ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

གངས་ཅན་བརྡ་སྤྲོད་གཞུང་ལས་རྣམ་དབྱེ་དང་ཚིག་ཕྲད་སྐོར་ཅུང་ཟད་དཔྱད་པའི་གཏམ་འཁྲུལ་སྣང་གཡའ་སེལ།

སྤེལ་དུས 2019-08-23 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། གླིང་དབོན་པད་མ་སྐལ་བཟང་།
                                                         གང་གང་ཤེས་བྱ་ཀུན་ལ་ལྟ་བའི་མིག
                                                         དེ་དེ་ཡི་གེའི་གཟུགས་དང་བརྡ་སྤྲོད་གཞུང་།
                                                         ལེགས་ལེགས་སྟོན་མཁས་གངས་ཅན་སམ་བྷོ་ཊའི།
                                                         ཐབ་ཟབ་བཞེད་པ་ལས་ལྡོག་ཅིས་མི་དཔྱོད།

                                                         རབ་ཡངས་གངས་ཅན་ལྷ་ལམ་དབུས་འཆར་བའི། 
                                                         རབ་དཀར་ཐོན་མི་དུང་ཟླའི་བདུད་རྩི་ཡིས།
                                                         རབ་དྭངས་རིག་པའི་འོ་མཚོ་རྟག་རྒྱས་པས།
                                                         རབ་གུས་སྐྱེ་བོའི་ལག་པད་སྙིམ་པ་ཟུམ། 
                                                         ཅི་འདི་ཉིན་བྱེད་འབུམ་གྱི་སྣང་བའི་དཔལ།
                                                         ཁ་བའི་ལྗོངས་འདིར་ཅིག་ཅར་འཕྲོ་བའམ། 
                                                         ཡང་ན་སྔོན་བྱོན་མཁས་དབང་ཇི་སྟེད་པའི།
                                                         བརྡ་སྤྲོད་ཊིཀྐའི་གཞུང་ངམ་འཕྱང་མོ་ཉུག 

                                                         དྭངས་གསལ་རིག་པའི་མཁའ་ལས་བརྡ་སྤྲོད་ཀྱི། 
                                                         ཁོ་བོ་མདོངས་མཐའ་རྒད་པོའི་གྲེ་བའི་ལམ།
                                                         བྱེ་ཞིང་དཔྱད་པའི་མགྲིན་དབྱངས་འདི་ལྟ་སྟེ། 
              དང་པོ། བརྩམ་བྱའི་ཡན་ལག་དང་བཅས་པའི་བརྗོད་དོན་མདོར་བསྟན་པ། 
              དེ་ཡང་། རང་རེ་གངས་ཅན་ཀྱི་ལྗོངས་འདིར་དུས་རབས་བདུན་པའི་ནང་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཞེས་གྲགས་དཀར་དྲི་བསུང་གིས་ས་ཀུན་འགེངས་པ་གང་འདི་ཉིད་ཀྱིས་བོད་ཆེན་པོའི་ཁྱོན་ཡོངས་ལ་སྤྱོད་པར་འཚམས་པའི་ཚད་ལྡན་གྱི་ཡི་གེའི་སྲོལ་བཏོད་ཅིང་། རྒྱ་གར་འཕགས་པའི་ཡུལ་དུ་དར་བའི་ལེགས་སྦྱར་གྱི་སྒྲ་གཞུང་དང་བོད་མིའི་སྐད་ཀྱི་སྒྲ་གདངས་གཉིས་ཀར་གོ་བསྟུན་པའི་བརྡ་སྤྲོད་རིག་པའི་གཞུང་སྲིད་པའི་སྒྲོན་མེ་འོད་སྟོང་འབར་བ་མཛད་པས་རང་རིགས་ཀྱི་སྐྱེ་རྒུའི་བློ་ཡི་མུན་ཆེན་དྲུངས་ནས་ཕྱུངས། ཕྱི་ནང་རིག་པའི་གནས་གང་ལ་བྱང་ཆུབ་པའི་སྨྲ་བའི་དབང་ཕྱུག་ཆེན་པོ་མཁས་གྲུབ་ལོ་པཎ་ཇི་སྟེད་པད་མོའི་ཚོགས་རྣམ་པར་དགོད་དེ་འཆད་རྩོད་རྩོམ་པའི་མཁས་པའི་མཛད་བཟང་གསུམ་གྱི་མཚར་སྡུག་ངོམ་པ་ལས་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་དྲི་བསུང་ཕྱོགས་ཀུན་ཏུ་འཐུལ་བས། དེང་འཛམ་བུའི་གླིང་འདིའི་གཟུར་གནས་དཔྱོད་ལྡན་གྱི་ར་ཡིག་གཉིས་པའི་ཚོགས་ངང་གིས་འདུ་ཞིང་། བོད་རིག་པའི་སྙིང་བཅུད་ཟེའུ་འབྲུའི་དཔལ་ལ་རོལ་བཞིན་པ་ཀུན་གྱིས་མཐོང་ཆོས་མ་ཟད། བོད་ཡིག་ནི་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ཁོ་ནའི་གཟུཌ་ཀྱི་སྦྱོར་བས་རང་མི་རིཌ་ཀྱི་སྐད་ཀྱི་སྒྲ་གདངས་ཕུན་སུམ་ཚོཌ་པ་རྣམས་གསལ་བར་སྟོན་ནུས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲའི་ཐ་སྙད་མི་འདྲ་བ་ཇི་སྟེད་པ་རྣམས་ཀྱང་རང་རང་གི་སྒྲ་གདངས་ཇི་བཞིན་མ་་ཉམས་པར་གསལ་ཞིང་དག་པར་སྟོན་ནུས་པའི་སྒྲ་གདངས་ཀྱི་བརྗོད་པ་ཤིན་ཏུ་ཕུན་སུམ་ཚོགས་ཤིང་། སྤྱད་ན་འཛད་མཐའ་མེད་པ་ཞིག་ཡོད་པས། དེང་ས་ཡི་གོ་ལའི་ཁྱོན་དུ་དེའི་ཁྱད་འཕགས་ཀྱི་རང་བཞིན ནི་ཆུ་རྩ་བཟང་བའི་དྭངས་གཙང་གི་ཆུ་མིག་ས་ཡིས་འགེབས་མི་ཐུབ་པ་ལྟ་བུ་དེ་བས་ཇེ་གསལ་དུ་ཐོན་བཞིན་ཡོད།
              དེ་ལྟ་ནའང་། དེང་བོད་ཀྱི་རིག་གཞུང་གི་ལོ་རྒྱུས་དང་། ལྷག་པར་གངས་ཅན་བརྡ་སྤྲོད་སྐོར་ལུང་རིགས་གང་ལའང་བལྟོས་མི་དགོས་པར་རང་འདོད་གཞི་འཛིན་གྱི་སྒོ་ནས་སྔར་གྱི་མཁས་དབང་དམ་པའི་གཅིག་གྱུར་གྱི་བཞེད་པ་གསལ་བར་བཞུགས་པ་དེ་དག་དང་མི་མཐུན་པའི་རོ་འཛིན་གཡོ་བར་མཛད་པོ་འགའ་ཞིག་མཆིས་པ་འདི་དག་ལ་ད་ལྟའི་མི་རབས་འདི་རང་ལ་རེ་རེ་བཞིན་མཐའ་དཔྱོད་ནན་གྱིས་མ་བགྱིས་ན་མི་རབས་གཅིག་གམ་གཉིས་ལས་མི་རིང་བར་བོད་ཀྱི་རིག་གཞུང་འདི་རབ་རིབ་དང་། ཆལ་འཆོལ།  གཞི་འཛིན་ཁུངས་མེད་ཀྱིས་འདྲེས་པ་ཞིག་ཏུ་འགྱུར་གཞིར་བརྟེན་ད་ལམ་འདིར་སྐབས་སུ་བབས་པ་ཡུལ་གངས་ཅན་ལྗོངས་འདིའི་བརྡ་སྤྲོད་པའི་གཞུང་ལས་རྣམ་དབྱེ་དང་ཚིག་ཕྲད་ཀྱི་གོ་དོན་་དང་། ཞར་བྱུང་སུམ་རྟགས་ཀྱི་བསླབ་པའི་གོ་རིམ་འཇུག་ཚུལ་སྐོར་བཅས་ལ་ཅུང་ཟད་དཔྱད་པར་བྱའོ། ། 
གཉིས་པ། བརྩམ་བྱ་ལུས་ཀྱི་རད་བཞིན་ད་དོས་འཆད་པ་ལ། 
              དེའང་། མཁས་མཆོག་སི་ཏུ་པཎ་ཆེན་ཞབས་ཀྱིས་“དོན་ཐོབ་དབང་གིས་དོན་བརྗོད་པར་འདོད་པའི་སྐད་རིགས་ཐམས་ཅད་ལ་རྣམ་དབྱེ་དེ་མེད་པ་མི་སྲིད་པས་མཁན་པོ་འདིས་(སམ་བྷོ་ཊ་) བོད་ཀྱི་སྐད་ལའང་ལེགས་སྦྱར་དང་བསྟུན་ནས་རྣམ་དབྱེ་དེ་རྣམས་ཀྱི་འཇུག་པ་གསལ་བར་མཛད་པ་ཡིན་ནོ་”①ཞེས་གསུངས་པ་དང་། དེ་བཞིན་དབྱངས་ཅན་དགའ་བའི་བློ་གྲོས་ཞབས་ཀྱིས་“རྣམ་དབྱེ ཞེས་པ་ནི། ཆོས་གཉིས་མ་འདྲེས་པར་སོ་སོར་འབྱེད་པའི་སྒྲའི་ཆ་ཤས་སམ། ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་པ་ཡིན་”②ཅེས་གསུངས་ཡོད་པས། དེས་ན་སྐད་རིགས་གང་ཞིག་ཏུའང་རྣམ་དབྱེ་ཞེས་པ་ནི་མེད་དུ་མི་རུང་ཞིང་། ངག་གི་བརྗོད་པའི་སྒྲ་དེ་ཉིད་ཀྱིས་གང་སྟོན་པའི་གོ་དོན་མ་འདྲེས་པ་སོ་སོར་རྣམ་པར་དབྱེ་བར་བྱེད་པའི་རྐྱེན་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཡིན། འོན་ཀྱང་ཉེ་བའི་རྩོམ་པ་པོ་འགའ་ཞིག་གིས། བོད་སྐད་ཀྱི་སྒྲ་ལ་ཚིག་ཕྲད་ཙམ་སྟོན་པས་ཆོག་གི  རྣམ་དབྱེ་ཞེས་པའི་ཐ་སྟད་དང་དབྱེ་ཚུལ་དགོས་པ་མེད་པའི་འདོད་ཚུལ་བཞེད་དེ་སྟོན་པར་“རྣམ་དབྱེ་ཞེས་པ་ནི་རྒྱ་གར་གྱི་སྒྲ་གཞུང་ལས་དྲངས་པ་ཞིག་ཡིན། སྔོན་གྱི་མཁས་པ་རྣམས་ཀྱིས་ལེགས་སྦྱར་གྱི་གཞུང་ལ་དཀའ་དཔྱད་མཛད་པའི་རྩལ་ཡོན་སྟོན་ཕྱིར་བོད་ཀྱི་སུམ་ཅུ་པའི་ཚིག་ཕྲད་རྣམས་དང་། རྣམ་དབྱེ་སྦྱར་ནས་འགྲེལ་བཤད་མཛད་” ཅེས་དང་“དེས་ན་གསར་བུ་ལས་དང་པོ་བ་རྣམས་ལའང་རྣམ་དབྱེ་བརྒྱད་ཀྱིས་འཁྲུལ་་གཞི་མི་བྱུང་ཆེད་རྩ་བའི་དགོངས་པ་ལྟར་རྣམ་པར་དབྱེ་པའི་སྒྲོས་ཙམ་ཡང་མེད་པ་འགྲེལ་བར་བྱའོ་”ཞེས་སོགས་འགོད་པར་མཛད་འདུག་པ་འདི་དག་ནི་ཤིན་ཏུ་མི་རིགས་ཏེ།
              སམ་བྷོ་ཊ(1)རྩོམ་པ་པོས་བོད་ཀྱི་སྒྲ་ལ་རྣམ་དབྱེ་མི་དགོས་པར་བཞེད་པའི་རང་ལུགས་ཀྱི་ལུང་གི་སྒྲུབ་བྱེད་དུ་ས་པཎ་གྱི་《མཁས་འཇུག》ལས་“དེ་དག་རྣམ་དབྱེ་སོ་སོར་སྦྱར་ནས་བསྒྲུབས་པ་ན་རྣམ་པར་དབྱེ་བ་གཅིག་ཀྱང་སྒྲའི་བྱེ་བྲག་གིས་བརྗོད་ཚུལ་དུ་མར་འགྱུར་ཏེ་དེ་ལེཌ་པར་སྦྱར་བའི་སྒྲ་ལ་དགོས་ཀྱི། བོད་ཀྱི་སྒྲ་ལ་མི་དགོས་པས་འདིར་མ་བཤད་དོ།”ཞེས་པ་དང་། ཡང་“བོད་ཀྱི་སྒྲ་འདི་ནི་རྒན་པོ་རྣམས་ལ་གྲཌ་པས་གཙོ་བོ་ཡིན་གྱི་སྒྲུབ་པ་གཙོ་བོ་མ་ཡིན་ནོ་”ཞེས་པ་“འདི་ནི་མི་ནུས་མི་དགོས་ལ། རྣམ་པར་དབྱེ་བ་རང་གནས་མིན།  སྦྱོར་བ་དག་ཀྱང་ཐ་དད་པས། དོན་དེའི་སྤྲོས་པ་རེ་ཞིག་བཞག་” ཅེས་གསུངས་པ་འདི་དག་འདྲེན་པར་མཛད་འདུག་ཀྱང་། ས་པཎ་གྱི་གསུང་དུམ་བུ་འདི་དག་གལ་ཏེ་བོད་སྐད་ཀྱི་སྒྲ་ལ་རྣམ་པར་དབྱེ་བའི་འགྲོས་མི་དགོས་ཞེས་གསུངས་པར་གོ་དགོས་ན། 《མཁས་འཇུག》དེ་རང་ལས་ས་པཎ་གྱིས་“འདིར་བོད་ལ་མཁོ་བའི་རྣམ་པར་དབྱེ་བ་ཅུང་ཟད་ཙམ་སྒྲ་དང་མཐུན་པར་བཤད་ན།  ངོ་བོ་བྱ་བྱེད་དགོས་པ་དང་། འབྱུང་ཁུངས་འབྲེལ་གནས་འབོད་པའི་ཚིག  གཅིག་གཉིས་མང་པོས་རྣམ་དབྱེ་བ། རྣམ་པར་དབྱེ་བ་ཉི་ཤུ་བཞི་”③ཞེས་གསལ་བར་བསྟན་ཐོག དེ་ཡང་། ལེགས་སྦྱར་གྱི་རྣམ་དབྱེ་རེ་རེ་ལའང་གཅིག་ཚིག་དང་། གཉིས་ཚིག མང་ཚིག་བཅས་རྣམ་པ་གསུམ་གསུམ་རེ་སྦྱོར་བའི་ཚུལ་ལྟར་བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེ་དང་པོ་ནས་བརྒྱད་པའི་བར་རེ་རེའི་བཞིན་གྱི་འཇུག་སྟངས་དཔེར་བརྗོད་དང་བཅས་ཞིབ་པར་གསུངས་ཡོད་པ་མ་ཟད། “བྱ་བ་ལ་སོགས་པ་སོ་སོར་སྦྱར་ཏེ་ཤེས་པར་བྱའོ།། ”④ཞེས་ཀྱང་ནན་གྱིས་གདམས་པར་མཛད་ཡོད་པས།  འོ་ན་འདི་དག་ལ་གོ་བ་ཇི་ལྟར་ལེན་དགོས་སམ། ཁོ་བོས་སྙམ་ན། གལ་ཏེ་ས་པཎ་གྱིས་བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེ་འགྲོས་མི་དགོས་པར་བཞེད་ཚེ། བྱ་བ་ལ་སོགས་པ་སོ་སོར་སྦྱོར་མི་དགོས་པར་ཤེས་པར་བྱའོ་ཞེས་ངེས་པར་དགག་པའི་སྒྲ་ཞིག་འཇོག་པར་མཛད་སྲིད་ཀྱང་། འདིར་ས་པཎ་གྱིས་དགག་སྒྲ་མཛད་མེད་པ་མ་ཟད། བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེ་འཇུག་ཚུལ་གྱི་དཔེར་བརྗོད་ཀྱང་གསལ་བར་འགོད་པ་གནང་ཡོད་པས།   དེས་ན་ཤེས་པར་བྱ་དགོས་པའི་དོན་ནི་བོད་སྐད་ཀྱི་སྒྲ་ལ་རྣམ་པར་དབྱེ་བའི་རྐྱེན་གྱི་འཇུག་ཚུལ་དེ་ཉིད་ཁོ་ན་ལས་མ་འདས་སྙམ་ཞིང་། འོ་ན། རྩོམ་པ་པོ་ཉིད་ཀྱིས་དྲངས་གནང་བའི་ས་པཎ་གྱི་གསུང་དུམ་བུ་དེར་གོ་བ་དོན་དང་འབྲེལ་བ་ཞིག་ཇི་ལྟར་ལེན་དགོས་སམ་དགོངས་ན། ཉིད་ཀྱིས་འདྲེན་པར་གནང་བའི་ས་པཎ་གྱི་གསུང་གི་ཐོག་མ་“དེ་དག་” ཅེས་པའི་དེ་སྒྲ་དེ་ཉིད་ཀྱི་སྔོན་དུ་བཀོད་པའི་ཐ་སྟད་ཀྱི་དོན་ནི་བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེ་འཇུག་མི་དགོས་པའི་སྒྲུབ་བྱེད་མ་ཡིན་གྱི། ལེགས་སྦྱར་གྱི་སྒྲ་སྒྲུབ་བྱེད་ཚུལ་གྱི་རྣམ་པ་སྟེ། དཔེར་ན། ལེགས་སྦྱར་གྱི་དབྱངས་ཡིག་ཨ་དང་ཨི་དང་ཨུ་ལ་སོགས་པ་སོ་སོའང་ཐུང་ངུ་དང་། རིང་པོ། ཤིན་ཏུ་རིང་པོ་བཅས་རྣམ་པ་མི་འདྲ་བའི་མཐའ་དང་ལྡན་པ་རྣམས་ལ་ཕོ་མོ་མ་ནིང་གི་རྟགས་གསུམ་སོ་སོར་སྦྱར་ཏེ་སྒྲུབ་དགོས་པའི་སྒྲ་སྒྲུབ་བྱེད་སྟངས་ཀྱི་རྣམ་པ་དེ་དག་ཡིན་གཤིས། འདི་ནི་ལེགས་སྦྱར་གྱི་སྒྲའི་འགྲོས་ཤིག་ཡིན་པས་དོན་ལ་འབྲེལ་སྐབས་ཀྱང་དེ་ཉིད་གཞིར་བཟུང་དགོས་པས་ན། འདིར་ལེགས་སྦྱར་གྱི་སྒྲ་སྒྲུབ་བྱེད་ཚུལ་ཤིན་ཏུ་མདོར་བསྡུས་དཔེར་མཚོན་ཙམ་གླེང་བར་བྱ་སྟེ། དེ་ལ། མིང་མཐའ་མཚུངས་པའི་དབྱངས་ཨ་ཡིག་ལྟ་བུར་མཚོན་ན་དེ་ལའང་ཨ་ཐུང་དང་། ཨཱ་རིང་། ཤིན་ཏུ་རིང་པོ་སླུ་ཏ་ཞེས་ཨཉྱ་ཅན་བཅས་ཀྱི་རྣམ་པ་མི་འདྲ་པ་ཡོད་ཅིང་། མིང་མཐའ་ཨ་ཐུང་ལྟ་བུ་ལའང་ཕོ་མོ་མ་ནིང་གི་རྟགས་མི་འདྲ་བར་གཞིགས་ཏེ། རྣམ་དབྱེ་གཅིག་ལའང་སྒྲ་སྒྲུབ་ཀྱི་རྣམ་པ་མི་འདྲ་བ་འགའ་ཞིག་བྱ་རྒྱུ་ཡོད་ལ། ཨ་ཐུང་མཐའ་ཅན་གཅིག་པ་ཡིན་ཅིང་།  རྣམ་དབྱེའང་གཅིག་ཡིན་རུང་། སྤྱིར་བཏང་དང་དམིགས་བསལ་གྱི་མིང་མི་འདྲ་བའི་ཁྱད་པར་གྱིས་སྒྲུབ་ཚུལ་ཡང་མི་འདྲ་བ་བྱ་རྒྱུ་ཡོད་གཤིས། འདིར་《དབྱངས་ཅན་བྱཱ་ཀ་ར་ཎ་》གཞུང་གི་དགོངས་པ་ལྟར་ཨ་ཐུང་མཐའ་ཅན་གྱི་མིང་མི་འདྲ་བ་རིགས་གཉིས་ལ་སྐྱེས་པ་དང་བུད་མེད་ཀྱི་རྟགས་གཉིས་སོ་སོར་སྦྱར་བ་དེ་ལ་རྣམ་དབྱེ་རིགས་གཅིག་ཁོ་ན་སྦྱོར་བ་ལའང་རྣམ་པ་མི་འདྲ་བའི་སྒྲུབ་ཚུལ་འགའ་ཞིག་བྱེད་དགོས་པའི་དཔེ་མཚོན་ཙམ་ཞུས་ན། དཔེར་ན། སྤྱིར་བཏང་གི་སྐྱེས་པའི་རྟགས་ཨ་ཐུང་མཐའ་ཅན། བྲྀཀྵ་(བོད་སྐད་དུ་ཤིང་)ཞེས་པ་ཚུ་རོལ་ལས་ཕ་རོལ་ཏུ་རྣམ་དབྱེ་བཞི་པའི་གཅིག་ཚིག་ངེ་ཡི་རྐྱེན་སྟེར “ངེ་ལ་ཨཀ྄འོ་”⑤ཞེས་པའི་རྣམ་དབྱེ་ངེ་ལས་ཕ་རོལ་ཏུ་ཨཀ྄་ཞེས་པའི་རྐྱེན་སྟེར། ཀ྄་ཡིག་གནས་དོན་ཡིན་པས་དབྱི་ཞེས་མི་མཐོང་བར་བསུབས། ངེ་དེའང་དྲ་ཡིག་ཁྱད་དོན་ཡིན་པས་དབྱི་སྲོག་གི་ཡི་གེ་ཨ་བཞག་ཅེས་དོན་ཨེ་རུ་བསྒྱུར། དེ་ཡང་ཕ་རོལ་ཏུ་དབྱངས་ཨ་ཡིག་གི་རྐྱེན་ཡོད་པས།  “ཨེ་ཨ་ཡ྄འོ”⑥ཞེས་ཨེ་ཡིག་དེ་ཉིད་ཨ་ཡ྄་རུ་བསྒྱུར།
              ཀྵ་ཨ་ཡ྄་ཨ་ཞེས་གནས་པ་མཚམས་སྦྱར་བས་ཡ྄་སྲོག་མེད་ཨ་དང་མཚམས་སྦྱར།  མིང་མཐའི་ཥ་ཡིག་གི་སྲོག་ཞུགས་ཨ་དང་ཡ་ཡིག་སྔོན་དུ་ཡོད་པའི་ཨ་གཉིས་“འདྲ་བའི་ཡི་གེ་འདུས་པ་ལ་རིང་པོའོ” ⑦ཞེས་ཨཱ་རིང་དུ་བསྒྱུར་བས། བྲྀཀྵཱ་ཡ་ཞེས་གྲུབ་པ་ཡིན།
              ཡང་། དམིགས་བསལ་གྱི་སྐྱེས་པའི་རྟགས་ཨ་ཐུང་མཐའ་ཅན། སརྦ་(བོད་སྐད་དུ་ཐམས་ཅད་)ཞེས་པའི་སྒྲ་ལས་ཕ་རོལ་ཏུ་རྣམ་དབྱེ་བཞི་པའི་གཅིག་ཚིག་ངེ་ཡི་རྐྱེན་སྟེར་“སརྦ་སོགས་ལ་སྨཊ྄འོ། ”⑧ཞེས་པས་མིང་མཐའ་དང་རྣམ་དབྱེའི་བར་དུ་སྨཊ྄འི་རྐྱེན་སྟེར་ཊ྄་ཡིག་ཕྱིས་ཏེ་མཚམས་སྦྱར་བས་མ་ཡིག་གི་སྲོག་ཞུགས་ཨ་དང་རྣམ་དབྱེའི་ཨེ་ཡིག་འདུས་པས་“ཨེ་དང་ཨེ་ལ་ཨི་འོ་”⑨ཞེས་ཨ་ཨེ་འདུས་པའི་ཨི་ཀ་ཤ་ཅན་ཞེས་འགྲེང་བུ་ཉིས་བརྩེགས་ཅན་དུ་བསྒྱུར་པས། སརྦ་སྨེེ་ཞེས་གྲུབ་པ་ཡིན།
              ཨ་ཐུང་མཐའ་ཅན་བྲྀཀྵ་ཞེས་པ་བུད་མེད་ཀྱི་རྟཌ་སུ་བསྒྲུབ་ན་“བུད་མེད་ལ་ཨ་ལ་ཨཔ྄བོ།”⑩ཞེས་པས་མིང་མཐའ་དེར་བུད་མེད་ཀྱི་རྟགས་མཚོན་བྱེད་ཨཔ྄་རྐྱེན་སྟེར། པ་ཡིག་ཕྱིས་ཏེ་མཚམས་སྦྱར་བས་མིང་མཐའི་ཨ་དང་རྐྱེན་གྱི་ཨཱ་རིང་འདྲ་བས་ཡི་གེ་འདུས་པས་རིང་པོར་བསྒྱུར་བྲི་ཀྵཱ་ཞེས་པ་དེ ལས་ཕ་རོལ་ཏུ་རྣམ་དབྱེ་བཞི་པའི་གཅིག་ཚིག་ངེ་ཡི་རྐྱེན་སྟེར་ང་ཡིག་ཕྱིས་སྲོག་གི་ཡི་གེ་ཨ་བཞག   དོན་ཨེ་རུ་བསྒྱུར། “ངིཏ྄་རྣམས་ཀྱི་ཡཏ྄འོ་”⑾ཞེས་རྣམ་དབྱེ་དྲ་འགྲོ་པ་བཞི་ཡོད་པ་རྣམས་ལ་ངིཏ྄་་ཅེས་བརྗོད་པས། མིང་དང་རྣམ་དབྱེའི་བར་ན་ཡཊ྄འི་རྐྱེན་སྟེར་ཊ྄་ཡིག་ཕྱིས།   བྲྀཀྵཱ་ཡ་ཨེ་ཞེས་གནས་པ་ལ་མཚམས་སྦྱར་བས་ཡ་ཡིག་གི་སྲོག་ཞུགས་ཨ་དང་ཕ་རོལ་རྣམ་དབྱེ་ཨེ་འདུས་པས་ཨེ་ཀ་ཤ་ཅན་དུ་བསྒྱུར་ཏེ། བྲྀཀྵཱ་པེེ། ཞེས་གྲུབ་པ་ཡིན།
              སརྦ་ཞེས་པ་བུད་མེད་ཀྱི་རྟགས་ཅན་དུ་བསྒྲུབ་ན་མོ་རྐྱེན་ཨ་པ྄་སྦྱོར་སྟངས་དང་རྣམ་དབྱེ་བྱིན་ཚུལ བར་རྐྱེན་ཡཊ྄་སྟེར་ཚུལ་བཅས་གོང་མཚུངས་ཁར། ཡཊ྄་ལས་ཨཏ྄་ཡང་ངོ⑿ཞེས་པས་མིང་མཐའི་མོ་རྐྱེན་ཡཱ་རིང་བསྒྲུབས་ཟིན་པ་དེ་ཚུར་ཨ་ཐུང་དུ་བསྒྱུར། མིང་མཐའ་དང་ཡ་རྐྱེན་གྱི་བར་ན།   སུཊ྄ཞེས་པའི་རྐྱེན་སྟེར། ཨུཊྲ་གཉིས་ཀ་རྗེས་འབྲེལ་ཡིན་པས་དབྱི་ཞེས་ཞབས་ཀྱུ་དང་ཊ྄་ཡིག་བསུབས་པས། ས྄་དབྱངས་མེད་དུ་སོང་། སརྦ་ས྄་ཡ་ཨེ་ཞེས་གནས་པ་མཚམས་སྦྱོར་བྱས་པས་རྣམ་དབྱེ་ཨེ་་དང་ཡའི་སྲོག་ཞུགས་ཨ་ཡིག་འདུས་པས་ཨེ་ཀ་ཤ་ཅན་དུ་བསྒྱུར། ས྄་སྲོག་མེད་ཡེེ་ཡིག་གི་སྟེང་དུ་དྲངས། ལེགས་སྦྱར་གྱི་ཡི་གེར་ཡ་བརྩེགས་ན་ཡ་བཏགས་སུ་བྲིས་ཀྱང་ཆོག་པས། སརྦ་སྱེ་ཞེས་གྲུབ་པ་ཡིན།
              གོང་བཀོད་ཨ་ཐུང་མཐའ་ཅན་རིགས་དེ་གཉིས་ལ་ད་དུང་མ་ནིང་གི་རྟགས་ཀྱང་སྦྱར་ཏེ་བསྒྲུབ་རྒྱུ་བསྡད་ཡོད་པ་དང་། དེ་བཞིན་དུ་མིང་ལས་ཚིག་ཏུ་སྒྲུབ་པའི་རྐྱེན་སི་ལ་སོགས་པ་རྣམ་དབྱེ་བདུན་གསུམ་ཉེར་གཅིག་དང་། བྱིངས་ལས་ཚིག་ཏུ་སྒྲུབ་པའི་རྐྱེན་ཏི་སོགས་རྣམ་དབྱེ་བརྒྱ་དང་བརྒྱད་ཅུ་རྣམས་བཅས་ལ་རྟགས་མཐའ་མི་འདྲ་བ་དང་། རྣམ་དབྱེ་མི་འདྲ་བ་ལ་སྒྲུབ་ཚུལ་གྱི་རྣམ་པ་མི་འདྲ་བ་མཐའ་ཡས་པ་བྱ་རྒྱུ་ཡོད་ལ། ལེགས་སྦྱར་གྱི་སྒྲ་ལ་རྣམ་དབྱེ་མ་ཡིན་པའི་མིང་རྐྱང་སོགས་ལའང་སྒྲ་སྒྲུབ་བྱ་རྒྱུ་ཡོད་ཀྱང་འདིར་ཡིག་རྫོབ་ལ་འཇིགས་ཏེ་རེ་ཞིག་མ་སྤྲོས་སོ།
              དེ་ལྟ་བུའི་རྙོག་འཛིང་ཅན་གྱི་སྒྲ་སྒྲུབ་བྱེད་སྟངས་ཀྱི་རྣམ་པ་དེ་དག་གིས་རྣམ་དབྱེ་གཅིག་ལའང་སྒྲའི་བྱེ་བྲག་གིས་བརྗོད་པའི་སྒྲ་གདངས་ཀྱི་ཚུལ་མི་འདྲ་བ་དུ་མར་འགྱུར་འགྲོ་གི་ཡོད་ཀྱང་ལེགས་སྦྱར་གྱི་སྐད་ལ་དེ་ལྟར་སྒྲ་སྒྲུབ་མ་བྱས་ན་དོན་གོ་བའི་སྒྲ་ཐོན་མི་ཐུབ་པས་སྒྲ་སྒྲུབ་བྱེད་སྟངས་དེ་དག་ལེགས་་པར་སྦྱར་བའི་སྐད་ལ་ངེས་པར་དགོས་ཀྱི་བོད་སྐད་ཀྱི་སྒྲས་རང་གི་ཐ་སྙད་གོ་བའི་ཕྱིར་ན་དེ་ལྟ་བུའི་སྒྲ་སྒྲུབ་མི་དགོས་ལ་ལེགས་སྦྱར་གྱི་སྒྲ་སྒྲུབ་རྐྱེན་གྱིས་བོད་ཀྱི་སྐད་གདངས་ཀྱི་སྒྲ་བསྒྲུབ་ཀྱང་མི་ནུས་པས་ས་པཎ་གྱིས་“འདི་ནི་མི་ནུས་མི་དགོས་ལ་”ཞེས་གསུངས་པའི་གོ་དོན་ཡང་ལེགས་སྦྱར་གྱི་སྒྲ་སྒྲུབ་བྱེད་ཚུལ་གྱི་རྣམ་པ་འདི་རང་ལ་གསུངས་པ་ཡིན་གཤིས། དེས་ན་ས་པཎ་གྱིས་ལེགས་སྦྱར་སྒྲ་གཞུང་དུ་རྐྱེན་སོགས་སྦྱར་ཏེ་མིང་དང་རྣམ་དབྱེ་སྒྲུབ་ཚུལ་གྱི་སྒྲ་སྒྲུབ་བྱེད་སྟངས་དེ་དག་བོད་ཀྱི་སྒྲ་ལ་མི་དགོས་ལ་བསྒྲུབ་ཀྱང་མི་ནུས་ཞེས་གསུངས་པ་འདི་དག་ལ་རྩོམ་པ་པོས་ས་པཎ་གྱིས་བོད་སྐད་ཀྱི་སྒྲ་ནི་རྒན་པོ་རྣམས་ལ་གྲགས་པ་གཙོ་བོ་ཡིན་པས་རྣམ་དབྱེའང་སྦྱོར་མི་དགོས་སོ་ཞེས་གསུངས་པ་ལྟ་བུ་ཞིག་ཏུ་གོ་བ་བཞེས་ཏེ་ས་པཎ་གྱི་གསུང་དུམ་བུ་དེ་དག་བོད་སྐད་ལ་རྣམ་དབྱེ་འགྲོས་མི་དགོས་པར་བཞེད་པའི་ཉིད་་ཀྱི་ཐུགས་འདོད་དེའི་ལུང་གི་སྒྲུབ་བྱེད་དུ་འགོད་པར་མཛད་པ་ནི་དོན་དང་གཏན་ནས་མི་འབྲེལ་བའི་གཡག་རྭ་རྟ་མགོར་བཙུགས་པ་ལྟ་བུར་གྱུར་ཏོ།།
              (2) རྩོམ་པ་པོས་བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེ་འགྲོས་མི་དགོས་པར་བཞེད་པའི་རྒྱུ་མཚན་གཞན་ནི་“སུམ་ཅུ་པའི་རྩ་བ་ལའང་རྣམ་དབྱེ་བརྒྱད་ཀྱི་སྒྲོས་ཙམ་ཡང་མེད་” ཅེས་དང་། “རྩ་བའི་དགོངས་པ་ལྟར་དུ་རྣམ་པར་དབྱེ་བའི་སྒྲོས་ཙམ་ཡང་མེད་པར་འགྲེལ་བར་བྱའོ་”ཞེས་པ་འདི་དག་འགོད་པར་མཛད་འདུག་པ། དེ་ཡང་མི་འཐད་དེ། སློབ་དཔོན་ཐོན་མིས་སུམ་རྟགས་ཀྱི་གཞུང་དུ་རྣམ་དབྱེ་ལ་དང་པོ་དང་གཉིས་པ་ཞེས་གྲངས་ངེས་ཚིག་གསལ་གསུངས་མེད་པ་ལོད་བདེན་མོད། འོན་ཀྱང་འདིས་ཐོན་མིའི་རྩ་པའི་དགོངས་པར་རྣམ་དབྱེ་མི་དགོས་པར་དགོངས་པ་མི་ཁྱབ་སྟེ། སློབ་དཔོན་ཐོན་མིས་སུམ་ཅུ་པའི་སྐཔས་སུ་མིང་སྔོན་མའི་རྗེས་འཇུག་དང་མཐུན་པའི་སྦྱོར་ཚུལ་ཙམ་གསལ་པར་བསྟན་རྗེས་་རྟགས་འཇུག་གི་སྐབས་སུ་“ཆོས་དངོས་ལས་དང་བྱེད་པ་དང་། སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། གནས་དང་འབོད་པའི་སྒྲ་ཡང་དྲང་།”⒀ཞེས་གསལ་བར་བསྟན་ཡོད་ཅིང་། འདིར་གསུངས་པའི་ཆོས་དངོས་ཞེས་པ་ནི་རྣམ་དབྱེ་དང་པོ་ཆོས་གང་ཡང་རུང་བ་ཞིག་གི་ངོ་བོ་དངོས་ཙམ་བསྟན་པའི་དོན་དང་། ལས་དང་ཞེས་པ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་དོན། བྱེད་པ་དང་ཞེས་པ་གསུམ་པ་བྱེད་པ་པོ་སྟོན་པའི་དོན། སྦྱིན་དང་ཞེས་པ་སྦྱིན་པའི་སྣོད་དེ་བཞི་པ་དགོས་ཆེད་ཀྱི་དོན། འབྱུང་ཁུངས་ཞེས་པ་གང་ཞིག་གང་ལས་འབྱུང་བའི་ལྔ་པ་འབྱུང་ཁུངས་ཀྱི་དོན། འབྲེལ་བ་དང་ཞེས་པ་དྲུག་པ་འབྲེལ་སྒྲའི་དོན།  གནས་དང་ཞེས་པ་བདུན་པ་རྟེན་གནས་ཀྱི་དོན། འབོད་པའི་སྒྲ་ཡང་ཞེས་པ་འབོད་སྒྲ་བརྒྱད་པར་བཞག་ཀྱང་འགྲིག་པའི་གོ་དོན། དྲང་ཞེས་པ་མིང་མཐའི་རྗེས་འཇུག་གིས་རྣམ་དབྱེ་འདྲེན་ཚུལ་བསྟན་པ་ལྟར་ཚུལ་བཞིན་དྲངས་དགོས་པའི་དོན་བཅས་གོ་རིམ་བཞིན་གསལ་བར་བསྟན་པ་འདི་དག་གི་ཐོག་ནས་ཐོན་མིའི་རྩ་བའི་དགོངས་པས་བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེ་འཇུག་པའི་ལེགས་སྦྱར་སྒྲ་གཞུང་གི་མིང་ལས་ཚིག་ཏུ་བསྒྲུབས་པ་སི་སོཌ་ཀྱི་རྣམ་དབྱེ་འཇུག་པའི་གོ་རིམ་དང་རྩ་བའི་ཆ་ནས་དོན་གྱི་འཇུག་ཚུལ་དང་བཅས་པ་མཚུངས་པར་ཇི་བཞིན་འཇུག་དགོས་པའི་ཚུལ་ཧ་ཅང་གསལ་བར་བསྟན་པ་མཚོན་ཡོད་ལ། འདིས་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་འདི་དག་ལེགས་སྦྱར་གྱི་སྒྲ་གཞུང་ལ་ཕྱི་མོ མཛད་པའང་གསལ་བར་མཚོན་ཐུབ། དེ་ལྟར་བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེ་འཇུག་དགོས་པའི་སློབ་དཔོན་ཐོན་མིའི་རྩ་བའི་དགོངས་པ་བཞིན་སྔོན་བྱོན་རང་རིགས་ཀྱི་མཁས་དབང་བཀའ་དྲིན་ཅན་པ་བསམ་གྱི་མི་ཁྱབ་པ་གང་དག་གིས་ཀྱང་ལུང་རིགས་མན་ངག་གསུམ་གྱི་དཔྱད་གསུམ་རྣམ་པར་དག་པའི་སྒོ་ནས་ལེགས་པར་བཀྲལ་པའི་བོད་ཀྱི་བརྡ་སྤྲོད་ཀྱི་འགྲེལ་པ་ཇི་སྟེད་དག་ལས་རྩ་བའི་ཆ་ནས་བཞེད་པ་གཅིག་མཐུན་གྱི་སྒོ་ནས་གཏན་ལ་དབབས་ཤིང་། དཔེར་ན། དབྱངས་ཅན་ངག་གི་དབང་ཕྱུག་ཞབས་ཀྱིས་“བོད་ཀྱི་རྣམ་དབྱེ་དང་པོ་ནི་དོན་གྱི་ངོ་བོ་ཁོ་ན་སྟོན་པ་དང་། གཉིས་པ་མན་ཆད་དྲུག་ནི་དོན་གྱི་ལྡོག་པ་ཁོ ན་གཙོ་བོར་སྟོན་བྱེད་ཀྱི་སྒྲ་ཤ་སྟག་ཡིན་”⒁ཅེས་དང་། “འདིར་དོན་གྱི་ངོ་བོ་ཞེས་པ་ཁྱད་གཞིའམ་རང་བཞིན་དང་། དོན་གྱི་ལྡོག་པ་ཞེས་པ་ཁྱད་ཆོས་སམ་རྣམ་པ་ལ་གོ་དགོས་”⒂ཞེས་གསུངས་པ་འདི་དག་གིས་ཀྱང་བོད་ཀྱི་རྣམ་དབྱེའི་འཇུག་པའི་དགོས་པ་གསལ་བར་བསྟན་པ་དང་། དབྱངས་ཅན་དགའ་བའི་བློ་གྲོས་ཞབས་ཀྱིས་“རྣམ་དབྱེ་ཞེས་པ་ནི་ཆོས་གཉིས་མ་འདྲེས་པར་སོ་སོར་འབྱེད་པར་བྱེད་པའི་སྒྲའི་ཆ་ཤས་སམ་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་པ་ཡིན་ཏེ། དང་པོ་དོན་གྱི་ངོ་བོ་ཙམ་བརྗོད་པ་བུམ་པ་ཞེས་པ་ལའང་བུམ་པའི་ངོ་བོ་ཆོས་གཞན་དང་མ་འདྲེས་པར་འབྱེད་པའི་སྒྲའི་ཆ་ཤས་ཤིག་ཡོད་པར་ཁས་ལེན་དགོས། གཉིས་པ་ལས་དང་བྱ་བ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་ལས་ལ་ཉེ་བའི་རྣམ་དབྱེ། གསུམ་པ་བྱེད་པ་པོ་དང་བྱ་བ་གཉིས་པོ་སོ་སོར་འབྱེད་ཅིང་གཙོ་བོར་བྱེད་པ་པོ་ལ་ཉེ་བ། བཞི་པ་དགོས་པ་དང་བྱ་བ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་དགོས་པ་ལ་ཉེ་བ།  ལྔ་བ་འབྱུང་ཁུངས་དང་བྱུང་བ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་འབྱུང་ཁུངས་ལ་ཉེ་བ། དྲུག་པ་འབྲེལ་ཡུལ་དང་འབྲེལ་ཆོས་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་འབྲེལ་ཡུལ་ལ་ཉེ་བ། བདུན་པ་གནས་དང་གནས་པ་པོ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་གནས་ལ་ཉེ་བ། བརྒྱད་པ་ནི་འབོད་པའི་བརྡ་སྦྱར་བ་ཙམ་མ་གཏོགས་དོན་རྣམ་དབྱེ་དང་པོ་ལས་ལོགས་སུ་མེད། རྣམ་དབྱེ་རྣམས་ཚིག་ཕྲད་ཡིན་ཀྱང་ཚིག་ཕྲད་རྐྱང་པ་མིན།  ཚིག་ཕྲད་ནི་ཚིག་སྔ་ཕྱིའི་ཆེ་བར་དུ་མཚམས་སྦྱོར་བྱེད་དུ་ཤས་བ་ཡིན་”⒃ཅེས་གསུངས་པ་འདི་དག་གིས་བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེའི་འཇུག་པའི་ནུས་པ་གསལ་བར་བསྟན་གནང་བ་མ་ཟད།  རྣམ་དབྱེ་དང་ཚིག་ཕྲད་ཀྱི་དབྱེ་བའང་བསྟན་ཡོད། དེ་ལྟར་ལེགས་སྦྱར་གྱི་སྒྲ་ལ་བྱང་ཆུབ་པའི་སྔ་རབས་ཀྱི་ལོ་པཎ་ཆེན་པོ་རྣམས་ཀྱིས་སློབ་དཔོན་ཐོན་མིའི་བརྡ་སྤྲོད་གཞུང་གི་རྩ་བའི་་དགོངས་པ་གཏིང་ཟབ་ཀྱིས་བཞེས་ཏེ་བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེ་འཇུག་ཚུལ་ཐུན་མོང་གི་བཞེད་པ་དེ་ལྟར་ཡིན་ལ། ཕྱིས་ཀྱི་མཁས་པ་འགའ་ཞིག་གིས་ཀྱང་བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེ་འཇུག་ཚུལ་གྱི་གོ་དོན་གསལ་ཙམ་ཡོད་པའི་སྡོམ་ཚིག་འཇོག་པ་གནང་ཡོད་པ། དཔེར་ན། 《བརྡ་སྤྲོད་བློ་གསལ་དགའ་སྟོན་》ཞེས་པ་ལས་“རྣམ་དབྱེ་དང་པོས་ཆོས་རང་རང་གི་ངོ་བོ་གཞན་ལས་རྣམ་པར་དབྱེ་བར་བྱེད་པ་དང་། རྣམ་དབྱེ་གཉིས་པས་བྱ་བ་བྱེད་སའི་གཞིའམ་ཡུལ་དང་གཞི་དེ་ལ་བྱས་པའི་བྱ་བ་གཉིས་རྣམ་པར་དབྱེ་བར་བྱེད་པ་དང་། རྣམ་དབྱེ་གསུམ་པས་བྱེད་པ་པོ་དང་དེས་བྱས་པའི་བྱ་བ་གཉིས་རྣམ་པར་དབྱེ་བར་བྱེད་པ་དང་། རྣམ་དབྱེ་བཞི་པས་དགོས་པ་བསྒྲུབ་སའི་གཞིའམ་ཡུལ་དང་དགོས་པ་གཉིས་རྣམ་པར་དབྱེ་བར་བྱེད་པ་དང་། རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱིས་གང་ལས་འབྱུང་བའི་གཞི་དང་། དེ་ལས་བྱུང་བའི་ཆོས་གཉིས་རྣམ་པར་དབྱེ་བར་བྱེད་པ་དང་། རྣམ་དབྱེ་དྲུག་པ་འབྲེལ་སྒྲས་གང་ལ་འབྲེལ་སའི་གཞི་དང་དེ་ལ་འབྲེལ་བའི་ཆོས་གཉིས་རྣམ་པར་དབྱེ་བར་བྱེད་པ་དང་། རྣམ་དབྱེ་བདུན་པ་གནས་གཞིས་གང་དུ་གནས་སའི་གཞིའམ་ཡུལ་དང་གནས་བྱའི་ཆོས་གཉིས་རྣམ་པར་དབྱེ་བར་བྱེད་པ་དང་། རྣམ་དབྱེ་བརྒྱད་པ་འབོད་པའི་སྒྲས་མིང་ཙམ་དང་འབོད་པའི་ཁྱད་པར་དུ་བྱས་པའི་མིང་གཉིས་རྣམ་པར་དབྱེ་བར་འགྱུར་རོ།།”⒄ཞེས་བསྟན་པ་གནང་འདུག་ཅིང་།  དེས་ན་རྣམ་དབྱེའི་ཞེས་པའི་མཚན་ཉིད་དང་། དགོས་པ། ནུས་པ། གྲངས་ངེས། དབྱེ་ཚུལ་བཅས་ཀྱི་སྐོར་གྲགས་ཅན་གྱི་མཁས་དབང་སྔ་ཕྱིའི་གཅིག་གྱུར་གྱི་བཞེད་པ་མཚོན་བྱེད་གོང་དུ་སྨོས་པ་ལྟར་ཡིན་པས་བསྐྱར་ཟློས་ཀྱི་དགོས་པ་མ་མཆིས་ཀྱང་། འདིར་ཁོ་བོས། གངས་ཅན་འདིར་ཐུགས་རྗེའི་བདག་ཉིད་རང་རིགས་ཀྱི་སློབ་དཔོན་ཐོན་མིའི་བརྡ་སྤྲོད་ཀྱི་རྩ་བའི་དགོངས་པ་དངོས་དང་། སྔོན་བྱོན་མཁས་དབང་རྣམ་པའི་ཐུན་མོང་གི་བཞེད་པ་དྲི་མ་མེད་པའི་རྗེས་སུ་འཇུག་སྟེ། བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེ་ཇི་ལྟར་འཇུག་ཚུལ་དང་། འཇུག་བྱེད་རྐྱེན་གྱི་ནུས་པ། རྣམ་དབྱེ་ཞེས་པའི་ཐ་སྙད་གདགས་པའི་རྒྱུ་མཚན་བཅས་གཅིག་སྡུད་ཀྱིས་མཚོན་པའི་དཔེར་བརྗོད་རགས་ཙམ་འགོད་པར་བྱ་སྟེ། དེ་ཡང་། ལེགས་སྦྱར་གྱི་སྒྲ་ལ་སྒྲ་སྒྲུབ་དགོས་པས། “རྣམ་དབྱེ་མཐའ་ཅན་ནི་ཚིག་གོ་རྣམ་དབྱེ་མེད་པ་ནི་མིང་ངོ་།”⒅ཞེས་རྣམ་དབྱེ་དང་པོ་བརྗོད་བྱའི་དོན་གྱི་ངོ་བོ་ཙམ་སྟོན་པར་ཡང་སྒྲ་སྒྲུབ་བྱས་ཏེ་སི་སོགས་རྣམ་དབྱེའི་རྐྱེན་མ་སྟེར་ན་དོན་སྟོན་མི་ནུས་ཀྱང་བོད་སྐད་ལ་སྒྲ་སྒྲུབ་མི་དགོས་པར་མིང་ཙམ་སྟོན་པས་ཀྱང་སྒྲའི་རང་སྟོབས་ཀྱི་ནུས་པས་ཆོས་དངོས་ཀྱི་ངོ་བོ་་བྱེ་བྲག་པ་རྣམ་པར་དབྱེ་ནུས་པའི་ཕྱིར་ན་བོད་ཀྱི་རྣམ་དབྱེ་དང་པོར་རྐྱེན་སྦྱོར་མི་དགོས་ཤིང་། དཔེར་ན། སློབ་དཔོན་ཐོན་མི་ཞེས་བརྗོད་པའི་མིང་ཙམ་གྱི་སྒྲའི་ནུས་པས་ཆོས་ཇི་སྟེད་པ་ལས་ཐོན་མི་སམ་བྷོ་ཊ་ཉིད་ངོ་བོ་རྣམ་པར་དབྱེ་ནུས་པ་ལྟ་བུ་དང་། དེ་མིན་རྣམ་དབྱེ་གཞན་དྲུག་པོ་རྣམས་ལ་རྣམ་པར་འབྱེད་བྱེད་ཀྱི་རྐྱེན་མེད་ན་དོན་གྱི་ལྡོག་པ་གོ་བར་སྟོན་མི་ནུས་པས་སློབ་དཔོན་ཐོན་མིས་ཚིག་ཕྲད་ཇི་སྟེ་ད་པ་ལས་ལ་དོན་དང་། ཨི་ལྡན། ནས་ལས་བཅས་ཀྱི་ཕྲད་དེ་རྣམས་བྱེད་ཅན་སོགས་དོན་གྱི་ལྡོག་པ་རྣམ་པར་འབྱེད་བྱེད་ཀྱི་རྐྱེན་དུ་འཇུག་ཚུལ་གསལ་བར་བསྟན་ཅིང་། དེ་ལྟར་དོན་ལ་སྦྱར་བས་ལས་དང་། བྱེད་པ་པོ་དང་། སྦྱིན་པའི་སྣོད་དང་། འབྲལ་བའི་བར་མཚམས་དང་། འབྲེལ་བ་དང་། རྟེན་གནས་ལ་སོགས་པ་སོ་སོར་དབྱེ་གཞི་དང་དབྱེ་ཆོས་མ་འདྲེས་པ་གོ་བར་སྟོན་པའི་ནུས་པ་ཤིན་ཏུ་མངོན་གསལ་ཆེ་བ་ཡོད་དེ། དཔེར་ན། གཉིས་པ་ལས་སུ་བྱ་བ་ཞེས་པར་སློབ་དཔོན་ཐོན་མི་སམ་བྷོ་ཊ་ལ་ཕྱག་འཚལ་ལོ།   ཞེས་ལ་སྒྲ་རྐྱེན་དུ་སྟེར་བའི་ནུས་པས་ཕྱག་བྱ་ཡུལ་དང་འཚལ་བའི་བྱ་བ་གཉིས་དོན་མ་འདྲེས་པར་རྣམ་པར་དབྱེ་བ་ལྟ་བུ་དང་། གཉིས་པའི་བྱེ་བྲག་དེ་ཉིད་ཅེས་དཔེར་ན། དཔལ་དུ་གྱུར་ལྟ་བུ་ལས་དང་བྱ་བ་ངོ་བོ་གཅིག་ཏུ་གནས་ཀྱང་དུ་སྒྲ་རྐྱེན་དུ་སྟེར་བའི་ནུས་པས་ལས་བྱའི་ཆོས་གཉིས་མ་འདྲེས་པར་རྣམ་པར་དབྱེ་བ་ལྟ་བུ་དང་། གསུམ་པ་བྱེད་སྒྲ་ཞེས། དཔེར་ན་ཐོན་མི་མཆོག་གིས་གསུངས། རིག་པས་སྒྲུབ་ལྟ་བུ་ཨི་ལྡན་གྱི་ཕྲད་ལ་རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བའི་རྐྱེན་གྱི་ནུས་པས་བྱེད་པ་པོ་དང་བྱ་བ་དང་བྱེད་པ་དང་བྱ་བ་མ་འདྲེས་པ་སོ་སོར་རྣམ་པར་དབྱེ་བ་ལྟ བུ་དང་། བཞི་པ་དགོས་ཆེད་ཅེས་པར་ཆེད། ཕྱིར། སླད་སོགས་དགོས་ཆེད་གསལ་བྱེད་ཀྱི་སྒྲ་སྦྱར་ན་སྨོས་ཅི། དགོས་པ་གསལ་བྱེད་ཀྱི་སྒྲ་དངོས་སུ་མ་སྦྱར་ཡང་། དཔེར་ན། སློབ་དཔོན་དུ་གསེར་ཕུལ་ལྟ་བུའམ།  དགོས་པ་གསལ་བྱེད་ཀྱི་སྒྲ་ལྡན། དཔེར་ན། དོན་རྣམ་པར་དབྱེ་ཕྱིར་དུ་རྣམ་དབྱེ་བཀོད་ལྟ་བུ་དུ་སྒྲ་གཉིས་སོ་སོར་རྐྱེན་དུ་སྟེར་བའི་ནུས་པས་དགོས་པ་དང་བྱ་བ་གཉིས་མ་འདྲེས་པར་རྣམ་པར་དབྱེ་བ་ལྟ་བུ་དང་། ལྔ་པ་འབྱུང་ཁུངས་ཞེས། དཔེར་ན། རྒྱ་མཚོ་ནས་ནོར་བུ་བྱུང་།  མཁས་པ་ལས་རི་ཀ་པ་ལྟ་བུ་དང་། འབྱུང་ཁུངས་ཆ་འདྲ་ཞེས་གདན་ལས་ལང་སོཌ་ལྟ་བུ་ནས་ལས་རྐྱེན་དུ་སྟེར་བའི་ནུས་པས་འབྱུང་ཁུངས་དང་བྱུང་བའམ་གཞི་དེ་ལས་ཆོས་དེ་བྲལ་བའི་དོན་མ་འདྲེས་པར་རྣམ་པར་དབྱེ་པ་ལྟ་བུ། དྲུག་པ་འབྲེལ་སྒྲ་ཞེས། དཔེར་ན། གངས་ཅན་རིག་གཞུང་གི་གཏིང་མཐའ་དཔོག་དཀའ་ལྟ་བུ་ཨི་ལྡན་གྱི་གི་སྒྲ་རྐྱེན་དུ་སྟེར་བའི་ནུས་པས་ཁྱད་གཞི་དང་ཁྱད་པར་གྱི་ཆོས་མ་འདྲེས་པར་སོ་སོར་རྣམ་པར་དབྱེ་བ་ལྟ་ལྟ་བུ་དང་།  བདུན་པ་རྟེན་གནས་ཞེས། དཔེར་ན། གངས་ཅན་ན་ཐོན་མི་སམ་བྷོ་ཊ་བཞུགས་ལྟ བུ་ལ་དོན་གྱི་ན་སྒྲ་རྐྱེན་དུ་སྟེར་བའི་ནུས་པས་གནས་ཡུལ་དང་གནས་པ་པོ་མ་འདྲེས་པ་སོ་སོར་རྣམ་པར་དབྱེ་བ་ལྟ་བུ་དང་། བདུན་པའི་བྱེ་བྲག་ཚེ་སྐབས་ཞེས།  དཔེར་ན་དུས་རབས་བདུན་པར་ད་ལྟའི་བོད་ཡིག་དར་ལྟ་བུ་ལ་དོན་གྱི་ར་སྒྲ་རྐྱེན་དུ་སྟེར་བའི་ནུས་པས་དུས་དང་བྱ་བ་གཉིས་མ་འདྲེས་པ་སོ་སོར་རྣམ་པར་དབྱེ་བ་ལྟ་བུ་དང་། བརྒྱད་པ་འབོད་སྒྲ་ཞེས་པ་ནི་ལེགས་སྦྱར་གྱི་གཞུང་ལས་འབོད་ཚིག་ཏུ་རྣམ་དབྱེ་དང་པོ་གསུམ་ལ་ཧེ་ཡིག་སོགས་སྔོན་དུ་སྦྱོར་བ་ལྟར། བོད་སྐད་ལའང་རྣམ་དབྱེ་དང་པོ་ལྟར་རྐྱེན་ལོགས་སུ་མེད་ཀྱང་ཀྱེ་སོགས་འབོད་ཚིག་གསལ་བའི་སྒྲ་སྦྱར་བས་ཆོས་གང་ཞིག་གི་ངོ་བོ་དེ་དང་འབོད་པའི་དོན་རྣམ་པར་དབྱེ་བ་ལྟ་བུ་བཅས་སོ། །
              དེ་ལྟར་བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེ་འཇུག་དགོས་པ་ནི་ལུང་རིགས་གང་གི་ཐད་ནས་ཀྱང་རྒྱུ་མཚན་འཐད་ལྡན་དུ་མཆིས་པས་བྱེད་ཅན་ལ་སོགས་པ་དོན་གྱི་ལྡོག་པ་རྣམ་པར་དབྱེ་བའི་འབྱེད་བྱེད་ནུས་ལྡན་གྱི་ཚིག་ཕྲད་དེ་དག་ལ་མི་རྣམས་ཀྱིས་རང་གི་འདོད་བློ་ལྟར་རྣམ་དབྱེ་ཞེས་མིང་དུ་མ་བཏགས་ཀྱང་དེ་དག་གི་བྱེད་ལས་ནུས་པའི་དོན་དངོས་ཀྱིས་རང་ཤུགས་སུ་ཐོགས་པའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལྟ་བུ་ཞིག་ཡིན།   སྔོན་བྱོན་མཁས་དབང་རྣམ་པས་གངས་ཅན་བརྡ་སྤྲོད་ཀྱི་འགྲེལ་བྱེད་དུ་རྣམ་པར་དབྱེ་བའི་རྣམ་གཞག་ཕུན་སུམ་ཚོགས་པར་མཛད་པ་འདི་དག་གིས་རང་ཅག་ཕྱི་རབས་སྐལ་ལྡན་གྱིས་ཤེས་བྱའི་གནས་ལ་འཇུག་པའི་བློ་མིག་གསལ་བར་འབྱེད་ལ་ཁྱད་དུ་འཕགས་པའི་ནུས་པ་ཐོན་དང་འཐོན་བཞིན་ཡོད་པས། དེས་ན་“སྔོན་གྱི་མཁས་པ་རྣམས་ཀྱིས་ལེགས་སྦྱར་གྱི་གཞུང་ལ་དཀའ་སྤྱད་མཛད་པའི་རྩལ་ཡོན་”རང་བཞིན་གྱིས་ཐོན་པ་འདི་ལ་ཡི་རངས་ཤིང་། ལག་གི་སྙིམ་པ་ཟུམ་པར་འོས་པ་ལས་དེ་དག་མཚང་དུ་བརྩི་བར་མི་འོས་ལ་ལྷག་པར་དུ་རྩོམ་པ་པོས་“སྔར་གྱི་མཁས་པ་རྣམས་ཀྱིས་བོད་ཀྱི་སུམ་ཅུ་པའི་ཚིག་ཕྲད་རྣམས་དང་རྣམ་དབྱེ་སྦྱར་ནས་འགྲེལ་བཤད་མཛད་”ཅེས་འགོད་པར་མཛད་འདུག་ཀྱང་། སྤྱིར་སུམ་ཅུ་པར་ཚིག་ཕྲད་ཀྱི་རྣམ་གྲངས་དུ་མ་ཡོད་ཅིང་། “རྣམས་”ཞེས་པའི་མང་ཚིག་གིས་ཚིག་ཕྲད་གང་ཡང་རུང་བ་ཚང་མ་འདུས་པས་སུམ་ཅུ་པའི་ཚིག་ཕྲད་རྣམས་ཚང་མར་རྣམ་དབྱེ་སྦྱར་བའི་སྔར་འགྲེལ་ཞིག་གཏན་ནས་མེད་པས་སྔར་གྱི་མཁས་དབང་རྣམས་ལ་མི་འོས་པའི་མཚང་འགེལ་གྱི་ཐ་སྙད་དེ་ལྟ་བུ་སྤྱོད་པ་དོན་དངོས་དང་མི་འཚམས་སོ།
              (3) རྩོམ་པ་པོས་བོད་སྐད་ཀྱི་སྒྲ་ལ་རྣམ་དབྱེ་མི་དགོས་པར་བཞེད་པའི་རིག་པའི་སྒྲུབ་བྱེད་ལྟ་བུ ནི་“རྒྱན་སྡུད་ལྟ་བུའི་ཚིག་ཕྲད་གཅིག་ལ་མཚོན་ན……དེ་མིང་ལ་ཐུག་མ་ཐག་ཏུ་རང་སྟོབས་ཀྱིས་དོན་གྱི་ངོ་བོ་སྟོན་རྒྱུ་ཡོད་ལ་……སྡུད་པ་ལ་སོཌ་པ་སྟོན་ཀྱང་རྣམ་པར་དབྱེ་བའི་ཁོངས་སུ་མ་གཏོགས་པ་ཅི་ཞིག་ཡིན་”ཅེས་པ་འདི་ཡིན་ཅིང་། དེའང་མི་འཐད་དེ། ཅིའི་ཕྱིར་ཞེས་ན། སློབ་དཔོན་ཐོན་མིས་བོད་མིའི་ཐུན་མོང་མིན་པའི་སྐད་གདངས་རང་གྲུབ་ཀྱི་ཁྱད་ཆོས་ལ་བསྟུན་ཏེ་བོད་ཀྱི་སྒྲ་ལ་སྒྲ་སྒྲུབ་མི་དགོས་པར་བཞེད་ཀྱང་། མིང་ཚིག་འདུས་པའི་བར་ན་ལེགས་སྦྱར་སྒྲ་གཞུང་དང་ཆ་མཐུན་གྱི་དོན་རྣམ་པར་དབྱེ་དགོས་པར་དགོངས་ཏེ་རྣམ་པར་འབྱེད་བྱེད་ཀྱི་ནུས་པ་ལྡན་པའི་ལ་དོན་ལ་སོགས་པའི་ཚིག་ཕྲད་བདམས་ཏེ་རྣམ་དབྱེའི་རྐྱེན་དུ་འཇུག་ཚུལ་གསལ་བར་གཏན་ལ་དབབས་པ་མ་ཟད། རྩ་བའི་གཞུང་ལས་ཀྱང་་“ཆོས་དངོས་ལསདང་། ”ཞེས་པ་ནས་་“གནས་དང་འབོད་པའི་སྒྲ་ཡང་དྲང་”ཞེས་པའི་བར་རྣམ་དབྱེའི་གོ་རིམ་དང་འཇུག་ཚུལ་བསྟན་རྗེས་དེ་མ་ཐག་ཚིག་ཕྲད་ཀྱི་འཇུག་པའི་མཚམས་དེར་སླེབས་སྐབས་་“གཞན་ཡང་”ཞེས་དགོས་པ་ལྷག་པར་ལྡན་པའི་ཚིག་གསལ་ཞིག་མཛད་པ་འདིས་ཀྱང་རྣམ་དབྱེ་དང་ཚིག་ཕྲད་རྐྱང་པའི་དབྱེ་མཚམས་གསལ་བར་མཚོན་ཐུབ་ཅིང་། དེ་བཞིན་དུ་སྔར་གྱི་མཁས་དབང་རྣམ་པས་ཀྱང་རྣམ་དབྱེ་དང་ཚིག་ཕྲད་བར་གྱི་དབྱེ་བ་དང་འབྲེལ་བའི་གོ་དོན་གསལ་བར་ཕྱེ་སྟེ་དཔེར་ན། དབྱངས་ཅན་ངག་གི་དབང་ཕྱུག་ཞབས་ཀྱིས་་“རྣམ་དབྱེ་ལ་ཚིག་ཕྲད་ཀྱིས་ཁྱབ་ཀྱང་། ཚིག་ཕྲད་ལ་རྣམ་དབྱེས་མ་ཁྱབ་་”⒆ཅེས་གསུངས་པ་འདི་ནི།  རྣམ་དབྱེ་ལ་འབྱེད་བྱེད་ནུས་ལྡན་གྱི་ཚིག་ཕྲད་རྐྱེན་དུ་སྦྱར་བས་རྣམ་དབྱེ་ཡིན་ཕྱིན་ཚིག་ཕྲད་ཞུགས་པ་ཡིན་རུང་། ཚིག་ཕྲད་ཇི་སྙེད་པ་རྣམས་ལ་བལྟོས་ཏེ་རྣམ་དབྱེས་ཁྱབ་པར་འཇུག་དགོས་པ་མ་ཡིན་པ་གོ་དགོས་པའི་དོན་ཡིན་ལ། ལྷག་པར་ཚིག་ཕྲད་ཀྱི་ནུས་པའི་ཁྱབ་ཁོངས་སྐོར་མཁས་མཆོག་སི་ཏུ་པཎ་ཆེན་གྱིས་“ཚིག་ཕྲད་ཅེས་བྱ་བ་ནི་སྤྱིར་མིང་ཙམ་གཉིས་སམ་དུ་མ་སྦྲེལ་བའི་ཚེ་བར་དུ་མཚམས་སྦྱོར་བའམ་དོན་གསལ་བ་ལ་ཕན་འདོགས་པར་བྱེད་ཅིང་།  འགའ་ཞིག་དེ་འདྲའི་ཐོག་མཐའ་གཉིས་དང་མིང་རྐྱང་ཙམ་ལའང་དོན་གསལ་བའམ་བརྗོད་བདེ་བ་ལ་ཕན་འདོགས་པར་བྱེད་པའི་སྒྲའི་རྣམ་པ་ཞིག་སྟེ”⑳ཞེས་གསུངས་ཡོད། སྤྱིར་ཚིག་ཕྲད་ལའང་དཔེར་ན།  ཅི། ཇི། གང་། ཇི་སྟེད་སོགས་ལྟ་བུ་ཚིག་ཕྲད་རྐྱང་པས་དོན་གོ་པར་སྟོན་ནུས་པ་ཡོད་ལ།   མིང་ཚིག་བར་ན་མ་སྦྱར་ན་ཚིག་ཕྲད་རྐྱང་པས་དོན་སྟོན་མི་ནུས་པའང་ཡོད་ཅིང་། དཔེར་ན། རྒྱན་སྡུད་ལྟ་བུ་འགའ་ཞིག་མིང་ཚིག་གི་བར་དུ་མ་སྦྱར་ན་དོན་གོ་པར་སྟོན་མི་ནུས་ལ་མིང་ཚིག་གི་བར་དུ་སྦྱོར་སྐབས་དོན་སྟོན་ནུས་པ་ཞིག་ཡིན་མོད་ཀྱང་། རྒྱན་སྡུད་དེས་སྟོན་པའི་དོན་ནི་མིང་རྐྱང་གོང་འོག་མཐུན་པའམ་མི་མཐུན་པ་ཙམ་དང་མིང་གཞན་སྡུད་པ་མཚོན་བྱེད་ཀྱི་ནུས་པ་ཙམ་ལས། ལ་དོན་སོགས་རྣམ་དབྱེའི་རྐྱེན་དུ་སྦྱོར་བའི་ཚིག་ཕྲད་ལྟ་བུ་བྱེད་ཅན་ལ་སོགས་པའི་དོན་གྱི་ལྡོག་པ་སྟོན་མི་ནུས་ཤིང། དེ་ནི་“རྒྱན” ཅེས་པའི་ཕྲད་དེ་ཉིད་ཀྱི་མིང་དེའི་གོ་དོན་གྱི་ཐོག་ནས་ཀྱང་དེའི་ནུས་པ་ཤུཌ་ཀྱིས་རྟོགས་སླ་བ་ཞིག་ཡིན་པས། འདི་ནི་རྣམ་དབྱེའི་རྐྱེན་དུ་སྦྱོར་བའི་ཚིག་ཕྲད་ཀྱི་ནུས་པ་དང་གཏན་ནས་མི་འདྲ་བ་ཆེས་གསལ་བར་མངོན་པ་མ་ཟད། རྒྱན་སྡུད་དེ་རང་ལ་མཚོན་ན་ལེགས་སྦྱར་གྱི་སྒྲ་གཞུང་ལས། དང་དང་ཀྱང་ཡང་གི་ཡི་གེ་ནི་ཙ་ཞེས་པ་ཡིན་པས། “ཙ་ལ་སོགས་པ་ནི་པཱ་ཏའོ”21གསུངས་ཤིང་། སི་ཏུ་པཎ་ཆེན་སོགས་སྔར་གྱི་མཁས་ཆེན་མང་པོས་ནི་པཱ་ཏའི་ཡི་གེ་བསྒྱུར་ན་བོད་ཀྱི་ཚིག་ཕྲད་ཀྱི་ཡི་གེ་རྣམས་སུ་འགྱུར་བ་ཤས་ཆེ་བ་ཡིན་པ་སྔོན་གྱི་ལོ་ཆེན་རྣམས་ཀྱིས་བཞེད་ཅེས་གསུངས་འདུག་པས། རྒྱ་གར་པཎ་ཌི་ཏ་རྣམས་ཀྱིས་མཛད་པའི་གཞུང་དང་བོད་ཀྱི་ལོ་པཎ་ཆེན་པོ་དུ་མའི་བཞེད་པ་དེ་ལྟར་ཡིན་པ་བཅས་ལ་བརྟེན་རྒྱན་སྡུད་སོགས་དོན་གྱི་ལྡོག་པ་སྟོན་མི་ནུས་པའི་ཚིག་ཕྲད་རྣམས་རྣམ་དབྱེའི་ཁོངས་སུ་མི་གཏོགས་པའི་རྒྱུ་མཚན་གཞན་ཅི་མ་ཡིན་པར་དོན་དངོས་ཀྱི་ནུས་པ་མི་འདྲ་བའི་དབྱེ་བ་ཡོད་པའི་ལུང་རིགས་ཀྱི་གནད་འདི་དག་ལ་ཐུག་པ་ཡིན་སྙམ་མོ།
                                                         ཆུ་གཏེར་གསར་པའི་རྦ་རླབས་རླབས་གཞུང་མིན།
                                                         གངས་ཅན་སྐད་ལ་རྣམ་དབྱེ་དགོས་མེད་མིན།
                                                         དེ་ཕྱིར་སྔོན་བྱོན་དམ་པའི་འགྲེལ་བྱེད་དོན།
                                                         མ་ཉམས་བདུད་རྩིའི་ཟིལ་ཐིག་འདི་ན་བསྐྱིལ།
                                                         ཞར་བྱུང་སུམ་རྟགས་ཀྱི་བསླབ་པའི་གོ་རིམ་ཚུལ་བཞིན་སྲོང་བ།
              སུམ་རྟགས་ཀྱི་བསླབ་པའི་གོ་རིམ་སྐོར་རྩོམ་པ་པོས་“སུམ་ཅུ་པའི་ཚིག་ཕྲད་རྙོག་འཛིང་ཆེ་བ་དེ་སྔོན་དུ་ཁྲིད་ནས་འཇུག་ཏུ་རྟགས་འཇུག་འཁྲིད་སྐབས་སྐྱིད་ལུག་གིས་རྟགས་འཇུག་དེ་དཀའ་གནད་ཆེ་བ་ཞིག་ཏུ་གོ་ནས་ཕལ་ཆེར་གྱིས་སུམ་ཅུ་པ་ཁྲིད་མྱོང་ཡང་། རྟགས་འཇུག་གི་མཚམས་སུ་མཇུག་མ་འཁྱོངས་པ་ཞིག་རང་ཡོང་གི་འདུག་པ་དེ་ནི་དེ་གཉིས་འཁྲིད་སྟངས་སྔ་རྟིང་ལོག་པ་དེ་རང་གི་སྐྱོན་འབའ་ཞིག་ཡིན་” ཅེས་དང་“སྦྱོར་ཡུལ་མིང་ཚིག་དང་བྱ་ཚིག་སྔོན་དུ་བཤད་ནས་ཚིག་ཕྲད་ཀྱི་སྦྱོར་ཚུལ་རྣམས་རྗེས་སུ་བསྟན་ན་དགེ་མཚན་ཤིན་ཏུ་ཆེ་ལ་ཤེས་བདེ་པོའང་ཡོད་པས་ད་ལམ་འདིར་ཁོ་བོས་ཀྱང་རྟགས་འཇུག་སྔོན་དུ་བརྗོད་ནས་དེའི་རྗེས་སུ་སུམ་ཅུ་པ་བརྗོད་རྒྱུ་ཡིན་” ཅེས་གསུངས་འདུག་པ་འདི་དག་ལ་དཔྱད་རིན་ཅི་ལ་ཡོད་དེ། འོན་ཀྱང་དེང་གངས་ལྗོངས་ཀྱི་བློ་གསར་ཕལ་མོ་ཆེ་རང་རིགས་ཀྱི་རིག་གཞུང་ལ་གཟིགས་པའི་སྤྱན་རས་དེ་ཙམ་མི་ཡངས་ལ། ཐོན་མིའི་རྩ་བའི་དགོངས་པ་དང་ཡང་མི་འཚམས་པས་སྐབས་བསྟུན་མཐའ་དཔྱོད་དགོས་གལ་སྙམ་ཞིང་། དེ་ཡང་། སློབ་དཔོན་ཐོན་མིའི་སུམ་ཅུ་པའི་གཞུང་གི དབུར་བརྡ་སྤྲོད་ཀྱི་བསྟན་བཅོས་ཐུན་མོང་གི་མཆོད་བརྗོད་དང་དམ་བཅའ་བའི་སྐོར་གསུངས་ཤིང་།  མཇུག་ཏུ་“བསླབ་པའི་རིམ་པ་འདི་ཡིས་ནི། གང་ཞིག་འབད་པ་ཆུང་ངུས་ཀྱང་། ཤེས་རབ་མྱུར་དུ་གྲོལ་བར་གྱུར། དེ་ཕྱིར་དང་པོར་འདི་ཉིད་བསླབས་”22ཞེས་པ་འདི་སུམ་ཅུ་པའི་རྩ་བའི་མཇུག་ཏུ་གསུངས་ཡོད་པས། དེས་ན་དང་པོར་སུམ་ཅུ་པ་བསླབས་དགོས་པ་ནི་ཐོན་མི་ཉིད་ཀྱི་རྩ་བའི་གདམས་་ངག་ཡིན་པ་དང་། རྟགས་འཇུག་ཏུ་མཆོད་བརྗོད་སོགས་མེད་པར་ཐོག་མ་ཉིད་ནས་གཞུང་དོན་དངོས་བསྟན་པ་འདི་དག་གི་ཐོག་ནས་ཀྱང་སུམ་རྟགས་ཀྱི་བསླབ་པའི་གོ་རིམ་གང་སྔོན་དུ་འཇུག་དགོས་པའི་སྐོར་ཐོན་མིའི་དགོངས་པ་གསལ་བར་རྟོགས་ཐུབ་ལ། དེ་བཞིན་སུམ་ཅུ་པའི་མཇུག་བྱང་དུ་“རྩྭ་བྱཱ་ར་ཎ་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐབས་ཏེ་ལྔ་པའོ།། ”23ཞེས་དང་རྟཌ་འཇུག་གི་མཇུག་བྱང་དུ་“བྱཱ་ཀ་ར་ཎ་རྩ་བ་བརྒྱད་པ་ལས་ཀུན་ཏུ་བཟང་པོའི་བྱཱ་ཀ་ར་ཎ་གཉིས་པའི་སྐབས་ཏེ་དྲུག་པའོ”24ཞེས་བསྟན་ཡོད་པ་འདི་དག་ཐོན་མིའི་གསུང་དངོས་ཡིན་མིན་གང་ལྟར་ཡང་ལུང་རིགས་ཁུངས་བཙུན་ཡོད་པ་གོར་མ་ཆག འདི་དག་གི་ཐོག་ནས་ཀྱང་སུམ་ཅུ་པ་སྔོན་དུ་འཇུག་དགོས་པ་དང་རྟགས་འཇུག་མཇུག་ཏུ་བསླབ་དགོས་པ་གསལ་བར་རྟོགས་ཐུབ་པ་མ་ཟད། ལྷག་པར་གཞུང་དོན་དངོས་ཀྱི་འགྲེལ་ཚུལ་ཐོག་སུམ་ཅུ་པའི་སྐབས་སུ་ཡི་གེ་ཞེས་པའི་ངོ་བོར་ཐོག་མའི་ངོས་བཟུང་ཙམ་སྟེ་ཨ་ལི་དབྱངས་དང་ཀ་ལི་གསལ་བྱེད་ངོ་སྤྲོད་པ་ནས་དབུ་བརྩམས་ཤིང་། སྔོན་མིང་རྗེས་གསུམ་གྱི་སྦྱོར་ཚུལ་ཙམ་དང་། རྣམ་དབྱེ་དང་ཚིག་ཕྲད་ཀྱི་འཇུག་པའི་ངོ་བོ་ངོས་བཟུང་རགས་རིམ་ཙམ། མིང་སྔོན་མའི་རྗེས་འཇུག་ལ་བསྟུན་པའི་སྦྱོར་ཚུལ་ཙམ་བསྟན་པ་དང་། རྟགས་འཇུག་གི་སྐབས་སུ་སྔར་སུམ་ཅུ་པའི་སྐབས་བསྟན་ཟིན་པའི་ཡེ་གེའི་ཁྱད་གཞི་དེ་དག་གི་ཁྱད་ཆོས་ཏེ། རྟགས་ཀྱི་དབྱེ་བ་དང་། སྒྲ་དོན་གྱི་འཇུག་པའི་མཚན་ཉིད། བྱ་བྱེད་ལས་གསུམ། བདག་གཞན་དུས་གསུམ་སོགས་ཁྱད་པར་གྱི་དོན་ཤིན་ཏུ་ཟབ་ཅིང་གནད་ཆེ་བ་རྣམས་བསྟན་ཡོད་པས། གལ་ཏེ་རྟགས་འཇུག་སྔོན་ལ་སློབ་པའི་གོ་རིམ་དུ་འཇུག་ཚེ་ལས་དང་པོ་བ་རྣམས་ཀྱིས་བྱ་དངོས་ཀྱི་ངོ་བོའམ་ཁྱད་གཞི་མ་རྟོགས་པར་དེའི་ཁྱད་ཆོས་ལ་གོ་བ་ལོན་ཐབས་མེད་པས་རྟགས་འཇུག་གི་དོན་གཏིང་ཟབ་ཅིང་གནད་ཆེ་བ་རྣམས་སྔོན་ལ་དེ་བས་རྟོགས་དཀའ་བ་ཞིག་ཡོང་རྒྱུ་དེ་ནི་སུམ་རྟགས་ཀྱི་བསླབ་པར་ཆ་ཚང་བ་འཇུག་མ་མྱོང་བ་ཞིག་མིན་ཕྱིན་གནད་དེ་སུས་ཀྱང་མི་རྟོགས་པ་ཅི་ལ་སྲིད། དེ་ལྟར་སུམ་རྟགས་ཀྱི་གོ་རིམ་ལྡོག་སྟེ་འཇུག་རྒྱུ་ནི་སྔར་གྱི་ཕུལ་བྱུང་མཁས་དབང་གང་གིས་ཀྱང་མ་བཞེད་པས། རྩོམ་པ་པོས་“ཁོ་བོས་ཀྱང་”ཞེས་རྒྱན་སྡུད་ཀྱི་ཕྲད་དང་བཅས་པ་གསུངས་ལུགས་ལྟར་ན་མཁས་པ་གཞན་ཞིག་གིས་ཀྱང་དེ་ལྟར་བཞེད་པ་སྡུད་པ་ནི་དོན་ལ་མི་གནས་སོ་སྙམ་མོ
              སུམ་རྟགས་སྔ་རྟིང་སློག་པར་བཞེད་པ་པོ་ཉིད་ཀྱིས་ཀྱང་དོན་དངོས་ཐོག་རང་གི་བཞེད་འདོད་ལྟར་འགྲེལ་ཐབས་མེད་པར་གྱུར་ཏེ། དཔེར་ན། ཉིད་ཀྱི་འགྲེལ་པའི་ས་བཅད་དང་པོར། རྟགས་འཇུག་གི་དབུ་སྟེ། “ཕོ་ཡི་ཡི་གེ་འབའ་ཞིག་ལ།”ཞེས་པ་ནས་འགྲེལ་བར་མ་མཛད་པར་སུམ་ཅུ་པའི་དབུ་སྟེ། “ཡི་གེ་ཨཱ་ལི་ཀ་ལི་གཉིས་” ཞེས་པ་ནས་མི་འགྲེལ་ཐབས་མེད་བྱུང་འདུག་པ་མ་ཟད།  འགྲེལ་པའི་ཐོག་བར་མཐའ་གསུམ་ལ་སུམ་རྟགས་ཀྱི་གཞུང་གཉིས་ཀྱི་དོན་མཉམ་བསྲེ་མཛད་དགོས་བྱུང་འདུག་ཅིང་།  དེ་ནི་“རྟགས་འཇུག་སྔོན་དུ་བརྗོད་ནས་དེའི་རྗེས་སུ་སུམ་ཅུ་པ་བརྗོད་རྒྱུ་”ཞེས་གསུངས་དོན་དོན་ལ་གནས་པ་མ་ཡིན་ཕྱི། སུམ་རྟགས་ཀྱི་རྩ་བ་གཉིས་མཉམ་དུ་བསྲེས་པ་ཞིག་ཡིན་སྟབས་དེ་ལྟ་ན་སུམ་རྟགས་ཀྱི་རྩ་བའང་ཐོན་མིས་མཛད་པ་འདི་གཉིས་མ་ཡིན་པའི་ཁྲ་ཁྲ་ཞིག་ཡོད་དགོས་གཤིས།  དེ་འདྲའི་རྗེས་སུ་འཇུག་ན་བོད་ཀྱི་བརྡ་སྤྲོད་ཆུ་འགོ་གངས་དང་ཆོས་འགོ་སངས་རྒྱས་ཀྱི་དཔེའི་རྗེས་ཡུ་མཐུན་པའི་དྭངས་གཙང་ཁུངས་བཅུན་འདི་རྦད་དེ་ཆལ་འཆོལ་དང་གཞི་འཛིན་ཁུངས་མེད་ཅིག་ཏུ་འགྱུར་རྒྱུ་དང་། ལས་དང་པོ་བ་རྣམས་དེ་བས་འཇུག་དཀའ་བའི་གནས་ལས་མ་འདས་ཤིང་།  འདིར་རྩོམ་པ་པོས་མི་རིགས་ཀྱི་རིག་གཞུང་ལ་ཐུགས་ཤིན་ཏུ་གཅེས་ཏེ་འདི་ཉིད་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་རེས་དཀའ་སྤྱད་ཀྱིས་བོད་ཀྱི་བརྡ་སྤྲོད་རིག་པའི་ཆ་ཤས་ལ་ཞིབ་འཇུག་མཛད་པའི་མཁས་ཡོན་གྱི་རྩལ་འདོན་པའི་ཐུགས་དགོངས་ཀྱི་ཀུན་སློང་བཟང་པོ་འཛིན་པ་དམ་པའི་གནས་ལགས་ཀྱང་། སྔོན་བྱོན་མཁས་དབང་དུ་མས་དཔྱད་གསུམ་གྱིས་གཏན་ལ་དབབས་པའི་གཅིག་གྱུར་གྱི་བཞེད་པའི་བདུད་རྩིའི་རྒྱ་མཚོ་ཡོད་བཞིན་དུ་ལུང་རིགས་གང་ལའང་མི་འཚམས་པའི་ཕན་མེད་བ་ཚྭའི་ཁྲོན་པ་བརྐོ་བ་སྐུ་ངལ་གྱི་གནས་ལས་དགོས་པ་ལྷག་པར་མ་མཆིས་སྙམ་མོ།
                                                         བརྡ་སྤྲོད་མ་སྦྱང་སྦྱངས་པའི་ངང་ཚུལ་ཅན།
                                                         འཁྲུལ་པའི་གཡའ་སེལ་ལུང་རིགས་ལྡན་གྱུར་ཀྱང་།
                                                         གྲགས་ཅན་བཞེད་པར་དཔྱད་འདི་མཐུན་འོས་མིན།
                                                         དེ་ཕྱིར་གང་གི་ཐུགས་ལ་བཟོད་པར་གསོལ། 
        གསུམ་པ།  མཇུག་དོན་བསྡུ་བ། 
              བོད་སྐད་ཀྱི་སྒྲ་ལའང་ངེས་པར་རྣམ་དབྱེ་འཇུག་དགོས་པའི་སྐོར་དང་། སུམ་རྟགས་ཀྱི་བསླབ་པའི་གོ་རིམ་སྐོར་སོགས་སློབ་དཔོན་ཐོན་མིའི་རྩ་བའི་དགོངས་པ་དངོས་དང་སྔོན་བྱོན་མཁས་དབང་རྣམ་པའི་གཅིག་གྱུར་གྱི་བཞེད་པ་གཞིར་བཟུང་ཞིང་། དོན་དངོས་ཀྱི་རྒྱུ་མཚན་འཐད་ལྡན་དང་བཅས་པའི་ཁོ་བོའི་ལྟ་བའི་འདོད་ཚུལ་གོང་དུ་བརྩམ་བྱ་དངོས་ནང་སོང་ཟིན་པས་བསྐྱར་ཟློས་ཀྱི་དགོས་པ་མ་མཆིས།  འདིར་གངས་ཅན་གྱི་ཡི་གེ་དང་བརྡ་སྤྲོད་རིག་གཞུང་གི་ལོ་རྒྱུས་སྐོར་སོགས་ལ་མུ་མཐུད་དཔྱད་དགོས་པའི་བསམ་འདུན་རགས་ཙམ་གླེང་ན། (1)སྔར་སློབ་དཔོན་ཐོན་མིའི་བརྡ་སྤྲོད་སྐོར་གྱི་བརྩམ་བཅོས་བརྒྱད་ཙམ་ཡོད་ལུགས་གྲགས་ཀྱང་། གླང་དར་དུས་སོགས་ལ་རྒྱལ་བསྟན་ཉམས་རྒུད་བྱུང་སྐབས་གཏོར་བཤིག་ཚབས་ཆེན་སོང་སྟབས་སུམ་རྟགས་ཀྱི་གཞུང་གཉིས་ལས་དེ་མིན་དྲུག་གི་དཔེ་རྒྱུན་མཐོང་རྒྱུ་མེད་པར་གྱུར་པས་བརྡ་སྤྲོད་རིག་པའི་འགྲེལ་བྱེད་ཐོག་སྔར་གྱི་མཁས་པའི་བཞེད་ཚུལ་མི་འདྲ་བའང་འགའ་ཞིག་གནས་པ་འདི་དག་ལ་དེང་མཁས་དབང་རྣམ་པས་མུ་མཐུད་དཔྱད་དེ་ཐོན་མིའི་དགོངས པ་ཇི་བཞིན་རྟོགས་ཐབས་ཀྱིས་གཅིག་མཐུན་གྱི་སྡོམ་ཚིག་ཡང་དག་པ་ཞིག་འཇོག་ཐུབ་པ་མཛད་རྒྱུ་དེ་ནི་བོད་ཀྱི་བརྡ་སྤྲོད་རིག་པ་དེ་བས་འཐུས་ཚང་ཡོང་རྒྱུར་གལ་ཆེའི་དོན་སྙིང་ལྡན་པ་ཞིག་ཡིན་སྟམ། ( 2 )ཁྱད་དུ་འཕགས་པའི་བོད་ཀྱི་རིག་གཞུང་ལ་བར་ལམ་གཏོར་བཤིག་ཤིན་ཏུ་ཚབས་ཆེན་ཕོག་ཁར། འགོག་རྐྱེན་ཚོགས་ཀྱི་རྐྱེན་པས་ད་ལྟའང་བོད་ཡིག་ལ་དོན་དངོས་ཐོག་བེད་སྤྱོད་ཀྱི་གོ་གནས་ཕྱི་ཚུལ་མིང་སྟོང་ཙམ་ལས་མེད་པས། བོད་རིགས་ཀྱི་གཞོན་ནུས་རང་རིགས་ཀྱི་ཕུན་སུམ་ཚོགས་པའི་རིག་གཞུང་ལ་སྦྱང་བརྩོན་རིང་དུ་མི་གཏོང་དཀའ་མེད་དུ་གྱུར་ཏེ། བོད་རིགས་ཀྱི་གཞོན་ནུར་གཙོ་བོའི་དགོས་དོན་སྙིང་པོ་མི་རིགས་རང་ཉིད་ཀྱི་རིག་གཞུང་གི་གནས་ཚད་ཤིན་ཏུ་སྐྱོ་བས་བོད་ཀྱི་རིག་གཞུང་རྒྱུན་འཛིན་པ་དོན་དངོས་ཐོག་མི་རིགས་རང་ཉིད་ཀྱི་ནང་དུ་ཧ་ཅང་ཉག་ཕྲར་འགྱུར་བཞིན་པའི་སྐབས་འདིར་རྩོམ་པ་པོ་འགའ་ཞིག་གིས་ད་ལྟའི་བོད་ཡིག་འདི་ཐོན་མིས་གསར་གཏོད་མཛད་པ་མིན་ཚུལ་དང་། ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་རྡོ་རིང་ངོས་སོགས་ཡིག་རྙིང་འགའ་ཞིག་ཐོག་ཡི་གེ་མ་དག་པ་རེ་ཟུང་ཡོད་ཚུལ་ལ་བསྙད་དེ་སུམ་རྟགས་ཀྱི་གཞུང་ནི་ཐོན་མི་སམ་བྷོ་ཊས་བརྩམས་པ་མིན་པར་དུས་རབས་དགུ་པའི་ཚུན་ཆོད་ལ་བྱུང་བ་ཡིན་ཚུལ་སོགས་རང་འདོད་ཁུངས་མེད་སྣ་ཚོགས་བཤད་དེ་བོད་ཀྱི་རིག་གཞུང་ལོ་རྒྱུས་ཆེད་དུ་ཟང་ཟིང་བཟོ་མཁན་འདི་རིགས་ནི་བོད་ཀྱི་རིག་གཞུང་ལ་བསླབ་པའི་གོ་རིམ་བཞིན་སྦྱངས་པའི་རྨང་གཞིའི་ཐོག་མཁས་ཡོན་གྱི་རྩལ་ཐོན་པའི་ཚད་ལྡན་དམ་པའི་གསུང་མིན་གྱི། ལུང་རིགས་གང་ལའང་ལྟོས་མི་དགོས་པའི་ཚོད་བཤད་མཁན་ཉུང་ཤས་ཀྱི་འདོད་གཏམ་ཡིན་པས་ཡ་མཚན་ཅི་ལ་ཡོད་ཀྱང་།  ཕྱོགས་གཞན་ཞིག་ནས་འདི་ནི་བོད་ཀྱི་ཡི་གེ་དང་བརྡ་སྤྲོད་རིག་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་སྐོར་རྒྱུད་རིམ་ལྡན་ལ་ཡོངས་གྲགས་དང་གཅིག་གྱུར་གྱི་སྡོམ་ཚིག་གསལ་བ་ཞིག་མཐོང་དཀོན་པའི་རྐྱེན་གྱིས་ཀྱང་ཡིན་པས། གཟུ་བོར་གནས་པའི་རྣམ་དཔྱོད་ཡངས་པ་རྣམས་ཀྱིས་འདི་དག་གི་སྐོར་ལ་ཞིབ་འཇུག་གཏིང་ཟབ་ཐོག་ལུང་རིགས་དང་མི་མཐུན་པའི་རིགས་ལ་མཐའ་དཔྱོད་དཔྱིས་ཕྱིན་པར་མཛད་རྒྱུ་དང་། བོད་ཀྱི་ཡི་གེ་དང་བརྡ་སྤྲོད་ཀྱི་འཕེལ་རྒྱས་བྱུང་ཚུལ་སྐོར་ཚན་རིག་དང་ཡོངས་སུ་མཐུན་པའི་སྡོམ་ཚིག་གཅིག་གྱུར་ཞིག་ཡོང་བ་མཛད་རྒྱུ་འདི་ནི་སྔར་གྱི་མཁས་དབང་བཀྲིན་བདག་ཉིད་རྣམས་ཀྱིས་གངས་ཅན་སྐྱེ་རྒུའི་ལེགས་བྱས་ཀྱི་བགོ་སྐལ་དུ་བཞག་པའི་རིག་གཞུང་གི་ནོར་བུ་མཐུ་ལྡན་སྲུང་སྐྱོབ་ཐོག་མི་རབས་རྗེས་མས་ཡང་དག་པའི་རྒྱུན་འཛིན་ཐུབ་རྒྱུར་འགངས་ཆེའི་དོན་སྙིང་གཏིང་ཟབ་ལྡན་པ་ཞིག་ཡིན་སྙམ་ཡང་། འདིའང་དཔྱོད་ལྡན་རྣམ་པའི་དཔྱད་གཞིར་ཕུལ་བ་ལགས་སོ།
              ①⒇སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་མཛད་པའི་《ཡུལ་གངས་ཅན་པའི་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཀྱི་བྱེ་བྲག་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་གཞུང་གི་རྣམ་བཤད་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་》ཤིང་པར། ཤོག་གྲངས་304、309
              ②⒃ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི་《རྟགས་ཀྱི་འཇུག་པའི་དགོངས་འགྲེལ་རབ་གསལ་སྣང་བ》་ཤིང་པར། ཤོག་གྲངས་16 、17
              ③④ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་《མཁས་པ་འཇུག་པའི་སྒོ》ལྕགས་པར། ཤོག་གྲངས་21-22
              ⑤⑥⑦⑧⑨⑩⑾⑿⒅21འདར་ལོ་ཙཱ་བ་ངག་དབང་ཕུན་ཆོགས་ཀྱིས་མཛད་པའི་《བརྡ་སྤྲོད་པའི་བསྟན་བཅོས་ཕྱི་མོ་དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་པ་རབ་ཏུ་བྱ་བ་གསལ་ལྡན་》 ཤིང་པར། ཤོག་གྲངས་10、4、11 、5 、17、 9、 37
              ⒀22 23 24སློབ་དཔོན་ཐོན་མིའི་《ལུང་སྟོན་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་》ཤིང་པར། ཤོག་གྲངས་4、3 、5
              ⒁⒂⒆དབྱངས་ཅན་ངག་གི་དབང་ཕྱུག་གིས་མཛད་པའི་《་ཡུལ་གངས་ཅན་པའི་སྐད་ཀྱི་བརྡ་སྤྲོད་པའི་གཞུང་ཀུན་གྱི་ཕྱི་མོ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་བཤད་སྦྱར་མཁས་པའི་ལེགས་བཤད་གཅེས་བསྡུས 》ཤིང་པར། ཤོག་གྲངས་76、75
              ⒄དམུ་དགེ་བསམ་གཏན་གྱི་《བརྡ་སྤྲོད་བློ་གསལ་དགའ་སྟོན》ལྕགས་པར་ཤོག་གྲངས་47、48 བཅས་སོ།