རྙིང་བྲིས་མ། ལྡེབ་མ་4ཞལ།
⑿ མཁན་བུ་མི་བརྒྱད་ནི། སུམ་སྟོན་འཕགས་པ་རྒྱལ་མཚན། ལྕེ་སྟོན་ཤེས་རབ་འབྱུང་གནས། གླང་སྟོན་བྱམས་པ། གཞུང་སྟོན་གཞོན་ནུ་བརྩོན་འགྲུས། རྒྱ་ཤཱཀྱ་བན་དྷི། རྡར་སྟོན་ཤཱཀྱ་བློ་གྲོས། སྐྱོ་སྟོན་ཤེས་རབ་རྡོ་རྗེ། ཀྱི་ཨཱ་ཙཱཪྻ་ཡེ་ཤེས་དབང་པོ་བཅས་སོ།།
⒀ ཇོ་ནང་ཏཱ་ར་ནཱ་ཐ། 《མྱང་ཆོས་འབྱུང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་1983ལོའི་ཟླ་5པར་པར་ཐེངས་དང་པོ། P157
⒁ འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》(སྟོད་ཆ) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1984ལོའི་པར་གཞི་དང་པོ། P110
⒂ ར་ལོ་ཙཱ་བའི་འདས་ལོའི་སྐོར་བཞེད་སྲོལ་མི་འདྲ་བ་མང་དུ་མཆིས་པ་སྟེ། དགུང་ལོ་བརྒྱ་རྩ་བརྒྱད་དང་། བརྒྱ་དང་བཅུ། བརྒྱ་དང་བརྒྱད་ཅུ་སོགས་སོ།།
⒃ ཆོས་རྗེ་སྒྲོལ་མ་པའི་གདུང་བརྒྱུད་རྣམས་ཕྱིས་དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་གི་སྐུ་ཉེར་གྱུར་ཅིང་། ས་སྐྱ་པའི་ཡབ་ཆོས་རྡོ་རྗེ་ཕུར་པའི་འཕྲིན་ལས་སྐྱོང་བའི་བླ་མ་གལ་ཆེན་ཞིག་ཡིན། དེང་དུས་རྗེ་འདི་པའི་བརྒྱུད་པ་ཟབ་གསང་རྡོ་རྗེ་ཐེག་པའི་བསྟན་པ་སྐྱོང་མཁན་དམིགས་བསལ་མེད་མོད། རྗེ་འདི་པའི་འཁྲུངས་ཡུལ་གནས་གསར་ཏེ་རྟ་ནག་སྟོང་ཆུ་དང་ཡར་ཆབ་གཙང་པོ་འདྲེས་པའི་མཚམས། དེང་བཞད་མཐོང་སྨོན་རྫོང་རྟ་ནག་མདའ་ཤང་རི་ཁུད་གྲོང་ཚོ་སོགས་སུ་གདུང་བརྒྱུད་མ་ཉམས་པར་གནས་ཡོད།
⒄⒅ ངག་དབང་བློ་བཟང་རྒྱ་མཚོ། 《ཟ་ཧོར་གྱི་བན་དེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་ཞེས་བྱ་བ་བཞུགས་སོ》 (གླེགས་བམ་གསུམ་པ་) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་1989ལོའི་ཟླ་12པར་པར་གཞི་དང་པོ། P23 P249
⒆ རྟ་ནག་སྒྲོལ་མ་ཕུག་ནི་རྟ་ནག་ལུང་པ་སྲིན་མོ་གན་རྒྱལ་དུ་གནས་པའི་སྙིང་ཁར་ཆགས་པ་དང་། སྒྲོལ་མ་ལྡིང་ནི་ལག་པའི་སྟེང་ཆགས་ཞེས་ཟེར།
⒇ 《རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ》(སྨད་ཆ) ཤིང་དཔར། ལྡེབ་མ་288ཞབས།
(21)ཇོ་བོ་རྗེ་ཨ་ཏི་ཤས་གཏེར་ནས་བཏོན། 《བཀའ་ཆེམས་ཀ་ཁོལ་མ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1989ལོའི་ཟླ་9པར་པར་གཞི་དང་པོ། P234
(22) ཞ་ལུ་བ་བློ་གསལ་རྒྱ་མཚོ། 《དཔལ་ཞ་ལུ་གསེར་ཁང་གཙུག་ལག་ཁང་གི་ངོ་མཚར་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་གངས་དཀར་གྱི་འདབ་མ་ཞེས་བྱ་བ་བཞུགས་སོ》 དཔལ་ཞ་ལུ་གསེར་ཁང་གཙུག་ལག་རྩོམ་སྒྲིག་ཁང་། ནང་ཁུལ་དཔྱད་ཡིག P17
(23)ལྷུན་གྲུབ་རྒྱལ་མཚན་དང་བསྟན་པ་དགེ་འདུན་གྱིས་རྩོམ་སྒྲིག་བྱས། 《གཙང་ཐོབ་རྒྱལ་ཡུལ་གྱི་དམངས་སྲོལ་རིག་གནས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2012ལོའི་ཟླ་10པར་པར་གཞི་དང་པོ། P20
(24)༄༅།།༔༔ཐུགས་རྗེའི་གདུལ་བྱ་མཐར་རྒྱས་ཕྱིར༔སྐུ་གསུང་ཐུགས་ཀྱི་གདུལ་བྱ་ཡོད༔༔ ཐེམས་ཅན་བཅུ་གཅིག་པ༔ དཔེ་རྙིང་བྲིས་མ། ལྡེབ་མ་3
(25)《སངས་རྒྱས་ཡེ་ཤེས་ཀྱི་ཟབ་པའི་ཆོས་དྲུག་གི་དཀར་ཆག་བཞུགས་སོ》དཔེ་རྙིང་བྲིས་མ། ལྡེབ་མ་2
(26)བྱེ་མ་རི་ལྕགས་ཀྱི་མེ་ལོང་ནི། དེང་རྣམ་གླིང་རྫོང་དབྱེ་མར་ཤང་ཤར་ཁ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གནས་སའི་བྱང་ཕྱོགས་སུ་ཡོད་པའི་རི་དེའུ་ཞིག་ཡིན།