ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་ལོ་རྒྱུས་སྟེང་གི་ཐང་མཚམས་ལ་དཔྱད་པ།①

སྤེལ་དུས 2019-09-11 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། རྡོ་རྗེ།
[ནང་དོན་གནད་བསྡུས།] བཙན་པོ་འབྲོང་ཞི་ལེགས་ཀྱི་དུས་མཇུག་ནས་ལག་བསྟར་མཛད་པའི་ཐང་མཚམས་ལམ་ལུགས་ནི། བོད་རང་གི་ཡུལ་ནས་གསར་དུ་བཏོད་ཅིང་བཙན་པོའི་རྒྱལ་རྒྱུད་ཀྱི་སྲས་པོ་འབའ་ཞིག་ལ་སྤྱོད་པ་དང་། ལག་ལེན་གྱི་དུས་ཡུན་རིང་བ། ནང་ཁུལ་གྱི་སྒྲིག་སྲོལ་ངེས་ཅན་ལྡན་པའི་ལམ་ལུགས་ཤིག་ཡིན་པར་མ་ཟད། བོད་བཙན་པོའི་རྒྱལ་རབས་ཀྱི་དར་རྒུད་དང་ཀུན་ནས་འབྲེལ་ལ་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་ལྡན་པའི་སྲིད་སྐྱོང་གི་ལམ་ལུགས་ཁྱད་པར་བ་ཞིག་ཀྱང་ཡིན། ལམ་ལུགས་དེས་བཙན་པོའི་རྒྱལ་སྲས་བར་སྲིད་དབང་བརྩད་ནས་རྙོག་དྲ་འབྱུང་བར་སྔོན་འགོག་གི་ནུས་པ་ཐོན་ཞིང་། བཙན་པོའི་སྲིད་དབང་སྲ་བརྟན་དང་། རྒྱལ་ཁམས་བདེ་སྲུང་དང་དར་རྒྱས། རྒྱལ་འབངས་གོང་བུ་གཅིག་གྱུར་སོགས་ལ་སྐུད་འདེད་ཀྱི་དགེ་མཚན་རྨ་མེད་པ་ཐོན་ཡོད་པར་འདོད།
[བརྡ་ཆད་གཙོ་བོ།] བཙན་པོའི་རྒྱལ་རབས། རྒྱལ་སྲས། ཐང་མཚམས་ལམ་ལུགས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-02-0069-15
            སྤྱི་ལོ་སྔོན་གྱི་417ལོའི་ཤིང་བྱི་ལོར་བོད་རྒྱལ་ཐོག་མ་“གཉའ་ཁྲི་བཙན་པོ་སྤོ་བོའི་ཡུལ་དུ་སྐུ་འཁྲུངས་ཤིང་། སྤྱི་ལོ་སྔོན་གྱི་360ལོར་” ② བོད་ཀ་གཡག་དྲུག་གི་“མགོ་ནག་མི་ཡི་སྤྱི་རྗེ་དང་། དུད་འགྲོ་རྔོག་ཆགས་རྒྱན་དུ་གཤེགས་ཏེ་” ③སྤུ་རྒྱལ་བཙན་པོའི་སྲིད་ཁྲིར་བཞུགས་པ་ནས་བཟུང་། རྒྱལ་རབས་ཞེ་གཉིས་པ་འུ་དུམ་བཙན་པོ་བར་གྱི་མི་ལོ་ཆིག་སྟོང་ཉིས་བརྒྱ་གཉིས་རིང་ལ། བོད་ཀྱི་སྲིད་དབང་གདུང་རྒྱུད་གཅིག་གིས་བཟུང་ཞིང་ཁ་ལོ་བསྒྱུར་ཡོད་པ་རེད། དབང་སྒྱུར་གྲལ་རིམ་དེ་དག་གིས་རང་གི་སྲིད་དབང་སྲ་བརྟན་འཐུས་ཚང་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་ཆེད། སྲིད་སྐྱོང་ལམ་ལུགས་མེད་པ་གསར་སྣོན་དང་ཡོད་པ་རྒྱུན་འཛིན་གནང་འདུག་སྟེ། གནམ་གྱི་ཁྲི་བདུན་དུས་ནས་བཙན་པོ་ན་རིམ་གྱིས་སྐུ་གཤེན་བསྟེན་ནས་རྒྱལ་སྲིད་བསྐྱངས་པ་དང་། ④འབྲོང་ཞི་ལེགས་ནས་རྒྱལ་སྲས་ཐང་མཚམས་སུ་འབེབས་པའི་ལམ་ལུགས་དར་ཡོད་ལ། ⑤ལྷ་ཐོ་ཐོ་རི་གཉན་བཙན་སྐབས་ནས་བཙན་པོའི་སྲས་མོ་བག་མར་བརྫངས་ཏེ་ཕྱི་འབྲེལ་གཉེན་གྱིས་བསུས་ཡོད་པ་མ་ཟད། ⑥སྟག་རི་གཉན་གཟིགས་དུས་ནས་རྒྱལ་བློན་བྲོ་བོར་ཏེ་རྒྱལ་ཁམས་གཅིག་གྱུར་ལ་ཤུགས་བསྣན་པ་དང་། ⑦ སྲོང་བཙན་སྒམ་པོས་རྒྱལ་ཁབ་གཞན་གྱི་སྲས་མོ་ཁབ་ཏུ་བསུས་ཏེ་ཕྱི་འབྲེལ་མཛའ་མཐུན་གྱིས་བསྐྱངས་ཡོད་པ་ ⑧ སོགས་སྔོན་བྱོན་མེས་པོ་དག་གིས་སྲིད་སྐྱོང་ལམ་ལུགས་ཕུན་སུམ་ཚོགས་ཤིང་གྱ་ནོམ་པ་ཞིག་གནའ་ནས་ལག་ཏུ་བསྟར་བ་ཕྱིས་བྱུང་ལོ་རྒྱུས་ཡིག་ཚང་དུ་གསལ་ལོ།། སྐབས་བབ་བཙན་པོའི་དུས་ཀྱི་སྲིད་སྐྱོང་ལམ་ལུགས་དེ་དག་ལས་སྤུན་མཆེད་བར་གྱི་མཛའ་བརྩེ་དང་། ཕོ་བྲང་ནང་གི་མཐུན་སྒྲིལ། རྒྱལ་ཁབ་སྤྱི་ཡི་བདེ་འཇགས།ཁམས་ཀྱི་ཡུལ་ལུང་བརྟན་སྲུང་སོགས་ལ་འགལ་རྐྱེན་དང་ཡོ་འཁྱོམ་མི་འབྱུང་བའི་ཕྱིར། བཙན་པོའི་གདུང་སྲས་ཁྲོད་དུ་སྲིད་ལ་འོས་པ་ཞིག་བཙན་པོར་དབང་སྐུར་ཞིང་འགའ་ཤས་ཐང་མཚམས་སུ་ཕབ་ཚུལ་སྐོར། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》དང་། 《ལྡེའུ་ཆོས་འབྱུང》 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》 《དུང་དཀར་ཚིག་མཛོད་ཆེན་མོ》 《བོད་བཙན་པོའི་རྒྱལ་རབས》 《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས་》སོགས་གཞིར་བཟུང་ནས་ཅུང་ཟད་དཔྱད་པར་འདོད་པ་ལ།
དང་པོ། ཐང་མཚམས་ཀྱི་བྱུང་བ་དང་གོ་དོན།
            འཛམ་གླིང་ལོ་རྒྱུས་ཐོག་རྒྱལ་ཁབ་ཆེ་འབྲིང་ཆུང་གསུམ་གྱི་སྲིད་ལ་ཁ་ལོ་བསྒྱུར་བའི་དབང་སྒྱུར་གྲལ་རིམ་སུ་དང་གང་ཡིན་ཡང་། ཁྲིམས་ལུགས་དང་སྲིད་ཀྱི་སྒྲིག་གཞི་ནི་རང་གིས་གཞན་ལ་དབང་སྒྱུར་བྱེད་ཀྱི་ལག་ཆ་འགངས་ཆེན་ཞིག་ཏུ་མཐོང་སྟེ། ཁྲིམས་ལུགས་ནི་རྒྱལ་ཁབ་ལྟར་གྲལ་རིམ་དང་བསྡོངས་ནས་དར་འཕེལ་བྱུང་ཞིང་། དེས་དབང་སྒྱུར་གྲལ་རིམ་པའི་སེམས་ཀྱི་འདུན་པ་དང་རྩ་བའི་ཁེ་ཕན་གཅིག་བསྡུས་སུ་མཚོན་པར་མ་ཟད། དེ་ནི་རྒྱལ་སྲིད་བརྟན་བརླིང་དང་། རྒྱལ་ཁམས་བདེ་འཇགས། རྒྱལ་དམངས་བདེ་སྐྱིད། རྒྱལ་ཚིས་དར་འཕེལ་དུ་འགྲོ་བར་འབྲེལ་བ་དམ་པོ་ཡོད་པས། དབང་སྒྱུར་གྲལ་རིམ་སོ་སོས་རྒྱལ་ཁབ་ཀྱི་གནས་བབ་ལ་འཚམ་པའི་ལམ་ལུགས་མང་པོ་གཏན་འབེབས་དང་ལག་ལེན་ལ་ཧུར་བརྩོན་བྱེད་པ་ལྟར། “གངས་ཀྱི་ནྀ་ར་བ།ཆུ་བོ་ཀུན་གྱི་ནི་མགོ་བོ། རི་མཐོ་ས་གཙང་། ཡུལ་བཟང་། མྱི་འཛངས་ཤིང་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའི་གནས་”⑨སུ། གཉའ་ཁྲི་བཙན་པོས་ཀྱང་ཁ་འཐོར་དུ་གནས་པའི་རྒྱལ་ཕྲན་བཅུ་གཉིས་ཆབ་འོག་ཏུ་བཅུག་ཅིང་། རྒྱལ་ཕྲན་རེ་ནས་ཤེས་པ་ཅན་རེ་གྲོགས་སུ་བཀུགས་ཏེ། ཡིག་ཚང་སྡེ་དགུ་དང་དཔའ་མཚན་རྣམ་བརྒྱད་སོགས་སྲིད་སྐྱོང་ལམ་ལུགས་གསར་དུ་བཏོད་པས།བཙན་པོའི་སྲིད་དབང་སྲ་བརྟན་དང་རྒྱུན་མཐུད་པའི་འཕེལ་རྒྱས་ལ་ཕྱག་རྗེས་ཆེན་པོ་བཞག་པ་དང་། ཁོང་གིས་ཐོག་མར་སྐུ་གཤེན་བསྟེན་ཞིང་གསས་ཁང་བཞེངས་པའི་ལས་ཐབས་ཤིག་གི་སྲོལ་ཀྱང་བཏོད་པ། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》དུ། “རྒྱལ་པོ་ (གཉའ་ཁྲི་བཙན་པོ)དེས་གཡུང་དྲུང་ལྷ་རྩེའི་གསས་ཁང་བཞེངས། སྐུ་སྲུང་གི་གཤེན་ནི་མཚེ་མི་དམུ་རྒྱལ་དང་གཅོའུ་ཕྱག་དཀར་གཉིས་སོ།།” ⑩ ཞེས་གསུངས་པ་དང་། དེའི་སྲས་དིང་ཁྲི་བཙན་པོས་ཀྱང་སྐུ་གཤེན་བསྟེན་པ། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དུ། “དིང་ཁྲི་བཙན་པོའི་དུས་སུ། ཞང་ཞུང་གི་གཤེན་བོན་ཀུན་འདུས་ཐེག་ཆེན་གྱིས་སྐུ་བསྲུངས་སོ།།” ⑾ཞེས་བཀོད་པ་ལྟ་བུས་མཚོན། བཙན་པོ་རིམ་བྱོན་གྱིས་སྐུ་གཤེན་བསྟེན་པའི་ལུགས་སྲོལ་སྐབས་དེ་ཤེད་ཙམ་ནས་བཙན་པོའི་ཕོ་བྲང་ནང་རྒྱུན་ཆགས་སུ་བྱུང་ཡོད། བཙན་པོ་འདི་དག་གི་རིང་ལ་རྒྱལ་བུ་ཆིབས་ཁ་ཐུབ་ཙམ་ནས་ཡབ་རྣམས་རྨུ་ཐག་ལ་འཇུས་ནས་ནམ་མཁར་འཇའ་ཡལ་བ་བཞིན་འགྲོ་ཞིང་ཤུལ་མེད་དུ་གྱུར་ཚུལ་ཆོས་འབྱུང་མང་པོར་གཅིག་མཐུན་དུ་བྲིས་པ་ལས། ང་ཚོས་ཁྲི་བདུན་སྐབས་སུ།བཙན་པོའི་རྒྱལ་སྲིད་ཕ་བུ་ཆིག་བརྒྱུད་ཀྱི་ཚུལ་དུ་རྒྱུད་སྤྲོད་བྱེད་པའི་ལུགས་སྲོལ་ཡོད་པ་ཤུགས་ནས་རྟོགས་ཐུབ་པ་དང་།རྒྱལ་སྲས་སྐུ་ནར་སོན་རྗེས་ཡབ་རྣམས་སྲིད་ཁྲི་ལས་བབས་ནས་བོན་གྱི་ཆོས་སྒོར་ཞུགས་ཏེ་རང་བཞིན་གྱིས་སྐུ་གཤེགས་པའམ་ཆབ་སྲིད་ཀྱི་གཡོ་ཐབས་ཤིག་གིས་རྩ་མེད་དུ་བཏང་པ་གང་ཡིན་མི་ཤེས་ཀྱང་། དུས་དེར་བོད་ཀྱི་སྤྱི་ཚོགས་དང་བཙན་པོའི་ཕོ་བྲང་དུ། ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་པའི་རྒྱལ་སྲིད་འཕྲོག་རྩོད་ཀྱི་རྙོག་དྲ་ཆེན་པོ་མ་བྱུང་བར་མངོན། གྲི་གུམ་བཙན་པོའི་སྐུ་ཚེ་སྟོད་ལ། སྐུ་གཤེན་དག་གིས་རྒྱལ་པོའི་སྲིད་དབང་ལ་ཐེ་གཏོགས་ཆེན་པོ་བྱས་པས། བློན་པོ་ལི་བཙན་བཞེར་གྱིས་རྒྱལ་པོར། “ཀྱེ་རྗེ་བཙད་པོ་ལགས།དབུའི་ཞྭ་ཆེ་ན་ལུས་པོ་རྔུལ་གྱི་ལྕི། ཟས་ཞིམ་པོ་ཟོས་དྲག་ན་སྐྱུགས་བྲོ། ཤིག་འཁྱམས་རྐང་ལ་ཞུགས་ན་སྤྱི་བོའི་གཙུག་སྙོག བོན་པོ་མགོ་མཐོ་ན་རྗེའི་མངའ་ཐང་ཁྱེར་” ⑿ཞེས་ཞུས་པ་ལས་རྒྱལ་གཤེན་བར་གྱི་འགལ་བ་ཛ་དྲག་ཏུ་གྱུར་བའི་རྣམ་པ་དཔོག་ཐུབ། གྲི་གུམ་བཙན་པོས་སྐུ་གཤེན་གྱི་མགོ་མནན་ཞིང་སྲིད་ཀྱི་སྒྲིག་གཞི་ལེགས་བཅོས་མཛད་དེ་བཙན་པོ་གནམ་ལ་གཤེགས་པའི་བོན་སྒོ་བཀག་པ་དང་། སྟག་གཟིག་གུ་ར་ཝ་ཏ་ནས་མུ་སྟེགས་བོན་པོ་གདན་དྲངས་ཏེ་བླ་མཆོད་དུ་བཀུར་བའི་རྐྱེན་གྱིས། ལོ་ངམ་རྟ་རྫིས་བཙན་པོ་བཀྲོངས་ཤིང་སྲིད་དབང་འཕྲོག་པས་བོད་ལ་དུར་མཆད་བརྩིགས་པའི་ལུགས་སྲོལ་ཐོག་མར་དར་བར་གྲགས། གྲི་གུམ་བཙན་པོའི་“སྲས་གསུམ་ནི་ཤ་ཁྲི། ཉ་ཁྲི། བྱ་ཁྲི་གསུམ་ཡིན་པ་ལ་ཁོང་སྤུན་གསུམ་ཡབ་ཀྱི་རྒྱལ་སྲིད་ལ་མ་འཆམས་པར། ཡབ་ཀྱིས་ཡུལ་གསུམ་དུ་སྤྱུགས་” ⒀ཞེས་བཀོད་པ་ལས།སྐབས་དེར་བཙན་པོའི་གདུང་སྲས་བར་དུ་ཆབ་སྲིད་ལ་རྩོད་པའི་རྙོག་དྲ་བྱུང་ཡོད་པ་ཤེས་ཐུབ། སྤུ་དེ་གུང་རྒྱལ་གྱིས་སྔར་སྲོལ་བཞིན་རྒྱལ་སྲིད་ཕ་ཤུལ་བུ་འཛིན་གྱི་རྒྱུན་མཐུད་དེ་བསྐྱངས་ནའང་། འབྲོང་ཞི་ལེགས་ཀྱི་གདུང་རྒྱུད་ཁྲོད་ཡང་བསྐྱར་སྲིད་དབང་འཕྲོག་རྩོད་ཀྱི་འགལ་ཟླ་བྱུང་བར་བརྟེན།“འདིའི་དུས་ན་བློན་པོ་རིག་པ་ཅན་གྱིས་རྒྱལ་པོ་མངས་ན་འགྲན་ཟླར་གྱུར་པས་གཅིག་རྒྱལ་སར་བཞག་ནས་གཞན་ཐང་འཚམས་སུ་འབེབས་ཏེ་འདི་གཉིས་ཐང་འཚམས་སུ་ཕབ་པ་རིགས་ནི་ཡར་གར་གནང་”⒁ཞེས་ཨི་ཤོ་ལེགས་ཀྱི་གཅེན་པོ་ཐང་མཚམས་སུ་ཕབ་ཅིང་ཡར་གར་ཏེ་ཟུར་རམ་ལོགས་སུ་ཕུད་པ་དང་། གཞན་དུ་ན། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པར་》དར་མའི་སྲས་ཡུམ་བརྟན་འོད་སྲུང་གཉིས་སྲིད་ལ་མ་འཆམས་པར་གཡོ་རུ་དང་དབུ་རུ་འཁྲུགས་ཤིང་།“ཕུ་བོ་ཆེ་ཤོས་ཀྱིས་རྒྱལ་ས་མ་ཟིན་ནས་ཞལ་སྔར་འབེབས་ཏེ། ཁོང་ཞལ་མཐོང་བ་སྔ་བ་ཡིན་ཟེར་ནས་རྒྱལ་པོ་བས་ཀྱང་ཞན། འབངས་ལས་ཀྱང་དྲག་པའི་ཐང་འཚམས་སུ་ཟེར་རོ།།”⒂ཞེས་ཐང་མཚམས་སུ་འབེབས་པའི་ལུགས་སྲོལ་འདི་ཡུམ་བརྟན་དང་འོད་སྲུང་གི་སྐབས་སུ་བྱུང་བར་བཤད་པ་བདེན་པར་མ་མཐོང་སྟེ་གོང་གི་ལུང་ལ་གཟིགས་པས་ཀྱང་རྟོགས་སླའོ།། ང་ཚོས་མིག་སྔར་ལག་སོན་བྱུང་བའི་འབྲེལ་ཡོད་རྒྱུ་ཆ་གོ་བསྡུར་ཏེ་དཔྱད་ན། བཙན་པོའི་རྒྱལ་རབས་བཅོ་ལྔ་པ་ཨི་ཤོ་ལེགས་ཀྱི་གཅེན་པོ་ཐང་མཚམས་སུ་ཕབ་པ་དེ་ནི། བོད་ཀྱི་ལོ་རྒྱུས་ཐོག་བཙན་པོའི་གདུང་རྒྱུད་ལས་རྒྱལ་སྲས་ཐང་མཚམས་སུ་ཕབ་པའི་ཐོག་མ་ཡིན་པ་རྟོགས་ཐུབ་སྟེ། གྲི་གུམ་བཙན་པོའི་སྐབས་སུ། སྐུ་གཤེན་གྱི་དབང་ཤུགས་ཇེ་ཆེར་གྱུར་པས་བཙན་པོའི་གོང་ན་སྐུ་གཤེན་ཆེ་བའི་གནས་ཚུལ་བྱུང་བ་དང་། སྐུ་གཤེན་གྱིས་རྒྱལ་སྲིད་ལ་ཐེ་གཏོགས་ཤུགས་དྲགས་བྱས་པར་བརྟེན། བཙན་པོས་བོན་པོ་རྣམས་ཡུལ་གཞན་དུ་སྤྱུགས་ཤིང་སྲིད་སྐྱོང་ལམ་ལུགས་ལ་བསྒྱུར་བཅོས་བྱས་ཏེ། རྒྱལ་སྲིད་སྲས་ལ་གཏོད་འདོད་ཀྱང་སྲས་གསུམ་སྲིད་ལ་མ་འཆམས་པས་ཡུལ་གཞན་དུ་སྤྱུགས་པའི་ཉམས་མྱོང་གི་བསླབ་བྱ་དེ་དང་། འབྲོང་ཞི་ལེགས་ཀྱི་དུས་མཇུག་ཏུ། བཙན་པོའི་བུ་སྤུན་བར་ཡང་བསྐྱར་སྲིད་དབང་འཕྲོག་རྩོད་ཀྱི་རྙོག་དྲ་བྱུང་བ་བཅས་གཞིར་བཟུང་ནས། བློན་པོ་རིག་པ་ཅན་གྱི་ངག་བཞིན། གལ་ཏེ་བཙན་པོར་གདུང་སྲས་གཉིས་དང་གཉིས་ཡན་བྱུང་ཞིང་སྲིད་ལ་རྩོད་པ་ཤོར་ན། རྒྱལ་སྲས་བར་སྲིད་དབང་འཕྲོག་རྩོད་ཀྱི་འགལ་ཟླ་མི་ཡོང་ཞིང་། རྒྱལ་ཁབ་དང་རྒྱལ་ཁམས་ཀྱི་བདེ་འཇགས་ལ་གནོད་པ་མི་འབྱུང་བ། ཕ་ཤུལ་བུ་འཛིན་གྱི་རྒྱལ་སྲིད་སྐྱོང་པའི་རྣམ་པར་འགྱུར་བ་མི་གཏོང་བ་སོགས་དགོས་པ་དུ་མའི་སླད་དུ། བཙན་པོའི་རྒྱལ་རྒྱུད་ལས་རྒྱལ་སྲས་ཐང་མཚམས་སུ་འབེབས་པའི་ལམ་ལུགས་འདི་གསར་དུ་གཏོད་ཅིང་ལག་ལེན་ཏུ་བཏབ་པར་སེམས་སོ།།
            ཐང་མཚམས་སུ་འབེབས་པའི་སྲིད་སྐྱོང་ལམ་ལུགས་དེ་བཙན་པོ་འབྲོང་ཞི་ལེགས་ཀྱི་དུས་མཇུག་ནས་ཐོག་མར་ལག་བསྟར་བྱས་ནའང་། ཐང་མཚམས་ཞེས་པའི་ཐ་སྙད་འདི་གནའ་རབས་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་སྔ་ཤོས་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》རུ་ཐོག་མར་བྱུང་བར་མངོན་ཞིང་། 《ལྡེའུ་ཆོས་འབྱུང་》དུ་“ལྡེ་བརྒྱད་ལས་བདེ་རྣོལ་ནམ་ཐང་མཚམས་སུ་ཐོད་ཀར་བྱ་བའི་བུ་ཡིན་ཏེ་”⒃ཞེས་ཐང་མཚམས་ཀྱི་མཚམས་ལ་སྔོན་འཇུག་མ་ཡིག་གིས་འཕུལ་བ་དང་། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》རུ། “འཇང་ཚ་ལྷ་དབོན། རྒྱལ་ས་མ་ཟིན་ཏེ་ཐང་འཚམས་སུ་ཕབ་བོ།།”⒄ཞེས་ཐང་མཚམས་ཀྱི་མཚམས་འ་ཡིག་གིས་འཕུལ་བའི་འབྲི་ལུགས་གཉིས་བྱུང་ཡོད་ཀྱང་། མཚམས་སྦྱོར་ལྔ་པར་འཚམས་སྦྱོར་ལྔ་པ་དང་། མཚག་བཟང་ལ་འཚག་བཟང་། མཚང་ར་ལ་འཚང་ར། མཚུལ་བ་ལ་འཚུལ་བ་སོགས་འབྲི་སྲོལ་ཡོད་པས་འདིའང་གདམ་ང་ཅན་གྱི་འབྲི་ཚུལ་དུ་མཐོང་ཞིང་། 《ལྡེའུ་ཆོས་འབྱུང་》དུ་“ཐངས་མཚམས་སུ་ཕབ་བོ་”⒅ཞེས་པའི་ཐངས་ནི་ཡིག་མཁན་གྱི་བྲིས་ནོར་ཤོར་རམ་སྙམ། ཐང་མཚམས་ཀྱི་གོ་དོན་འགྲེལ་ཚུལ་ལ། 《དུང་དཀར་ཚིག་མཛོད་》དུ། “ཐང་མཚམས། རྒྱལ་སྲས་མང་པོ་ཡོད་པའི་ནང་ནས་གཅིག་རྒྱལ་པོར་བསྐོས་ནས་གཞན་རྣམས་འབངས་ཀྱི་གྲས་སུ་ཕབ་པ་སྟེ་”⒆ཞེས་བཀོད་པ་དང་། 《བོད་བཙན་པོའི་རྒྱལ་རབས་》སུ། “བོད་བཙན་པོའི་གཅེན་པོ་དེ་དག་ཐང་མཚམས་ཕབ་ཅེས་པ། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཕྱི་རོལ་རི་མ་ཐང་མཚམས་སུ་རྒྱང་ཕུད་གཏོང་བའམ། ཡང་ན་ཉེ་འཁོར་ཆབ་སྲིད་ལ་ཇུས་གཏོགས་བྱེད་རིགས་བྱུང་ཚེ་རྩ་མེད་གཏོང་བ་”⒇ཞེས་པ་ལྟ་བུས་ཐང་མཚམས་ནི། བཙན་པོའི་གདུང་རྒྱུད་ཁྲོད་རྒྱལ་སྲས་གཅིག་རྒྱལ་པོར་བསྐོས་ནས་གཞན་དག་རི་ཐང་གི་མཚམས་སུ་གཏོང་ཞིང་། དེ་ལ་དམིགས་བསལ་གྱི་དབང་ཆ་ཅི་ཡང་མེད་པར་འབངས་ཕལ་བའི་གྲས་སུ་ཕབ་ཚུལ་བསྟན་ཡོད་ཀྱང་། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》རུ། “རྒྱལ་པོ་བས་ཀྱང་ཞན། འབངས་ལས་ཀྱང་དྲག་པའི་ཐང་མཚམས་ཟེར་རོ།།” (21)ཞེས་བྱུང་བ་དང་།《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བར་》“ཐང་མཚམས་ཞེས་པ་ནི་བཙན་པོ་ལས་ཞན་ཙམ་དང་། བློན་འབངས་ལས་དྲག་ཙམ་གྱི་དོན་ཡིན།” (22)ཞེས་བཀོད་པ་སོགས་གུང་བསྒྲིགས་ཏེ་བརྟག་ན། ཐང་མཚངས་སུ་ཕབ་པའི་རྒྱལ་སྲས་དེ་དག་ལ། བཙན་པོའི་སྲིད་གཞུང་གི་བྱ་བར་ཐེ་གཏོགས་ཀྱི་དབང་ཆ་མེད་པ་མ་གཏོགས། ཁོལ་ཡུལ་དང་།བྲན་ཁྱིམ། ས་ཞིང་། སྒོ་ཕྱུགས་སོགས་གང་འཚམ་ཞིག་གནང་ཡོད་པར་འདོད་ཅིང་། སྐབས་འདིའི་ཐང་ཞེས་པ་རི་མ་ཐང་གི་དོན་འབའ་ཞིག་མ་ཡིན་པར། དེ་ནི་བཀའ་དང་དབང་ཤེད་ཀྱི་ཚད་ལྟ་བུ་ཞིག་ལ་གོ་བར་མཐོང་སྟེ། 《བཀའ་ཆེམས་ཀ་ཁོལ་མ་》ལས། “དེ་ལྟར་ངོ་མཚར་ཆེ་བའི་འཕྲུལ་ཆས་སྣ་ཚོགས་དང་།། གཙུག་ལག་ཐང་ཁྲིམས་བཅུ་བཞི་སྤྱད་པའི་ཐབས།།” (23)ཞེས་པའི་ནང་གི་ཐང་ཁྲིམས་དང་། 《ལྡེའུ་ཆོས་འབྱུང་》དུ། “གཉའ་ཁྲི་བཙན་པོ་དེ་ནས་ཡུམ་བུ་བླ་སྒང་དུ་གཤེགས་ཏེ། བླའི་སྐུ་ཡ་རབས་རྣམས་ཀྱིས་བསྐོར་ནས་གཙུག་ལག་གི་ཐང་ཁྲིམས་ནི་ལྷའི་ལུགས་སྒྲུང་དང་ལྡེའུ་ཙམ་ནི་བྱུང་” (24)ཞེས་པའི་ཐང་ཁྲིམས། 《སྦ་བཞེད་》དུ། “ཆོས་གྲྭའི་སློབ་དཔོན་ལ་སུམ་བཅུ་རྩ་ལྔ་། ཆོས་སློབ་པ་ལ་བཅུ་གཉིས་ཐང་དུ་བཅད།” (25)ཅེས་པའི་ནང་གི་ཐང་དང་། བོད་ཀྱི་གནའ་བོའི་ཤིང་ཁྲམ་ཡི་གེར། བོན་པོ་བདུན་དང་། བོན་རྗེ་གཉིས་དང་དགུ་ཐང་མཉམ་སྟེ་ཞེས་པའི་ཐང་དང་། པདྨ་བཀའ་ཐང་། བཀའ་ཐང་སྡེ་ལྔ་། ཐང་ཡིག ཐང་ཤ་དོད་པོ། མངན་གྱི་ཐང་། སྟོང་ཐང་། མངའ་ཐང་། དབང་ཐང་ལ་སོགས་པའི་ཐང་ནི་བཙན་པོའི་བཀའ་འམ་སྟོབས་དང་། གཟི་བརྗིད། ཁ་ཆེམས་སམ་ཚད་གཞི་ལྟ་བུའི་དོན་ལ་གོ་དགོས་པར་མཐོང་བས། འདིར་ཐང་མཚམས་ཞེས་པ་ནི་རི་དང་ཐང་གི་མཚམས་ལྟ་བུའི་དཔེ་ལ་སྦྱར་ནས་ཐང་མཚམས་སུ་ཕབ་པའི་རྒྱས་སྲས་དེར། བཙན་པོ་ལས་ཞན་ཙམ་དང་བློན་འབངས་ལས་དྲག་ཙམ་གྱི་ཐོབ་ཐང་ངམ་དབང་ཆའི་མཚམས་ཏེ། རྒྱལ་སྲིད་འཛིན་པའི་གོ་སྐབས་དང་དམག་དོན་ལ་ཐེ་གཏོགས་བྱེད་པའི་དབང་ཆ་སོགས་མེད་པས་འབངས་ཕལ་བ་འདྲ་ཞིང་། བཙན་པོའི་གཉེན་དུ་གྱུར་པས་ན། འཚོ་རྟེན་གང་འོས་ཤིག་བསྩལ་ཏེ་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ནས་བས་མཐར་འགྲོ་དགོས་པར་བཙན་པོའི་བཀའ་ཡིས་ཐག་བཅད་པའི་དོན་དུ་འདོད་དོ།། དེ་ལས་གཞན། གཉུག་མར་གནས་པའི་རང་རེའི་ཡུལ་གྱི་ས་མིང་སྟེ།གཉན་ཆེན་ཐང་ལྷ་དང་། དབུས་ཀྱི་ཐང་ཕུ། གཙང་གི་སོལ་ནག་ཐང་པོ་ཆེ། ལྷོ་ཁའི་འཕང་ཐང་། ཁམས་ཀྱི་ཐང་སྟེང་གྲུ་ཁ་སོགས་ཡུལ་ལུང་གི་མིང་དང་། ཐང་ག ཐང་ཞུ། ཐང་ཞྭ་ལ་སོགས་པའི་ཐང་དང་། རྒྱ་ནག་ཐང་གུར་གྱི་ཐང་གི་གོ་དོན་མི་འདྲ་བ་ངེས་དགོས་ཤིང་ཡོད་ཚད་གཞན་ལ་ཁུངས་གཏུགས་པའི་ངལ་བའང་སྤངས་དགོས་སོ།།
གཉིས་པ། ཐང་མཚམས་སུ་ཕབ་པའི་རྒྱལ་སྲས་རྣམས་དང་དེ་འབྲེལ་གྱི་གནད་དོན་སྐོར།
            བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཡིག་ཚང་སྔ་ཤོས་ཏེ།《ཏུན་ཧོང་ཡིག་རྙིང་》དང་། 《བཀའ་ཆེམས་ཀ་ཁོལ་མ》《བཀའ་ཐང་སྡེ་ལྔ》 《ཐང་ཡིག་གསར་རྙིང་》སོགས་སུ་བཙན་པོའི་གདུང་སྲས་ཐང་མཚམས་སུ་ཕབ་ཚུལ་སྐོར་བརྗོད་པ་ཤིན་ཏུ་ཉུང་ཡང་། བོད་སིལ་བུའི་དུས་ཀྱི་ལོ་རྒྱུས་ཡིག་ཚང་ 《ལྡེའུ་ཆོས་འབྱུང་》དུ། ཐང་མཚམས་སུ་ཕབ་པའི་རྒྱལ་སྲས་བཅུ་དགུ་ཡི་གནས་ཚུལ་རགས་ཙམ་བཀོད་པ་དང་། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པར་》ཐང་མཚམས་སུ་ཕབ་པའི་རྒྱལ་སྲས་བརྒྱད་ཙམ་གྱི་མཚན་གླེང་ཡོད་པ། ཕྱིས་ཀྱི་《དུང་དཀར་ཚིག་མཛོད་》དུ། ཐང་མཚམས་སུ་ཕབ་པའི་རྒྱལ་སྲས་བཅོ་བརྒྱད་ཀྱི་མིང་དྲངས་ཡོད་པ་སོགས་རྨང་དུ་བཟུང་ཞིང་། ཡིག་ཚང་གཞན་དུ་བཀོད་པས་ཟུར་བརྒྱན་ཏེ་རྒྱལ་སྲས་རེ་རེ་བཞིན་རེའུ་མིག་ཏུ་བཀོད་ཅིང་། དེ་དག་དང་ཉེ་བར་འབྲེལ་བའི་གནས་ཚུལ་སྐོར་ཀློག་འགྲེལ་ཙམ་བགྱིས་ན།
            དེ་ལྟར་གོང་གསལ་རེའུ་མིག་ལས། ང་ཚོས་བཙན་པོ་ན་རིམ་གྱི་སྐབས་སུ། བཙན་པོའི་རྒྱལ་སྲིད་གདུང་རྒྱུད་གཅིག་གིས་མི་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་ལ་བསྐྱངས་ཡོད་པ་རྟོགས་ཐུབ་པ་དང་། སྐབས་དེའི་བོད་པའི་འདབས་འབྲེལ་གྱི་རྒྱལ་ཁབ་དང་ཉེ་མཚེས་ཀྱི་མི་རིགས་གཞན་དག་དང་བསྡུར་ན། བོད་ཀྱི་བཙན་པོའི་ཕོ་བྲང་ནང་རྒྱལ་སྲིད་རྩོད་པའི་རྙོག་དྲ་བྱུང་ཚད་ལྟོས་བཅས་ཀྱི་ཉུང་ཞིང་རྒྱལ་གཞིས་ཞི་འཇམ་དུ་གནས་པ་གོ་ནུས། དེར་མ་ཟད། ང་ཚོས་ཐང་མཚམས་དང་འབྲེལ་བའི་གནད་དོན་སྐོར་ལ་ཞིབ་མོ་རྣམ་འཐག་གིས་བརྟག་ཅིང་དཔྱད་ཚེ། ཐང་མཚམས་ནི་སྤྱིར་བཏང་གི་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ཙམ་མ་ཡིན་པར། དེ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་སྲིད་དབང་དང་ཀུན་ནས་འབྲེལ་ལ་ཆབ་སྲིད་ཀྱི་སྲོག་ཤིང་ལྟ་བུའི་རྒྱལ་སྐྱོང་རྒྱུད་འཛིན་གྱི་སྲིད་བྱུས་གལ་ཆེན་ཞིག་ཡིན་པས། ལམ་ལུགས་འདི་ལ་ཡང་དག་པའི་སྒོ་ནས་ཞིབ་འཇུག་དང་ངེས་ཤེས་བསྐྱེད་ན། བཙན་པོའི་དུས་ཀྱི་སྤྱི་ཚོགས་གནས་བབ་དང་། སྲིད་ཀྱི་སྒྲིག་གཞི། རྒྱལ་སྐྱོང་གཞིས་འཛིན། བཙན་པོར་བསྐོ་ལུགས། ཕོ་བྲང་གི་འཚོ་བ་སོགས་སྐབས་དེའི་གནས་ཚུལ་མང་པོ་ཟུར་བལྟས་ལེབ་མཐོང་གིས་རྟོགས་ཐུབ་པར་འདོད་དེ།
1.ཐང་མཚམས་སུ་འབེབས་པའི་རྒྱུ་རྐྱེན། 
            འཇིག་རྟེན་ཐོག་གི་བྱ་དངོས་ཐམས་ཅད་ནི་སྟེས་དབང་ཙམ་དང་གློ་བུར་དུ་བྱུང་བ་ཞིག་མིན་པར་རྒྱུ་རྐྱེན་སྣ་མང་འཛོམས་དགོས་པ་ཇི་ལྟར། བཙན་པོའི་དུས་སུ་དར་བའི་ཐང་མཚམས་ལམ་ལུགས་ཀྱང་ལོ་རྒྱུས་ཀྱི་བསླབ་བྱ་མང་དུ་བསགས་ནས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་སུ་བྱུང་བར་ངེས་ཏེ། སྲིད་སྐྱོང་ལམ་ལུགས་འདི་བྱུང་བར་དངོས་བརྒྱུད་ཅི་རིགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཤིག་མཆིས་ཀྱང་འདིར་ཕྱོགས་བསྡུས་ཚུལ་དུ་མདོ་ཙམ་བརྗོད་ན། གྲི་གུམ་བཙན་པོའི་སྐབས་སུ། སྐུ་གཤེན་གྱི་གོ་གནས་དང་དབང་ཆ་རིམ་གྱིས་ཇེ་ཆེར་གྱུར་ནས། བཙན་པོའི་སྲིད་གཞུང་གི་ལས་རིགས་ལ་ཐེ་གཏོགས་བྱེད་ཚད་ཆེ་དྲགས་པ་དང་། གྲི་གུམ་བཙན་པོའི་སྲས་གསུམ་སྲིད་ལ་རྩོད་པ་བྱུང་བས་ཡབ་ཀྱིས་ཡུལ་གསུམ་དུ་སྤྱུགས་པའི་ཉམས་མྱོང་གི་བསླབ་བྱ་དང་། འབྲོང་ཞི་ལེགས་ཀྱི་བཙུན་མོ་ཆུན་མའི་སྲས་ཏེ་གཅེན་པོ་ཞང་ལྔར་འབོད་པ་དང་ཆེན་མའི་སྲས་ཨི་ཤོ་ལེགས་གཉིས་སྲིད་ལ་མ་འཆམས་པར་འགལ་ཟླ་བྱུང་བ་སོགས་རྒྱུ་མཚན་དུ་བྱས་ནས།བཙན་པོས་བློན་པོ་རིག་པ་ཅན་གྱི་ངག་བཞིན། རང་གི་གདུང་སྲས་མང་པོ་ནར་སོན་རྗེས་སྲིད་ལ་རྩོད་པ་ཤོར་ནས་ཕན་ཚུན་འགྲན་ཟླར་འགྱུར་ཞིང་། རྒྱལ་ཁབ་ཀྱི་གཅིག་གྱུར་དང་། ཆབ་སྲིད་ཀྱི་སྒྲིག་གཞི་ལ་གནོད་སྐྱོན་ཐེབས་ངེས་སྙམ་སྟེ། ཉེས་པ་སྔོན་འགོག་གི་ཆེད་དུ། ཨི་ཤོ་ལེགས་ཀྱི་གཅེན་པོ་ཐང་མཚམས་སུ་ཕབ་ནས་སྲིད་སྐྱོང་ལམ་ལུགས་འདི་ཐོག་མར་ལག་བསྟར་མཛད། ལམ་ལུགས་དེས་བཙན་པོའི་ཁེ་དབང་དང་། ཁབ་ཀྱི་ཆིག་སྒྲིལ། སྲིད་ཀྱི་བརྟན་བརླིང་། ཁམས་ཀྱི་བདེ་འཇགས་སོགས་ལ་སྐུད་འདེད་ཀྱི་ནུས་པ་སྔ་ན་མེད་པ་ཐོན་པས། རྒྱལ་རབས་ཞེ་གཉིས་པ་འུ་དུམ་བཙན་པོ་བར་གྱི་རྒྱལ་རབས་ཉེར་བརྒྱད་རིང་ལ། ཐང་མཚམས་སུ་འབེབས་པའི་ལམ་ལུགས་འདི་ཆད་མཐུད་ཀྱི་རྣམ་པར་ལག་བསྟར་དང་རྒྱུན་འཁྱོངས་བྱས་ཡོད། དེའང་བཙན་པོའི་གདུང་སྲས་ཐང་མཚམས་སུ་འབེབས་པའི་རྒྱུ་རྐྱེན་སྐོར་ཡིག་ཚང་དུ་བཀོད་པ་གུང་བསྒྲིགས་ཏེ་མདོར་དྲིལ་ན་གཉིས་ཏེ། གཅིག་ན་བཙན་པོའི་བཙུན་མོ་ཆེན་ཆུན་གཉིས་ཁབ་ཏུ་བསུས་ཤིང་བཙུན་མོ་དེ་དག་ལ་རྒྱས་སྲས་མང་དུ་འཁྲུངས་ཚེ། ཆེན་མའི་གདུང་སྲས་སྲིད་ལ་བསྐོ་ཞིང་ཆུན་མའི་སྲས་རྣམས་ཐང་མཚམས་སུ་ཕབ་སྟེ། མང་སྲོང་མང་བཙན་དང་བཙུན་མོ་ཆེན་མ་འབྲོ་བཟའ་ཁྲི་མ་ལོད་གཉིས་ཀྱི་སྲས་སུ། སྤྱི་ལོ་676ལོར་འདུས་སྲོང་མང་པོ་རྗེ་སྒྲགས་ཀྱི་ལྷ་ལུང་དུ་སྐུ་འཁྲུངས་རྗེས། ཆུན་མའི་རྒྱུད་ལ་རུ་སྤོང་ཚ་དང་། དུར་བའི་བདག ཕུ་ཆུའི་བདག་སོགས་སྐུ་འཁྲུངས་ཡོད་ཀྱང་། སྐུ་ནར་སོན་རྗེས་ཆུན་མའི་སྲས་རྣམས་ཐང་མཚམས་སུ་ཕབ་ཡོད་པ་ལྟ་བུ་དང་། གཉིས་ནས་བཙན་པོའི་བཙུན་མོ་གཅིག་ཁོ་ན་ཁབ་ཏུ་བཞེས་ཤིང་གདུང་རྒྱུད་ལ་རྒྱས་སྲས་གཉིས་སམ་གཉིས་ཡན་བྱུང་བ་དང་། དེ་རྣམས་སྐུ་ནར་སོན་རྗེས་ཆབ་སྲིད་ལ་རྩོད་པ་བྱུང་ཚེ། སྤྱིར་བཏང་དུ་གཅེན་པོ་སྲིད་ཀྱི་ལས་ལ་གཏོད་ཅིང་གཅུང་རྣམས་ཐང་མཚམས་སུ་འབེབས་པའི་ལུགས་སྲོལ་ཡོད་པ། སྔོན་གྱི་ཡིག་ཚང་དུ། སྲོང་བཙན་སྒམ་པོར་གཅུང་བཙན་སྲོང་བྱ་བ་ཞིག་ཡོད་པ་དེས་སྲིད་ལ་རྩོད་པ་བྱས་མཐར་ལྷོ་ཁར་ཐང་མཚམས་སུ་ཕབ་ཡོད་པ་ལྟ་བུའོ།། དེ་ལས་གཞན་ཡབ་ཡུམ་གཅིག་པའི་གདུང་སྲས་བར་དུ་སྲིད་ཀྱི་རྩོད་པ་མ་བྱུང་ན། གཅུང་པོ་ཡིན་ཚད་ཐང་མཚམས་སུ་འབེབས་དགོས་པའི་ངེས་པའང་མེད། གནམ་རི་སྲོང་བཙན་གྱིས་དམག་མི་ཁྲི་ཕྲག་གི་སྣ་དྲངས་ནས་ཟིང་པོ་རྗེའི་མངའ་རིས་ཆབ་འོག་ཏུ་བསྡུ་པར་བསྐྱོད་དུས། ཁོང་དང་ཡབ་ཡུམ་གཅིག་པའི་གཅུང་པོ་སློན་ཀོལ་ཐང་མཚམས་སུ་ཕབ་མེད་པར། བཙན་པོའི་སྲིད་ཀྱི་ལྟེ་བར་བཞུགས་ནས་སྲིད་སྐྱོང་རོགས་རམ་མཛད་པ། ཏུན་ཧོང་ཡིག་རྙིང་དུ། “གཅུང་སློན་ཀོལ་དང་།ཡུམ་སྟོང་ཙུན་གཉྀས་ནི། སླད་ན་ཡུལ་འཚོའ།། ཞྀང་བཞུགས་སོ།།” (32)  ཞེས་པ་ལྟ་བུས་གོ་བ་རྙེད་སླ་བས་སྐབས་དོན་འཐུས་པར་བྱས་སོ།།
2.ཐང་མཚམས་སུ་དབབ་བྱའི་རྒྱལ་སྲས།
            (1)བཙན་པོའི་གདུང་རྒྱུད་ལས་སྲས་པོ་འབའ་ཞིག་ཡིན་པ།
            གདུང་རྒྱུད་གཅིག་གིས་མི་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་ལ་དབང་བསྒྱུར་བའི་བཙན་པོའི་རྒྱལ་རབས་རིམ་བྱུང་གི་སྐབས་སུ། ཐང་མཚམས་སུ་འབེབས་པའི་སྲིད་སྐྱོང་ལམ་ལུགས་འདི་ཆད་མཐུད་ཀྱི་རྣམ་པར་རྒྱུན་བསྐྱངས་ཏེ་སྔ་ཕྱིར་བཙན་པོའི་གདུང་སྲས་ཉེར་གསུམ་ཙམ་ཐང་མཚམས་སུ་ཕབ་ཡོད་པ་རེད། མིག་སྔར་ལག་སོན་བྱུང་བའི་རྒྱུ་ཆ་གཞིར་བཟུང་ནས་བལྟས་ན། ཐང་མཚམས་སུ་ཕབ་པའི་གང་ཟག་ཚང་མ་བཙན་པོའི་གདུང་རྒྱུད་ལས་སྲས་པོ་འབའ་ཞིག་ཏུ་མཐོང་སྟེ།སྲོང་བཙན་སྒམ་པོར་སྐུ་སྲིང་སད་མ་ཀར་དང་། གཅུང་པོ་བཙན་སྲོང་། གཅུང་པོ་ཚེས་སྤོང་ཚ་ཞུགས་ (33) སོགས་སྐུ་མཆེད་འགའ་ཡོད་ཀྱང་། གཅུང་པོ་གཉིས་ལས་སྐུ་སྲིང་སད་མ་ཀར་ཐང་མཚམས་སུ་ཕབ་མེད་པ་དང་། མང་སྲོང་མང་བཙན་དང་ཡབ་ཡུམ་གཅིག་པའི་གཅུང་པོ་འ་ཞ་ཚ་མེར་སྟེ་ཐང་མཚམས་སུ་ཕབ་པ་ལས། སྐུ་མཆེད་བཙན་མོ་སྙ་མོ་སྟེང་ཞུ་བ་ཕབ་མེད་པ་སོགས་ཀྱིས་ཐང་མཚམས་སུ་ཕབ་བྱའི་གང་ཟག་ཀུན་པོ་བཙན་པོའི་གདུང་རྒྱུད་ལས་སྲས་པོ་འབའ་ཞིག་ཡིན་པ་གོང་གི་རེའུ་མིག་སྟེང་གསལ་བ་བཞིན་ནོ།། ལ་ལས་གོང་གི་གནས་ཚུལ་འདིས་བཙན་པོའི་རྒྱལ་རབས་སྐབས་སུ། བོད་རིགས་བུད་མེད་རྣམས་ཉམ་ཆུང་ནུས་མེད་དང་སྲིད་སྐྱོང་གི་འདུ་ཤེས་ཡེ་ནས་བྲལ་བར་བརྗོད་མོད། ཏུན་ཧོང་ཡིག་རྙིང་ལ་ཞིབ་ཏུ་བལྟས་ན་བདེན་པར་མ་མཐོང་སྟེ། སྲོང་བཙན་སྒམ་པོའི་སྐབས་སུ། “ཞང་ཞུང་བདག་དུའ།། བཙན་མོ་སད་མར་ཀར།། ལྀག་མྱི་རྷ་ལ་ཆབ་སྲིད་ལ་གཤེགས་སོ།།” (34)ཞེས་བཙན་པོའི་སྐུ་སྲིང་སད་མ་ཀར་ཆབ་སྲིད་ཀྱི་དོན་དུ་ལིག་མི་རྒྱ་ལ་གཉེན་དུ་གཤེགས་ཤིང་། ཞང་ཞུང་གི་ནང་སྲིད་དྲལ་གྱི་སྙན་ལ་བསྒྲོན་པས་ལིག་མྱི་རྒྱའི་སྲིད་བརླགས་ཏེ་བཙན་པོའི་མངའ་ཁོངས་རྒྱ་བསྐྱེད་པར་མཛད་རྗེས་ཆེན་པོ་བཞག་ཡོད་པ་ལྟ་བུ་དང་། ཡང་དེར་ལུག་གི་ལོ་སྟེ། སྤྱི་ལོ་671ལོར་མང་སྲོང་མང་བཙན་གྱི་སྲིད་སྐྱོང་དུས། སྐུ་སྲིང་“བཙན་མོ་སྙ་མོ་སྟེངས་སྙ་ཤུར་སྤུངས་རྱེ་རྒྱུག་ལ་བག་མར་གཤེགས་པར་ལོ་གཆིག” (35) ཅེས་ར་སང་རྗེ་ཟེར་བའི་རྒྱལ་ཕྲན་རྒྱལ་པོའི་བག་མར་གཤེགས་ཏེ། ཞང་བོད་བར་གྱི་ཚོང་ལས་དང་རིག་གནས་བརྗེ་རེས་ལ་ཕྱག་རྗེས་ཆེ་བ་དང་། ཁྲི་རལ་བ་ཅན་གྱི་དུས་སུ། སྤྱི་ལོ་740ལོར་“ཇེ་བ་ཁྲི་མ་ལོད་བྲུ་ཞ་རྗེ་ལ་བག་མར་བཏང་” (36) ནས། བོད་དང་བྲུ་ཞ་གཉེན་གྱིས་སྦྲེལ་ཞིང་མཛའ་མཐུན་མཉམ་གནས་ཀྱི་འབྲེལ་ལམ་བཙུགས་པ་ལྟ་བུ་སོགས་ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་ཁོ་ནར། བཙན་པོའི་སྲས་མོ་བདུན་ཙམ་སྲིད་འབྱོར་རིག་གསུམ་གྱི་ཆེད་དུ་འདབས་འབྲེལ་གྱི་རྒྱལ་པོར་གཉེན་ལ་གཤེགས་ཚུལ་བརྗོད་ཡོད་པ་ལྟ་བུས་མཚོན། སྲས་མོ་རྣམས་ཀྱིས་ཀྱང་བཙན་པོའི་དུས་རབས་སུ། ཕྱི་འབྲེལ་མཛའ་མཐུན་དང་། རྒྱལ་ཁབ་གཅིག་གྱུར། མངའ་ཁོངས་རྒྱ་བསྐྱེད། རིག་གནས་བརྗེ་རེས་སོགས་ལ་རང་གི་ནུས་པས་ཕྱག་རྗེས་ཆེན་པོ་བཞག་ཡོད་པ་མཐོང་ཐུབ། འོ་ན་བཙན་པོའི་རྒྱལ་རབས་སུ་སྲས་པོ་ལས་སྲས་མོ་ཐང་མཚམས་སུ་མི་འབེབ་པའི་རྒྱུ་མཚན་གང་ཡིན་ཞེ་ན། བོད་ཀྱི་སྔར་སྲོལ་དུ་ཕོ་རིགས་སྲིད་ཀྱི་གཉེར་ཁ་མཛད་ཅིང་མོ་རིགས་གཞིས་ཀྱི་ལས་ཀར་བརྩོན་པའི་གོམས་སྲོལ་ཡོད་པ་དང་། སྲས་མོ་རྒྱལ་སྲིད་ལ་དབང་བསྐུར་བའི་ལུགས་སྲོལ་མེད་པ། ཆབ་སྲིད་རྩོད་པའི་ལས་སུ་ཞུགས་ཚད་ཉུང་པའམ་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་ཆུང་བ་སོགས་ཡིན་པར་འདོད་ཅིང་ཡིན་མིན་བརྟག་པར་འཚལ། སྤྱིར་བཏང་དུ་བཙན་པོའི་གདུང་རྒྱུད་ཀྱི་སྲས་པོ་ལས་སྲིད་ལ་རྩོད་ཅིང་བཀའ་ལ་མི་བརྩི་མཁན། བུ་སྤུན་ལས་ལོ་ན་གཞོན་པ། བཙུན་མོ་ཆུན་མའི་གདུང་སྲས་རྣམས་ཐང་མཚམས་སུ་འབེབས་པའི་ལུགས་སྲོལ་དར་ཞིང་བཙན་པོ་ན་རིམ་གྱིས་ལག་བསྟར་མཛད་པ་ལགས་སོ།།
            (2)གཅེན་གཅུང་གཉིས་ལས་གཅུང་པོ་མང་བ། གོང་དུ་བརྗོད་པ་ལྟར་བཙན་པོའི་རྒྱལ་རྒྱུད་ལས་ཐང་མཚམས་སུ་ཕབ་པ་རྒྱལ་པོའི་སྲས་པོ་འབའ་ཞིག་ཡིན་པ་གཞིར་བཞག་ཐོག ཐང་མཚམས་སུ་ཕབ་པའི་རྒྱལ་སྲས་ལ་གཅེན་པོ་ལྔ་དང་། གཅུང་པོ་བཅོ་བརྒྱད་བཅས་བསྡོམས་ན་ཉེར་གསུམ་ཡོད་པའི་སྣང་ཚུལ་འདིས། བཙན་པོའི་རྒྱལ་རབས་སུ་རྒྱལ་སྲས་ཐང་མཚམས་སུ་འབེབས་པའི་ལུགས་སྲོལ་དར་སོ་ཆེ་བ་དང་། གཅེན་གཅུང་གཉིས་ལས་ཀྱང་གཅུང་པོ་ཐང་མཚམས་སུ་ཕབ་ཚད་མང་བ་ཧ་ཅང་མངོན་གསལ་རེད། སྤྱིར་གཅེན་གཅུང་གི་དབྱེ་བ་ནི་སྐྱེད་མར་ཕྲུག་གུ་སྐྱེས་པའི་སྔ་ཕྱིའི་གོ་རིམ་བཞིན་སྔོན་མ་གཅེན་པོ་དང་ཕྱི་མ་གཅུང་པོར་འབོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ཀྱང་། བཙན་པོས་བཙུན་མོ་གཉིས་དང་གཉིས་ཡན་ཁབ་ཏུ་བསུས་ན། ཕོ་བྲང་དུ་བག་མར་བསུས་པའི་སྔ་ཕྱིའི་གོ་རིམ་ལྟར་སྔོན་ལ་བསུས་པ་ཆེན་མ་དང་ཕྱིས་སུ་བཞེས་པ་ཆུན་མ་ཡིན་ཞིང་། ཆེན་མ་དེ་ཆུན་མ་ལས་གོ་གནས་དང་། དབང་ཆ། ཐོབ་ཐང་སོགས་ཕྱོགས་གང་ཐད་ནས་ཆེན་པོ་ཡིན་པ། སྲོང་བཙན་སྐབས་སུ། རྒྱ་བཟའ་ཀོང་ཇོས་རང་ཉིད་ཀྱི་རྟེན་སྐལ་ཇོ་བོ་ཤྰཀྱ་མུ་ནེ་བོད་དུ་གདན་དྲངས་དུས། བལ་བཟའ་ཁྲི་བཙུན་གྱིས་རྒྱ་བཟར། ལྷ་ཁྱོད་ལ་ཡོད་པ་ང་ལའང་ཡོད་པས། ངས་ལྷ་ཁང་མ་བརྩིག་པར་ཁྱོད་ཀྱི་བརྩིག་མི་རུང་པར་བརྗོད་པ། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དུ།“ང་ནི་ཐེམ་པ་སྔ་བརྒལ་ཡིན།། ཆེན་མ་ཆེ་ན་ཆེ་རྒྱུ་ཡིན།།” (37)ཞེས་དང་། ཡང་དེར་“དེ་ལས་ཐབ་ཀ་ང་སྔ་ཞིང་།། རྗེའི་སྐུ་མཐོང་ང་སྔ་བས།། ང་ལ་སྔོན་དུ་གུས་པར་གྱིས།།” (38) ཞེས་གསུངས་པ་དང་། 《བཀའ་ཆེམས་ཀ་ཁོལ་མ་》ལས་ཀྱང་། བལ་བཟའ་ཁྲི་བཙུན་གྱིས་རྒྱ་བཟའ་ཀོང་ཇོ་ལ།“ང་ནི་ཐེམ་པ་སྔ་རྒལ་ཡིན།། ཆེན་མ་གཉན་ཏེ་གཉན་རྒྱུ་ཡིན།། ཆེན་མ་བཙུན་ཏེ་བཙུན་རྒྱུ་ཡིན།། སྔ་མ་མི་ཆེ་མི་བཙུན་ཞིང་།། སྔ་མ་མི་གཉན་མི་དགེ་ན།། འཇིག་རྟེན་ཆོས་ལུགས་དམན་པར་འགྱུར།།” (39)ཞེས་གསུངས་པ་སོགས་ཀྱིས་བལ་བཟའ་ནི་རྒྱ་བཟའ་ལས་ཕོ་བྲང་དུ་བསུས་པ་སྔ་ཞིང་། ལག་རིས་ཆེ་བ་དང་། དབང་ཤུགས་ཡོད་པ། གོ་གནས་མཐོ་བ། ཐོབ་ཐང་ལྡན་པ་རྟོགས་ཐུབ་པ་དང་། སྐབས་དེར་བཙན་པོའི་ཕོ་བྲང་དུ་ཆེན་ཆུན་གྱི་དབྱེ་བ་གསལ་ཞིང་བཙུན་མོ་བར་ལ་འགྲན་རྩོད་ཆེ་བའང་ངང་ངམ་ཤུགས་ཀྱིས་གོ་ཐུབ། དེང་གི་ཞིབ་འཇུག་པ་ལ་ལས། བཙན་པོའི་གདུང་རྒྱུད་ལས་ཆེན་མའི་རྒྱལ་སྲས་ཡོད་ཚད་རྒྱལ་སྲིད་ལ་བསྐོ་ངེས་པ་དང་། ཆུན་མའི་རྒྱལ་སྲས་ཡིན་ཚད་ཐང་མཚམས་སུ་ཕབ་དགོས་པར་བརྗོད་པ་བདེན་པར་མ་འཁུམས་ཏེ། ཆེན་མའི་སྲས་སུ་གྱུར་ཡང་ཐང་མཚམས་སུ་ཕབ་པ་སྲོང་བཙན་སྒམ་པོའི་གཅུང་པོ་བཙན་སྲོང་ལྟ་བུ་དང་། ཆུན་མའི་སྲས་སུ་འདུག་ཚད་ཐང་མཚམས་སུ་ཕབ་ཡོད་པ་ལྟ་བུར་སྣང་མོད། སྲོང་བཙན་སྒམ་པོའི་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་དང་། ཁྲི་སྲོང་ལྡེ་བཙན་གྱིས་བཙུན་མོ་ལྔ་ཕོ་བྲང་དུ་བསུས་པ། རལ་པ་ཅན་གྱིས་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་སོགས་ལ་རིགས་པས་དཔྱད་ན། ཆུན་མའི་སྲས་སུ་གྱུར་བ་ཐམས་ཅད་ཐང་མཚམས་སུ་འབེབས་པར་བརྗོད་པ་ཅུང་ཐལ་ཆེ་བར་འདོད། ཡིན་ཡང་ཏུན་ཧོང་ནས་ཐོན་པའི་འོ་ལྡེ་སྤུ་རྒྱལ་གྱི་གདུང་རབས་རིམ་བྱོན་དང་། 《ཡར་ལུང་ཇོ་བོའི་ཆོས་འབྱུང》 《མཁས་པའི་དགའ་སྟོན》 《ལྔ་པའི་དེབ་ཐེར》 《རྒྱལ་རབས་གསལ་མེ་》སོགས་སུ་བཙུན་མོ་ཆེན་མོའི་སྐོར་བྲིས་པ་ཅུང་མང་ཞིང་ཆུན་མའི་སྐོར་བརྗོད་པ་ཉུང་བར་བསམ་ཚེ། སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་བཙན་པོའི་ཕོ་བྲང་དུ། བཙུན་མོ་ཆེན་མའི་དབང་ཤུགས་ཆེ་ཞིང་གོ་གནས་མཐོ་བ། དེའི་བུ་རྒྱུད་ལ་རྒྱལ་གཞིས་འཛིན་སྐྱོང་གི་གོ་སྐབས་ཡོད་པ་དང་། ཆེན་མའི་གདུང་སྲས་སྲིད་ལ་བསྐོ་བའི་སྲོལ་ལུགས་དར་སོ་ཆེ་བའང་རིགས་འདེད་བྱེད་ཐུབ། གལ་ཏེ་བུ་སྲིད་འཛིན་པའི་བཙུན་མོ་ཆེན་མར་རྒྱལ་སྲས་མ་འཁྲུངས་ན། རྗེས་ནས་ཕོ་བྲང་དུ་བག་མར་བསུས་པའི་སྔ་ཕྱིའི་གོ་རིམ་བཞིན། ཐེམ་པ་སྔ་བརྒལ་གྱི་བཙུན་མོའི་སྲས་ལས་གཅེན་པོ་རྒྱལ་གཞིས་རྒྱུད་འཛིན་དང་རྒྱལ་སྲིད་སྐྱོང་པའི་ལས་ལ་གཏོད་དགོས་པ་རེད། རྒྱལ་སྐྱོང་རྒྱུད་འཛིན་གྱི་སྲིད་ཐག་གཅེན་པོར་སྤྲོད་པ་འདི་ནི་བཙན་པོའི་རྒྱལ་རྒྱུད་རྒྱུན་བསྲིངས་དང་། བཙན་པོའི་རྒྱལ་ཁམས་གཅིག་གྱུར། འཕེལ་རྒྱས། སྟོབས་ལྡན་དུ་འགྲོ་བར་མཐུན་རྐྱེན་དུ་སོང་བའི་སྲིད་སྐྱོང་གི་ལམ་ལུགས་འགངས་ཆེན་ཞིག་རེད།
            3.ཐང་མཚམས་སུ་ཕབ་སའི་ཡུལ་ལུང་། 
            ད་སྔ་མིག་མཐོང་ལག་ཟིན་ཏུ་གྱུར་པའི་བོད་ཀྱི་རྒྱལ་རབས་དང་འབྲེལ་ཡོད་ཡིག་ཚང་རྣམས་སུ། བཙན་པོའི་གདུང་སྲས་ཐང་མཚམས་སུ་ཕབ་སའི་ཡུལ་ལུང་སྐོར་བརྗོད་པ་ཤིན་ཏུ་ཉུང་ཡང་། གོང་གི་རེའུ་མིག་ལ་གསལ་བ་བཞིན། སྲོང་བཙན་གྱི་གཅུང་པོ་བཙན་སྲོང་ཞུ་བ་ཐང་མཚམས་སུ་ཕབ་ནས་ལྷོ་ཁར་བཞུགས་དུས། མཉན་གྱི་གཟེན་དུ་བློན་པོ་ཏ་མཁས་སྲེགས་ཀྱིས་རྟ་རྒོད་བཏུལ་བའི་སྐབས་དང་བསྟུན་ནས་སྐུ་བཀྲོངས་པ་དང་། ཡང་སྲོང་བཙན་གྱི་གཅུང་པོ་ཚེས་སྤོང་ཚ་ཞུགས་ཐང་མཚམས་སུ་ཕབ་སྟེ་གཉལ་དུ་བཞུགས་དུས་མེ་གྲིར་བཀྲོངས་པ། མེས་ཨག་ཚོམ་གྱི་གཅེན་པོ་པ་ཚབ་ཚ་ལྷ་བལ་པོ་ཐང་མཚམས་སུ་བལ་བོར་ཕབ་ཅིང་།ཕྱིར་ཕོ་བྲང་དུ་གདན་དྲངས་དུས་བོད་ཡུལ་པོ་ལག་ཏུ་ཁྲིད་མ་ལོད་ཀྱིས་སྐུ་བཀྲོངས་པ། མུ་ནེ་བཙན་པོའི་གཅུང་པོ་མུ་ཏིག་བཙན་པོ་ཐང་མཚམས་སུ་ཕབ་ཀྱང་སྣ་ནམ་བཟས་ཤངས་ཀྱི་སྐྱེད་ཚལ་དུ་བཀྲོངས་པ། འུ་དུམ་བཙན་གྱི་གཅེན་པོ་གཙང་མ་མོན་ཡུལ་དུ་ཐང་མཚམས་སུ་ཕབ་པ་སོགས་ལ་གཞིགས་ན། 《བོད་བཙན་པོའི་རྒྱལ་རབས་》སུ། “བོད་བཙན་པོའི་གཅེན་པོ་དེ་དག་ཐང་མཚམས་ཕབ་ཅེས་པ། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཕྱི་རོལ་རི་མ་ཐང་མཚམས་སུ་རྒྱང་ཕུད་གཏོང་བའམ། ཡང་ན་ཉེ་འཁོར་ཆབ་སྲིད་ལ་ཇུས་གཏོགས་བྱེད་རིགས་བྱུང་ཚེ་རྩ་མེད་གཏོང་བ།” (40) ཞེས་གསུངས་ན་ཡང་། ཐང་མཚམས་སུ་དབབ་བྱ་བཙན་པོའི་གཅེན་པོ་འབའ་ཞིག་མ་ཡིན་པར་གཅེན་གཅུང་གཉིས་ཀ་ཡོད་ཅིང་དེ་ལས་ཀྱང་གཅུང་པོ་མང་བ་དང་། ཐང་མཚམས་སུ་ཕབ་ཡུལ་ཧི་མཱ་ལ་ཡའི་རི་རྒྱུད་ཕྱི་རོལ་གྱི་རི་མ་ཐང་གི་ས་ཆ་ཁོ་ན་མ་ཡིན་པ་གོང་གི་རེའུ་མིག་ལ་གཟིགས་པས་རྟོགས་ཐུབ། སྲོང་བཙན་གྱི་གཅུང་པོ་བཙན་སྲོང་ལྷོ་ཁར་ཐང་མཚམས་སུ་ཕབ་ཅེས་པའི་ལྷོ་ཁ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་ན་ཡོད་པའི་ས་ཁུལ་གྱི་སྤྱི་མིང་ལྟ་བུ་ཡིན་ཞིང་། དེ་ནི་བོད་ཀྱི་རིགས་རྒྱུད་དང་ཤེས་རིག་འཕེལ་སའི་ཡུལ་གྲུ་གལ་ཆེན་ཞིག་ཡིན། བྱང་ཕྱོགས་སུ་ཡར་ཀླུངས་གཙང་པོ་འབབ་པ་དང་། ལྷོ་རྒྱུད་དུ་ཧི་མཱ་ལ་ཡའི་རི་རྒྱུད་མཆིས། དིང་སང་དེའི་ཁོངས་སུ་སྣེ་གདོང་དང་། འཕྱོངས་རྒྱས། ལྷོ་བྲག མཚོ་སྣ། ལྷུན་རྩེ་སོགས་རྫོང་ཁག་བཅུ་གསུམ་ཡོད་པ་རེད། བཙན་སྲོང་སྐུ་བཀྲོངས་སའི་མཉན་གྱི་གཟེན་ཞེས་པའི་མཉན་དང་། ཚེས་སྤོང་ཚ་ཞུགས་ཐང་མཚམས་སུ་ཕབ་སའི་ས་ཆ་གཉལ་གཉིས་ནི་ཡུལ་གཅིག་གི་མིང་ཡིན་པར་མཐོང་སྟེ། 《བོད་བཙན་པོའི་རྒྱལ་རབས་》སུ། “མཉལད་(གཉལ་)གྱི་གཟེན་དུ་” (41) ཞེས་བྱུང་བའི་གཉལ་ནི་ལྷོ་ཁ་ལྷུན་འགྲུབ་རྫོང་གི་གཉལ་གྱི་ཆུ་རྒྱུད་ལ་གོ་བ་《མཁྱེན་བརྩེ་དབང་པོའི་གནས་ཡིག་》ཏུ་གསལ་བས་ན། སྲོང་བཙན་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་སྤོས་རྗེས་ལྷོ་ཁ་ནི་རྒྱལ་སྲས་ཐང་མཚམས་སུ་ཕབ་སའི་ཡུལ་ལུང་ཞིག་ཏུ་གྱུར་ཡོད་པ་རྟོགས་འོང་། མེས་ཨག་ཚོམ་གྱི་གཅེན་པོ་པ་ཚབ་ཚ་ལྷ་བལ་པོ་བལ་ཡུལ་དུ་ཐང་མཚམས་ལ་ཕབ་ཅེས་པའི་བལ་ཡུལ་ནི། བོད་ལྗོངས་ཡར་འབྲོག་གཡུ་མཚོའི་ནུབ་རྒྱུད་ཀྱི་བལ་སྡེ་རུ་འབོད་པའི་ས་ཆ་དེ་མ་ཡིན་པར། བོད་ཀྱི་འདབས་འབྲེལ་དུ་ཆགས་པའི་བལ་པོའི་རྒྱལ་ཁབ་འདི་ཡིན་ངེས་ཏེ། མེས་ཨག་ཚོམ་གྱི་སྐུ་རིང་ལ་བལ་ཡུལ་བོད་ཀྱི་ཆབ་འོག་ཏུ་གནས་པ་《ཏུན་ཧོང་ཡིག་རྙིང་》དུ་བཀོད་ཡོད་པའི་ཕྱིར་དང་། མུ་ནེ་བཙན་པོའི་གཅུང་པོ་ཤངས་ཀྱི་སྐྱེད་ཚལ་དུ་ཕབ་ཅེས་པའི་ཤངས་ཀྱི་སྐྱེད་ཚལ་ས་ཆ་གང་ཡིན་གསལ་པོར་མི་ཤེས་ཀྱང་། ཡར་ཀླུངས་གཙང་པོའི་བྱང་ངོས་ཀྱི་རྣམ་གླིང་རྫོང་དུ་འབབ་པའི་ཆུ་བོ་ཞིག་གི་མིང་ལ་ཤངས་ཆུ་ཟེར་ཞིང་། ཆུ་བོ་དེའི་འགྲམ་རྒྱུད་ཀྱི་ཡུལ་མིང་ལ་“ཤངས་ཡུལ་” (42)དུ་འབོད་པ་དང་། ཡར་ཀླུངས་གཙང་པོའི་བྱང་རྒྱུད་ཀྱི་ཡུལ་གྲུ་སྤྱིའི་མིང་ལ་“ཤངས་ཡུལ་” (43) དུ་འབོད་པ་སོགས་ལ་སེམས་ན། ཤངས་ཀྱི་སྐྱེད་ཚལ་ཞེས་པའང་གཙང་གི་ཤངས་ཡུལ་གྱི་ས་ཕྱོགས་འདི་དག་ལས་ཤངས་ཆུའི་འགྲམ་རྒྱུད་ཅིག་ཡིན་པར་འདོད་པ་དང་། འུ་དུམ་བཙན་གྱི་གཅེན་པོ་ལྷ་སྲས་གཙང་མ་ཐང་མཚམས་སུ་མོན་ཡུལ་དུ་ཕབ་ཅེས་པའི་མོན་ཡུལ་ནི། ལྷོ་ཁ་ས་ཁུལ་གྱི་མཚོ་སྣ་རྫོང་གི་ས་ཆ་ཞིག་ཡིན་པ།《རྗེ་འབངས་རྣམས་ཀྱི་རིགས་རུས་གསལ་བའི་སྒྲོན་མེ་》 (44) རུ། གཙང་མ་མོན་ཡུལ་དུ་ཕབ་རྗེས། ལ་འོག་ཡུལ་གསུམ་གྱི་བློན་འབངས་རྣམས་ཀྱིས་གཙང་མ་རྗེ་བོར་བཀུར་ཞིང་གདུང་རྒྱུད་འཕེལ་བར་བརྗོད་ཡོད་པ་སོགས་མདོ་དོན་གཅིག་ཏུ་བསྡུས་ན། གོང་གི་རེའུ་མིག་ལས་སྲོང་བཙན་ནས་འུ་དུམ་བར་གྱི་ཐང་མཚམས་སུ་ཕབ་པའི་རྒྱལ་སྲས་རྣམས་ལྷོ་ཁ་ཕྱོགས་སུ་བཞུགས་སུ་གསོལ་བའི་ངེས་པ་རྙེད་ཐུབ། དེ་བས། ཨ་ཁུ་དམུ་དགེ་ལགས་ཀྱིས་“ཡུན་ནན་ཞིང་ཆེན་གྱི་དེང་སང་པེ་རིགས་ཟེར་བ་དང་། ལ་ཤས་རིགས་ཟེར་བའི་མི་སེར་གྱི་ངག་རྒྱུན་ལ། ཁོང་ཚོའི་རྒྱལ་རྒྱུད་ལ་སྤུན་གསུམ་ཡོད་པའི་གཅིག་བོད་ཀྱི་རྒྱལ་པོ་བྱས་པ་དང་། གཅིག་པེ་རིགས་ཀྱི་རྒྱལ་པོ་དང་། གཅིག་ལ་ཤས་རིགས་ཀྱི་རྒྱལ་བོ་བྱས་པ་རེད་ཟེར་པས། ཕྱི་མ་གཉིས་ཐང་མཚམས་སུ་ཕབ་པའི་རྒྱལ་བུ་ཡིན་འདྲ་སྙམ་” (45) ཞེས་གསུངས་པ་ལྟ་བུ་དང་།《ལྡེའུ་ཆོས་འབྱུང་》དུ། “ཐང་འཚམས་སུ་ཕབ་པ་རིགས་ནི་ཡར་གར་གནང་” (46)ཞེས་གསུངས་པ་ལྟར་དུ། ཐང་མཚམས་སུ་ཕབ་པའི་རྒྱལ་སྲས་དེ་དག་སྲིད་ཀྱི་ལྟེ་བ་ཡུལ་དབུས་ལྷ་ས་དང་ཁ་བྲལ་ཏེ། རྒྱལ་པོ་བས་ཞན་ཙམ་དང་བློན་འབངས་ལས་དྲག་ཙམ་གྱི་ཚུལ་དུ་བྲན་ཁྱིམ་དང་། སྒོ་ཕྱུགས་གང་འཚམ་ཞིག་འཚོ་རྟེན་དུ་ཉར་བཞིན་ལྷོ་ཁའམ་ཧི་མཱ་ལ་ཡའི་རི་རྒྱུད་དུ་ལོགས་སུ་བཀར་ནས་འཚོ་སྡོད་གནང་བ་རྟོགས་ཐུབ་པ་མ་ཟད། ཐང་མཚམས་སུ་ཕབ་སའི་ཡུལ་ལུང་དེ་དག་བཙན་པོའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་དང་རིང་དུ་གནས་ཀྱང་བཙན་པོའི་དབང་འོག་ཏུ་འདུ་བའི་བས་མཐའི་ས་ཆ་འགོལ་བོ་དག་ཡིན་པའང་ངང་གིས་འཁུམས་སོ།།
            4.ཐང་མཚམས་ཀྱི་དུས་ཡུན་དང་གཞན་དག
            བཙན་པོའི་སྐབས་སུ་རྒྱལ་སྲས་ཐང་མཚམས་སུ་འབེབས་པའི་སྲིད་སྐྱོང་ལམ་ལུགས་འདི་དར་སོ་ཆེ་ཡང་། འབྲེལ་ཡོད་གནས་ཚུལ་བཀོད་པའི་ཡིག་ཚང་ལྡེའུ་ཆོས་འབྱུང་རྒྱས་བསྡུས་གཉིས་ལས་མེད་པ་ལྟ་བུར་ཆགས་ཤིང་། ཆོས་འབྱུང་དེ་གཉིས་ལས་ཀྱང་ཐང་མཚམས་ཀྱི་དུས་ཡུན་རིང་ཐུང་དངོས་སུ་བསྟན་མེད་མོད། ཁྲི་འདུས་སྲོང་དང་བཙུན་མོ་ཆུན་མ་པ་ཚབ་བཟའ་གཉིས་ཀྱི་སྲས་སུ་པ་ཚབ་ཚ་ལྷ་བལ་པོ་སྐུ་འཁྲུངས་པ་དང་། ཁྲི་འདུས་སྲོང་དང་བཙུན་མོ་ཆེན་མ་མཆིམས་བཟའ་བཙན་མོ་ཏོག་གཉིས་ཀྱི་སྲས་སུ་སྤྱི་ལོ་704ལོའི་དཔྱིད་ཀར་མེས་ཨག་ཚོམ་སྐུ་འཁྲུངས་ཡང་། སྤྱི་ལོ་704ལོའི་སྟོན་ཀར་བཙན་པོ་འཇང་ཡུལ་དུ་སྐུ་གཤེགས་པས། བློན་པོ་ཁེ་རྒད་མདོ་སྣང་དང་ལྡེག་རེན་གནོན་སྣང་གྲགས་སོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། གཅེན་པོ་པ་ཚབ་ཚས་བོད་ཀྱི་སྲིད་དབང་འཛིན་གྲབས་བྱས་ཀྱང་། ཁོང་ནི་“རྒྱལ་སྲས་ཀུན་གྱི་གཅེན་པོ་ཡིན་ཞིང་། ཁོང་དང་རྒྱལ་གཙུག་རུའམ་ཁྲི་ལྡེ་གཙུག་བརྟན་གཉིས་ནི་ཡབ་གཅིག་ཀྱང་ཡུམ་མི་གཅིག་པའི་སྤུན་མཆེད་ཡིན།” (47) ཞེས་གསུངས་པ་ལྟར། ཁོང་གི་སྐྱེད་ཡུམ་ཆུན་མ་ཡིན་སྟབས་སྤྱི་ལོ་704ལོར་ཐང་མཚམས་སུ་ཕབ་པ་རེད། ཁྲི་མ་ལོད་ཀྱི་རམ་འདེགས་འོག་སྤྱི་ལོ་705ལོར་མེས་ཨག་ཚོམ་གྱིས་ཆབ་སྲིད་བསྐྱངས་ཀྱང་། སྤྱི་ཚོགས་ཐོག་རྙོག་དྲ་དང་སྲིད་ལ་རྩོད་པའི་འགལ་བ་མང་པོ་བྱུང་བས། སྤྱི་ལོ་709ལོར་པ་ཚབ་ལྷ་བལ་པོ་ཐང་མཚམས་ནས་ཕྱིར་ལོག་དུས་ཁྲི་མ་ལོད་ཕྱོགས་གཏོགས་ཀྱིས་བོད་ཡུལ་པོང་ལག་ཏུ་སྐུ་བཀྲོངས་པ་ལས། པ་ཚབ་ཚ་ཐང་མཚམས་སུ་ཕབ་ནས་ཕྱིར་ལོག་པའི་བར་ལ་དུས་ཡུན་ལོ་ངོ་ལྔ་ཙམ་འགོར་བ་དང་། ཡང་མུ་ནེ་བཙན་པོའི་གཅུང་པོ་མུ་ཏིག་བཙན་པོ་ཐང་མཚམས་སུ་ཤངས་ཀྱི་སྐྱེད་ཚལ་དུ་ཕབ་རྗེས། མུ་ཏིག་བཙན་པོས་ཤངས་ཀྱི་སྐྱེད་ཚལ་ཕྱོགས་སུ་དམྱལ་བ་སྤུན་གཉིས་ཀྱི་ཕ་ནོར་རྩོད་པ་འདུམ་པར་བྱས་ཤིང་། ངོ་ལོག་གི་བྱ་འགུལ་འགའ་ཤས་རྡུལ་དུ་བརླགས་ནས་བྱས་རྗེས་ཆེན་པོ་བཞག་པ་དང་། དེ་རྗེས་ཁོང་“བྱང་གི་སོ་ཁ་སྲུང་བར་ལོ་ལྔ་བཞུགས་ནས་ཡར་བྱོན་ནས་” (48) ཞེས་ཐང་མཚམས་སུ་ལོ་ངོ་ལྔ་བཞུགས་ཏེ་ཕྱིར་བོད་དབུས་སུ་ཕེབས་ཤིང་ཆབ་སྲིད་བསྐྱངས་པ་ལྟ་བུ་ལས། ཐང་མཚམས་ཀྱི་དུས་ཡུན་གསལ་ཐག་ཆོད་པ་ཞིག་མི་ཤེས་ཀྱང་བཙན་པོའི་རྒྱལ་རབས་ཀྱི་དུས་མཇུག་ཏུ། དམིགས་བསལ་གྱི་གནས་ཚུལ་འདྲ་མེད་ཚེ་ཐང་མཚམས་ཀྱི་དུས་ཡུན་སྤྱིར་བཏང་དུ་མི་ལོ་ལྔ་ཙམ་མིན་ནམ་སྙམ་སྟེ་དོགས་པ་ཁོང་སློང་གི་ཚུལ་གྱིས་ཞུས་སོ།། གཞན་ཡང་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པར་》དྲངས་པའི་གསང་བ་ཡང་ཆུང་ཕྱེད་འཇོག་པའི་ནང་དུ། ཐང་མཚམས་སུ་ཕབ་པའི་རྒྱལ་སྲས་བདུན་གྱི་བང་སོའི་གནས་ཚུལ་བཀོད་པ་བསྡུས་ན། ཨི་ཤོ་ལེགས་ཀྱི་དུར་གནམ་ལ་བཏབ་པའི་བང་སོ་མེད་པ་དང་། འབྲོང་གཉེན་ལྡེའུ་གཅུང་པོ་རྨུ་བཙན་དང་མོན་བུ་རྒྱལ་མཚན་གཉིས་ཀྱི་བང་སོ་སྟག་རི་གཉན་གཟིགས་ཀྱི་བང་སོའི་རྒྱབ་ལོགས་སུ་ཡོད་ཅིང་དབྱིབས་ས་ཕུང་སྤུངས་པ་འདྲ་བ་དང་། གནམ་རིའི་གཅུང་པོ་འོལ་གོད་ཚའི་བང་སོ་སྟག་རི་གཉན་གཟིགས་ཀྱི་བང་སོའི་གཡོན་ན་ཡོད་པ། འཇང་ཚའི་བང་སོ་ཡབ་མེས་ཨག་ཚོམ་གྱི་གཡོན་དུ་ཡོད་པ་དང་། མུ་ཏིག་བཙན་པོའི་བང་སོ་དོན་མཁར་མདའ་ན་ཡོད་པ། གཙང་མའི་བང་སོ་ལྷོ་བྲག་ཏུ་ལུས་པ་སོགས་ཐང་མཚམས་སུ་ཕབ་པའི་རྒྱལ་སྲས་དག་གི་བང་སོ་ལྷོ་ཁ་ཕྱོགས་སུ་བཏབ་པར་བསམ་ན། ལྷོ་ཁ་ནི་བོད་ཀྱི་ལོ་རྒྱུས་དང་། ཤེས་རིག ཆབ་སྲིད། དཔལ་འབྱོར་སོགས་དང་འབྲེལ་བ་ཧ་ཅང་ཆེ་བའི་ཡུལ་གྲུ་གལ་ཆེན་ཞིག་ཡིན་ཞིང་། བོད་ཀྱི་རིག་གནས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་པར་ཉེ་བར་མཁོ་བའི་གསེར་གྱི་ས་གཞི་ལྟ་བུ་ཡིན་པའང་ཤེས་པར་ནུས། དེ་ལྟར་ཐང་མཚམས་གླེང་དུས་སྤྱུགས་ཞེས་པའི་ཐ་སྙད་འདི་ངེས་པར་བཤད་དགོས་པ་ཞིག་ཏུ་ཆགས་ཏེ་མདོ་དོན་ཧྲིལ་གྱིས་བསྒྲིལ་ན། སྤུ་རྒྱལ་གདུང་རབས་བཅུ་བཞི་པ་འབྲོང་ཞི་ལེགས་ཀྱི་དུས་མཇུག་བར་དུ། སྐྱོན་གྱིས་ཉེས་པའི་རྒྱལ་བློན་འབངས་གསུམ་ཡུལ་དབུས་ནས་ས་མཐར་ཕར་བསྐྲོད་པའི་མིང་ལ་སྤྱུགས་ཞེས་ཐུན་མོང་དུ་གདགས་ཀྱང་། འབྲོང་ཞི་ལེགས་ཀྱི་དུས་མཇུག་ནས་ཐང་མཚམས་དང་སྤྱུགས་གཉིས་ཀྱི་གོ་དོན་ལ་འགྱུར་བ་བྱུང་ཡོད་པར་མཐོང་སྟེ། ཐང་མཚམས་ནི་བཙན་པོའི་གདུང་རྒྱུད་ཁོ་ནར་སྤྱོད་ཅིང་དེར་བཙན་པོ་ལས་དམན་ཞིང་འབངས་ལས་དྲག་པའི་དམིགས་བསལ་གྱི་ཁེ་དབང་ཡོད་པ་མ་ཟད།དུས་ཚད་ལོངས་རྗེས་དམིགས་བསལ་གྱི་གནས་ཚུལ་མེད་ན་ཕྱིར་ལོག་ཆོག་པ་ལྟ་བུ་དང་། སྤྱུགས་ནི་དེ་ལས་ལྡོག་སྟེ་བློན་འབངས་གཉིས་ལ་སྤྱོད་ཅིང་དེར་དམིགས་བསལ་གྱི་ཁེ་དབང་ཅི་ཡང་མེད་པར་ས་མཐར་སྐྲོད་པ། 《རྦ་བཞེད་ཕྱོགས་བསྒྲིགས་》སུ། བློན་རྟག་ར་ཀླུ་ཀོང་ཆོས་ལ་གནག་པས། “འབངས་རྒབ་མི་གཉིས་ཀྱིས་རྩྭ་ཐག་གིས་བཏགས་ཏེ་ཚེར་ལྕག་གིས་བྲབ་ཅིང་བྱང་དུ་སྤྱུགས་སོ།།” (49) ཞེས་པ་ལྟ་བུ་དང་། ས་མཐར་སྤྱུགས་རྗེས་ཕོ་བྲང་ནས་གདན་འདྲེན་མ་ཞུས་བར་དུ་ཕྱིར་ལོག་མི་ཆོག་པ། བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ། “རྗེ་བློན་འབངས་གསུམ་བློ་མཐུན་ནས།སློབ་དཔོན་བེེ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་ནས་བོད་དབུས་སུ་སྤྱན་དྲངས་ཤིང་བཤགས་པ་བྱས་ཚུལ་” (50) གྱི་ལོ་རྒྱུས་ཡོད་པ་ལྟ་བུས་ཟུར་ཙམ་གོ་བར་ནུས་སོ།།
གསུམ་པ། ཐང་མཚམས་ལམ་ལུགས་ཀྱི་རྒྱུན་ཆད་ཅིང་དེས་བསྐྱེད་པའི་མཇུག་འབྲས།
            1.ཐང་མཚམས་ལམ་ལུགས་ཀྱི་རྒྱུན་ཆད་པ། 
            ཐང་མཚམས་སུ་འབེབས་པའི་སྲིད་སྐྱོང་ལམ་ལུགས་དེ།བཙན་པོ་འབྲོང་ཞི་ལེགས་ཀྱི་དུས་མཇུག་ནས་ཐོག་མར་ལག་ལེན་དུ་བཏབ་ཅིང་། ཕྱིས་ཀྱི་རྒྱལ་རབས་ཉེར་བརྒྱད་རིང་ལ་ཆད་མཐུད་ཀྱི་རྣམ་པར་རྒྱུན་འཁྱོངས་བྱས་ཡོད་ཀྱང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། ལམ་ལུགས་དེ་རྒྱུན་འཁྱོངས་མ་བྱས་པའམ་བྱེད་མ་ཐུབ་པར་ཉམས་རྒུད་དུ་འགྲོ་བའི་འགོ་ཚུགས་ཡོད་དེ། ཁྲི་སྲོང་ལྡེ་བཙན་དང་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་གཉིས་ལ་སྲས་ཆེ་བ་མུ་ཁྲི་སྲོང་བོ་འཁྲུངས་ཀྱང་ཆུང་དུས་སུ་སྐུ་གཤེགས་པས་བང་སོ་ཡང་མེད་པ་དང་། ཁྲི་སྲོང་ལྡེ་བཙན་དང་བཙུན་མོ་ཆེན་མ་སྣ་ནམ་བཟའ་གཉིས་ལ་སྤྱི་ལོ་762ལོར་སྲས་འབྲིང་བ་མུ་ནེ་བཙན་པོ་སྐུ་བལྟམས། ཡང་ཁྲི་སྲོང་ལྡེ་བཙན་དང་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་གཉིས་ལ་སྲས་འབྲིང་བ་མུ་ཏིག་བཙན་པོ་སྤྱི་ལོ་763ལོར་འཁྲུངས་པ་དང་། ཁྲི་སྲོང་ལྡེ་བཙན་དང་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་གཉིས་ལ་སྲས་ཆུང་བ་ཁྲི་ལྡེ་སྲོང་བཙན་སྤྱི་ལོ་764ལོར་སྐུ་འཁྲུངས། སྤྱི་ལོ་780ལོར་ཡབ་ཁྲི་སྲོང་ལྡེ་བཙན་ཟུང་མཁར་སྨྱུག་མ་ཚལ་གྱི་ཕོ་བྲང་དུ་སྒོམ་ལ་གཤེགས་དུས། སྲིད་ཀྱི་ལས་ཀ་ཆེན་མའི་སྲས་མུ་ནེ་བཙན་པོར་གཏད་ནའང་། ཆེན་ཆུན་གཉིས་ཀྱི་ཕྱོགས་འཛིན་སྲིད་ལ་རྩོད་པ་བྱུང་ཞིང་མུ་ནེ་བཙན་པོས་འབངས་ཀྱི་དབུལ་ཕྱུག་ལན་གསུམ་བསྙམས་པས་དབང་སྒྱུར་གྲལ་རིམ་དག་གི་ཁེ་ཕན་ལ་གནོད་སྐྱོན་བཟོས་མཐར། “ཡབ་རྒྱལ་པོ་འདས་ནས་ལོ་གཅིག་དང་ཟླ་བ་བདུན་འགོར་རྗེས་” (51) ཚེ་སྤོང་བཟའ་ཡིས་ཟས་ལ་དུག་སྦྱར་ནས་མུ་ནེ་བཙན་པོ་སྐུ་བཀྲོངས། རྒྱལ་ཚབ་ཏུ་མུ་ཏིག་བཙན་པོ་ཐང་མཚམས་ནས་ཕོ་བྲང་དུ་བསུས་ཏེ་སྲིད་ཀྱི་གཉེར་ཁ་མཛད་ཀྱང་། སྤྱི་ལོ་804ལོར་སྣ་ནམ་བཟའ་ཕྱོགས་གཏོགས་ཀྱི་ཇུས་ངན་འོག་ཏུ་སྐུ་འདས། དེ་རྗེས་ཁྲི་ལྡེ་སྲོང་བཙན་བཙན་པོའི་ཁྲི་ལ་བཞུགས་ཏེ་སྲིད་ཀྱི་ཁ་ལོ་བསྒྱུར་བ་སོགས་ཁྲི་སྲོང་ལྡེ་བཙན་སྐུ་འདས་རྗེས་ཀྱི་མི་ལོ་བཅོ་བརྒྱད་རིང་ལ། དབང་སྒྱུར་གྲལ་རིམ་ཁག་གིས་ཁེ་ཕན་གྱི་ཆེད་དུ། གདུང་སྲས་གསུམ་བེད་སྤྱད་དེ་ཕོ་བྲང་ནང་རྙོག་དྲ་བཟོས་ཤིང་ཆབ་སྲིད་ལ་རྩོད་པའི་འགལ་བ་མཚམས་མ་ཆད་པར་བྱུང་བས་ཐང་མཚམས་སུ་འབེབས་པའི་ལམ་ལུགས་ཉམས་རྒུད་དུ་འགྲོ་བའི་འགོ་ཚུགས། བཙན་པོ་ཁྲི་ལྡེ་སྲོང་བཙན་ལ་གདུང་སྲས་ལྔ་འཁྲུངས་ཏེ། “ལྡེན་རྗེ་ལྷུན་གྲུབ་གཉིས་སྔར་གྲོངས་ནས། རལ་པ་ཅན། གཙང་མ། དར་མ་གསུམ་ཡོད་” (52) ཅེས་པ་ལྟར། ལྷ་རྗེ་དང་ལྷུན་གྲུབ་གཉིས་ཆུང་དུས་ནས་སྐུ་གྲོངས་པས་བང་སོ་ཡང་བརྩིགས་མེད་པ་དང་། “སྤུ་རྒྱལ་བཙན་པོའི་རྒྱལ་རྒྱུད་ཀྱི་སྲིད་དབང་འཛིན་ལུགས་” (53) བཞིན་ཁྲི་རལ་བ་ཅན་བཙན་པོའི་ཁྲི་ལ་བཞུགས་ཤིང་། དབོན་ཞང་བར་གྱི་དམག་འཁྲུག་ཞི་བས་འདུམ་པར་མཛད་ལ། སངས་རྒྱས་བསྟན་པར་བཀུར་བསྟི་དང་སྲི་ཞུ་ཚད་ལས་འདས་པ་བྱས་པས། བན་བོན་འགལ་བ་ཇེ་ཆེར་གྱུར་ནས་བོན་གྱི་ཚབ་བྱེད་མི་སྣ་སྦས་སྟག་རྣ་སོགས་ཀྱིས་སྐུ་བཀྲོངས་ཏེ་དར་མ་འུ་དུམ་བཙན་པོ་སྲིད་ལ་བསྐོས། འུ་དུམ་བཙན་གྱིས་ཕུ་བོ་“གཙང་མས་ཆོས་ཀྱིས་ཁ་བཟུང་དོགས་ནས་” (54)མོན་ཡུལ་དུ་ཐང་མཚམས་སུ་ཕབ་ཅིང་ནང་སྲིད་བདེ་ལ་བཀོད་དེ་རྒྱལ་སྲིད་བདེ་བར་བསྐྱངས་པ་དང་།“རྒྱལ་སྲིད་ཆོས་ལ་ཤོར་གྱིས་དོགས་ནས་” (55) སྲིད་སྐྱོང་ལམ་ལུགས་ལ་བསྒྱུར་བཅོས་བྱས་རྐྱེན་ཆོས་སྲིད་འགལ་ཟླའི་ཁྲོད་དུ་སྤྱི་ལོ་842ལོར་སྐུ་ལུས་དབང་གཞན་དུ་གྱུར། དེ་དུས་འོད་སྲུངས་སྐུ་འཁྲུངས་ཡོད་ལ་ཡུམ་བརྟན་མ་འཁྲུངས་མེད་ཀྱང་།བན་བོན་ཟུང་གི་འཐེན་འཁྱེར་དང་། འབྲོ་དབའ་གཉིས་ཀྱི་རྩོད་པ། ཆེན་ཆུན་བར་གྱི་འགལ་བ་སོགས་ཛ་དྲག་ཏུ་འཕེལ་ཏེ། བཙན་པོའི་ཕོ་བྲང་ནང་རྙོག་དྲ་བྱུང་ཞིང་སྲིད་དབང་ལ་ཡོ་འཁྱོམ་བྱུང་བས་ཐང་མཚམས་སུ་འབེབས་པའི་སྲིད་སྐྱོང་ལམ་ལུགས་ཀྱི་རྒྱུན་རྩ་བ་ནས་ཆད་པར་གྱུར་ཏོ།།
            2.ཐང་མཚམས་ལམ་ལུགས་རྒྱུན་ཆད་པའི་མཇུག་འབྲས།
            དེ་ལྟར་ཐང་མཚམས་སུ་འབེབས་པའི་སྲིད་སྐྱོང་ལམ་ལུགས་དེ་གནའ་ནས་དར་ཞིང་བཙན་པོ་ན་རིམ་གྱིས་ཆད་མཐུད་ངང་རྒྱུད་འཛིན་བྱས་པས། བཙན་པོའི་རྒྱལ་རབས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་། སྲིད་དབང་སྲ་བརྟན། རྒྱལ་ཁབ་གཅིག་གྱུར། མངའ་འབངས་སྟོབས་ལྡན་དུ་འགྲོ་བར་སྔ་ན་མེད་པའི་སྐུད་འདེད་རང་བཞིན་གྱི་ནུས་པ་ཆེན་པོ་ཐོན་ཡང་། སྤྱི་ལོ་842ལོར་འུ་དུམ་བཙན་པོ་སྐུ་བཀྲོངས་རྗེས། སྲས་ཆེ་བ་འོད་སྲུངས་སྤྱི་ལོ་842ལོར་ཆུན་མ་ཚེ་སྤོང་བཟའ་ལ་སྐུ་འཁྲུངས་པ་དང་། ཆུང་བ་ཡུམ་བརྟན་སྤྱི་ལོ་843ལོར་ཆེན་མ་སྣ་ནམ་བཟའ་ལ་སྐུ་འཁྲུངས་ (56)པས་ཆེན་ཆུན་ཕྱོགས་གཉིས་སྲིད་ལ་རྩོད་པ་བྱུང་བ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》རུ་“གཅེན་ལ་མ་འཆམས་པར་གཡོ་རུ་དབུ་རུ་འཁྲུག་སྐད་པ།” (57)ཞེས་གསུངས་པ་ནང་བཞིན། གཅེན་ལ་མ་འཆམས་པ་ནི་དོན་དུ་སྲིད་ལ་རྩོད་པ་ཤོར་བ་ཡིན་ཏེ། སྤུ་རྒྱལ་བཙན་པོའི་གདུང་རབས་ཀྱི་གཅེན་པོ་སྲིད་ལ་བསྐོ་པའི་ལམ་ལུགས་རྒྱུན་ཆགས་སུ་དར་ཡོད་པའི་ཕྱིར་རོ།། འོད་སྲུངས་དང་ཡུམ་བརྟན་ཕྱོགས་གཉིས་སྤྱི་ལོ་843ལོ་ནས་སྲིད་ལ་བརྩད་ཅིང་ཆེན་ཆུན་ཁ་འཛིན་གྱི་བློན་འབངས་རྣམས་ཕྱོགས་གཉིས་སུ་གྱེས་པས། “རྒྱལ་སྲིད་གཅིག་ལ་མངའ་རིས་གཉིས་སུ་ཆད་ཏེ་” (58) བོད་ལ་སྤྱི་མཐུན་གྱི་རྒྱལ་པོ་མེད་པར་གྱུར་ཞིང་གཅིག་གྱུར་གྱི་སྲིད་དབང་ཉམས་པའི་འགོ་ཚུགས། ཕུ་ནུ་བར་མི་ལོ་ཉེར་བདུན་རིང་ལ་ཕན་ཚུན་དགྲ་རུ་བཟུང་ནས་དབུ་གཡོ་འཁྲུག་པས་“ཕྱིའི་སོ་ཁ་ཤོར། ནང་དུ་འདུམ་ས་ཞིག་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འདྲ་བ་ཆག ཆོས་ཁྲིམས་དར་གྱི་མདུད་པ་འདྲ་བ་གྲོལ། མི་ཆོས་སོག་མའི་ཕོན་ཐག་འདྲ་བ་ཆད་” (59)དེ་བོད་ཀྱི་སྤྱི་ཚོགས་འཁྲུག་རྩོད་དང་སྡུག་བསྔལ་གྱི་ཀློང་དུ་གྱར། ཇི་སྐད་དུ་ནང་བཀྲ་མ་ཤིས་ན་ཕྱིའི་དོན་མི་འགྲུབ་ཅེས་གྲགས་པ་བཞིན། མི་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་ལ་སྲིད་ཀྱི་རྒྱུན་ཐག་མ་ལྷོད་ཅིང་སྲིད་འབྱོར་རིག་གསུམ་སྒོ་ཀུན་ནས་དར་ཞིང་རྒྱས་ཏེ། ཆབ་སྲིད་མངའ་ཐང་སྟོབས་འབྱོར་སོགས་འཛམ་བུའི་གླིང་ན་མངོན་པར་མཐོ་བའི་བོད་བཙན་པོའི་རྒྱལ་རབས་དེ། ཆོས་སྲིད་ཀྱི་འགལ་བ་དང་།བན་བོན་གྱི་ཕྱོགས་རིས། ཆེན་ཆུན་གྱི་རྩོད་པ། འབྲོ་དབའ་ཡི་ནང་འཁྲུག་སོགས་རྒྱུ་མཚན་དུ་མས་འཐོར་ཞིག་ཏུ་སོང་བ་བདེན་མོད། དེ་དག་ལས་ཀྱང་གལ་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་སྲས་ཐང་མཚམས་སུ་འབེབས་པའི་སྲིད་སྐྱོང་ལམ་ལུགས་ཀྱི་རྒྱུན་ཆད་པ་དང་ཀུན་ནས་འབྲེལ་བ་ཡོད་པར་འདོད་པས། འོད་སྲུངས་ཡུམ་བརྟན་གཉིས་ལས་གང་རུང་ཞིག་ཐང་མཚམས་སུ་མ་ཕབ་པའི་མཇུག་འབྲས་ལ། ཡུལ་མཐའི་སོ་དམག་འཁྲུག་པས་མངའ་རིས་ཉམས་དམས་སུ་སོང་ཞིང་། མངའ་འབངས་གྱེན་ལོག་བྱུང་ནས་སྲིད་ལ་ཡོ་འཁྱོམ་བྱུང་བ། བཙན་པོའི་བང་སོ་བྲུས་ཏེ་མཐུན་པའི་སེམས་རྩ་ལྷོད་པ། ཡུལ་རིས་དབང་དུ་བཅད་དེ་ཡུལ་རེར་དཔོན་རེ་བྱུང་བ་སོགས་བཀྲ་མི་ཤིས་པའི་གནས་ཚུལ་མང་དུ་བྱུང་མཐར་སྤུ་རྒྱལ་བཙན་པོའི་རྒྱལ་རབས་རིམ་གྱིས་སིལ་བུར་གྱུར་པའི་མཐའ་ལ་གཏུགས་སོ།།
            མདོར་ན། སྤུ་རྒྱལ་བཙན་པོའི་རྒྱལ་རབས་སྐབས་སུ་དར་སོ་ཆེ་བའི་བཙན་པོའི་རྒྱལ་རྒྱུད་ལས་སྲས་པོ་ཐང་མཚམས་སུ་འབེབས་པའི་ལམ་ལུགས་དེ་ནི། དེང་གི་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་འགའ་ཤས་ཀྱིས་བརྗོད་པ་ནང་བཞིན་རྒྱ་ནག་ནས་བོད་ལ་ཐད་ཀར་རམ་བརྒྱུད་དེ་དར་ཁྱབ་བྱུང་བ་ཞིག་མ་ཡིན་པར། དེ་ནི་བཙན་པོའི་རྒྱལ་རབས་བཅུ་བཞི་པ་འབྲོང་ཞི་ལེགས་ཀྱི་དུས་མཇུག་ཏུ། བློན་པོ་རིག་པ་ཅན་གྱིས་སྐབས་དེའི་བོད་སྤྱི་ཚོགས་ཀྱི་རྣམ་པ་དང་། འཚོ་བའི་གནས་བབ། སྲིད་ཀྱི་དགོས་མཁོ་ལྟར་བློ་རིག་གི་འཕྲུལ་ལ་བརྟེན་ནས་གསར་གཏོད་བྱས་ཤིང་། བློན་པོའི་ངག་ལ་བཙན་པོའི་བཀའ་ཡིས་རྒྱས་བཏབ་སྟེ་བཙན་པོའི་ཕོ་བྲང་དུ་ལག་བསྟར་མཛད་པའི་རྒྱལ་སྐྱོང་སྲིད་འཛིན་གྱི་ལམ་ལུགས་ཤིག་ཡིན་པ་དང་། ལམ་ལུགས་དེའི་བྱུང་ཡུན་རིང་སྟེ་བཙན་པོའི་རྒྱལ་རབས་བཅུ་བཞི་པ་ནས་ཞེ་གཉིས་བར་གྱི་རྒྱལ་རབས་ཉེར་བརྒྱད་རིང་ལ་ཆད་མཐུད་ངང་རྒྱུན་འཁྱོངས་གནང་ཡོད་པ་དང་། དེར་རྒྱལ་སྲས་སུ་དག་རྒྱུ་མཚན་ཅིའི་ཕྱིར་ཐང་མཚམས་སུ་འབེབས་དགོས་པ་དང་། ཡུལ་ལུང་གང་དུ་འབེབས་པ། ཚུལ་ཇི་ལྟར་འབེབས་པ། ཐང་མཚམས་སུ་མི་ལོ་ག་ཚོད་བཞུགས་དགོས་ཚུལ་སོགས་ནང་ཁུལ་གྱི་སྒྲིག་སྲོལ་ངེས་ཅན་ལྡན་པ་ཡིག་ཐོག་ཏུ་གསལ་བོར་མ་བཀོད་ཀྱང་རིགས་པས་དཔྱད་ན་ཅུང་ཙམ་རྟོགས་ཐུབ་པ་དང་། ལམ་ལུགས་དེས་བཙན་པོའི་གདུང་སྲས་བར་རྒྱལ་སྲིད་བརྩད་ནས་རྙོག་དྲ་བཟོ་བར་སྔོན་འགོག་གི་ནུས་པ་ཐོན་ཞིང་། རྒྱལ་གཞིས་འཛིན་སྐྱོང་དང་། སྲིད་དབང་སྲ་བརྟན།རྒྱལ་ཁམས་བདེ་སྲུང་། རྒྱལ་ཁབ་དར་རྒྱས་སོགས་ལ་ཁག་ཐེག་དང་སྐུད་འདེད་ཀྱི་དགེ་མཚན་རྨ་མེད་པ་ཐོན་ཡོད་པས། དེ་ནི་བོད་ཡུལ་རང་ནས་བྱུང་ལ་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་ལྡན་པའི་རྒྱལ་སྐྱོང་ཐབས་ཇུས་ཤིག་དང་།བཙན་པོའི་དུས་ཀྱི་བོད་པའི་གོང་བུ་གཅིག་གྱུར་ལ་དངོས་ཡོད་ཀྱི་དོན་སྙིང་ལྡན་ཞིང་། བཙན་པོའི་སྲིད་ཀྱི་ཆེ་བ་འདོན་པའི་སྲིད་སྐྱོང་གི་ལམ་ལུགས་གལ་ཆེན་ཞིག་ཡིན་པར་མ་ཟད། བོད་བཙན་པོའི་རྒྱལ་རབས་ཀྱི་དར་རྒུད་དང་ཀུན་ནས་འབྲེལ་བའི་རྒྱལ་སྐྱོང་སྲིད་འཛིན་གྱི་ལམ་ལུགས་ཁྱད་པར་བ་ཞིག་ཀྱང་ཡིན་པར་སེམས་སོ།།
            མཆན་འགྲེལ།
            ①དཔྱད་རྩོམ་འདི་ལྷོ་ནུབ་མི་རིགས་སློབ་ཆེན་འབུམ་རམས་པའི་སློབ་གནས་འཛུགས་སྐྲུན་རྣམ་གྲངས་ཀྱི་དཔྱད་འབྲས་ནང་གསེས་ཤིག་ཡིན། ཆོག་མཆན་ཨང་གྲངས། 2017XWD-B0304 སི་ཁྲོན་ཞིང་ཆེན་སློབ་གསོ་ཐིན་གསར་སྤེལ་ཚོགས་པའི་ལས་གཞི། ཁམས་བོད་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་གི་ནང་གསེས་ཤིག་ཡིན། ཆོག་མཆན་ཨང་གྲངས། 13TD0060
            ②ཐུབ་བསྟན་ཕུན་ཚོགས། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། P63
            ③ཁོད་པོ་བློ་གྲོས་ཐོགས་མེད། 《སྲིད་པ་རྒྱུད་ཀྱི་ཁ་བྱང》[M] ཟི་ལིང་། ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་། 2011ལོ། P42
            ④རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐབས་ནས་སྐུ་གཤེན་བསྟེན་ཚུལ་ཡོད་པ་བན་བོན་གཉིས་ཀྱི་ཆོས་འབྱུང་ལོ་རྒྱུས་མང་པོར་གསལ་བས་ཞིབ་ཏུ་མ་སྤྲོས།
            ⑤ཐང་མཚམས་སུ་འབེབས་པའི་སྲིད་སྐྱོང་ལམ་ལུགས་འདི་ནི། ཐོག་མར་བོད་རྒྱལ་བཅུ་བཞི་པ་འབྲོང་ཞི་ལེགས་ཀྱི་དུས་མཇུག་ཏུ་དར་ཞིང་ཕྱིས་སུ་རྒྱལ་རབས་མང་པོས་རྒྱུན་འཁྱོངས་མཛད་ཡོད་པ་རེད།
            ⑥རྒྱལ་རབས་ཉེར་བརྒྱད་པ་ཐོ་ཐོ་རི་གཉན་བཙན་གྱི་སྲས་མོ་རྒྱ་གར་སྨན་པ་བི་བྱི་དགའ་བྱེད་ལ་བཙུན་མོར་ཕུལ་བ་དང་། རྒྱལ་རབས་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་སྲིང་མོ་ཟིང་པོ་རྗེ་ལ་བཙུན་མོར་གནང་བ་ལྟ་བུས་མཚོན་ནོ།།
            ⑦སྟག་རི་གཉན་གཟིགས་ཀྱི་སྐབས་སུ། མྱང་དབའ་མནོན་གསུམ་གྱིས་བྲོ་བོར་བ་དང་། སྲོང་བཙན་སྒམ་པོའི་སྐབས་སུ་བཙན་པོ་དང་དབའ་དབྱི་ཚབ་ཕ་སྤུན་གྱིས་མནའ་བཅད་ཡོད་པ་ལྟ་བུའོ།།
            ⑧སྲོང་བཙན་སྒམ་པོས་བལ་བཟའ་རྒྱ་བཟའ་སོགས་ཁབ་ཏུ་བཞེས་པ་དང་མེས་ཨག་ཚོམ་གྱིས་རྒྱ་བཟའ་ཕྱི་མ་ཁབ་ཏུ་བསུས་ཏེ་ཕྱི་འབྲེལ་བསྐྱངས་པ་ལྟ་བུས་མཚོན།
            ⑨གཉའ་གོང་དཀོན་མཆོག་ཚེ་བརྟན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》[M] ལན་ཀྲུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P8
            ⑩ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1985ལོ། P130
            ⑾ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། P147
            ⑿སྤ་བསྟན་རྒྱལ་བཟང་པོ། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1991ལོ། P146
            ⒀《བཀའ་ཆེམས་ཀ་ཁོལ་མ》 [M] ལན་ཀྲུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། P85
            ⒁ལྡེའུ་ཇོ་སྲས། 《ལྡེའུ་ཆོས་འབྱུང》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P104
            ⒂མཁས་པ་ལྡེའུ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》 [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། P349
            ⒃⒅ལྡེའུ་ཇོ་སྲས། 《ལྡེའུ་ཆོས་འབྱུང》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P104、P133
            ⒄མཁས་པ་ལྡེའུ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》 [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། P284
            ⒆དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》 [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། P1044
            ⒇འབྲི་གུང་སྐྱབས་མགོན། 《བོད་བཙན་པོའི་རྒྱལ་རབས》 [M] རྒྱ་གར། སྲོང་བཙན་དཔེ་མཛོད་ཁང་། 2010ལོ། P95
            (21)ཆབ་སྤེལ་སོགས། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》 [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོ། P61
            (22)《བཀའ་ཆེམས་ཀ་ཁོལ་མ》 [M] ལན་ཀྲུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། P85
            (23)ལྡེའུ་ཇོ་སྲས། 《ལྡེའུ་ཆོས་འབྱུང》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P102
            (24)བདེ་སྐྱིད། 《རྦ་བཞེད་ཕྱོགས་བསྒྲིགས》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2009ལོ། P205
            (25)བཙན་པོ་འདི་གཉིས་ཀྱི་གཅེན་པོའི་མཚན་ལ་ཅི་གསོལ་སོགས་འབྲེལ་ཡོད་ཀྱི་ཡིག་ཚང་མང་པོར་བཀོད་མེད་ཀྱང་། འདིར་《ལྡེའུ་ཆོས་འབྱུང་》དང་《བོད་བཙན་པོའི་རྒྱལ་རབས་》སུ་བྱུང་བ་དཔྱད་གཞིའི་ཚུལ་དུ་དྲངས་ཡོད་དེ། ཨི་ཤོ་ལེགས་ཀྱི་གཅེན་པོའི་མིང་ལ་ཞང་ལྔ་དང་། བསེ་རྣོལ་ནམ་ལྡེའི་གཅེན་པོའི་མིང་མི་ཤེས་ཀྱང་ཕའི་མིང་ལ་ཐོད་ཀར་ཞེས་བྱུང་པས་ཐོད་ཀར་གྱི་བུ་ཞེས་བཀོད་ཡོད། འདི་གཉིས་ཀྱི་རྒྱུད་ལ་ཞང་ལྔ་ཅེན་པའམ་ཞང་ལྔ་གཅེན་པོ་ཞེས་འབོད་པ་《ལྡེའུ་ཆོས་འབྱུང་》དུ་གསལ། དོན་ནི་བཙན་པོ་སྔོན་མའི་གདུང་སྲས་ལས་གཅེན་པོ་ཐང་མཚམས་སུ་ཕབ་པའི་རྒྱུད་ལ་ཕྱི་མིས་བཏགས་པ་ཞིག་ཡིན་པར་སེམས་སོ།།
            (26)དམུ་དགེ་བསམ་གཏན་ལགས་ཀྱི་《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་》དུ་ལྷ་བཟང་ཞེས་བྲིས་ཡོད་ཀྱང་། འདིར་《ལྡེའུ་ཆོས་འབྱུང་》དང་《བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་》སོགས་སུ་ལྷ་བཟངས་ཞེས་བྱུང་བས་དེ་བཞིན་དུ་བྲིས་ཡོད།
            (27)《དུང་དཀར་ཚིག་མཛོད་》དུ། རུ་སྤོང་ཚ་ཞེས་པ་དུར་བའི་བདག་དང་ཕུ་ཆུའི་བདག་གཉིས་ཀྱི་སྔོན་དུ་སྦྱར་ཡོད་ཀྱང་། 《ལྡེའུ་ཆོས་འབྱུང་》དུ། འདིའི་གཅུང་པོ་རུ་སྤོང་ཚ་དང་དུར་བའི་བདག་དང་ཕུ་ཆུའི་བདག་ཅེས་སོ་སོར་བཀར་ཞིང་དང་སྒྲས་བར་མཚམས་ཕྱེས་ཡོད་པས། ཕྲན་གྱིས་ནི་ 《ལྡེའུ་ཆོས་འབྱུང་》གཞིར་བཟུང་ནས་དེ་གསུམ་གང་ཟག་སོ་སོར་ངོས་འཛིན་བྱས་ཡོད་ཀྱང་འགྲིག་མིན་དཔྱད་པར་འཚལ། 《བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་》སྟོད་ཆའི་ཤོག་ངོས་256པར། 《ལྡེའུ་ཆོས་འབྱུང་》ནས་ལུང་དྲངས་པར་དང་སྒྲ་ཆད་ལ། པོ་སྒྲ་དེའང་བོ་རུ་བཅོས་ཏེ་ཉིས་ཤད་བཞག་འདུག
            (28)པ་ཚབ་ཚ་ལྷ་བལ་པོ། 《བོད་བཙན་པོའི་རྒྱལ་རབས་》སུ། གཅེན་ལྷ་བལ་པོ་ནི་འདུས་སྲོང་གི་གཅེན་པོ་ཡིན། སྤྱི་ལོ་704དཔྱིད་ཀར་འདུས་སྲོང་གི་རྒྱལ་སྲས་རྒྱལ་གཙུག་ཏུ་འཁྲུངས་པ་དང་། སྟོན་དུས་སུ་ཡབ་འདུས་སྲོང་འཇང་ཡུལ་དུ་སྐུ་འདས་གྲོང་སོང་བས། དེ་སྐབས་འདུས་སྲོང་གི་གཅེན་པོ་ལྷ་བལ་པོ་ཞུ་བ། བལ་ཡུལ་ཁུལ་ཞིག་ཏུ་ཟུར་བཞུགས་མཛད་ནས་ཡོད་པར། དེས་སྤུ་རྒྱལ་བོད་ཀྱི་སྲིད་དབང་བཟུང་རྩིས་བྱས་པར། བཙན་མོ་ཁྲི་མ་ལོད་ཀྱིས་པོ་ལག་ཞེས་པའི་ས་གནས་སུ་རྩ་མེད་དུ་བཟོས་པ་གསལ་ལོ།། ཞེས་ཤོག་ངོས་383རུ་གསལ། 《ལྡེའུ་ཆོས་འབྱུང་》དུ། མེས་ཨག་ཚོམ་གྱི་གཅེན་པོ་ཡིན་པར་གསུངས་ཡོད།
            (29)འཇང་ཚ་ལྷ་བོན་གྱི་སྐོར་ལ་བཞེད་ཚུལ་གྲགས་ཆེ་བ་གཉིས་ཡོད་དེ། འཇང་ཚ་ལྷ་བོན་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ་གྱི་སྲས་ཡིན་ཚུལ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》དང་། 《ལྡེའུ་ཆོས་འབྱུང》 《ཡར་ལུང་ཇོ་བོའི་ཆོས་འབྱུང》 《མཁས་པའི་དགའ་སྟོན》 《དེབ་དམར》 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》 《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད》《ལྔ་པའི་དེབ་ཐེར》 《རྒྱལ་རབས་གསལ་མེ་》སོགས་དང་། འཇང་ཚ་ལྷ་བོན་མེས་ཨག་ཚོམ་གྱི་གཅེན་པོ་ཡིན་ཚུལ་《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གར་》གསུངས་ཡོད།
            (30)མུ་ཏིག་བཙན་པོའམ་མུ་རུག་བཙན་པོ། བཙན་པོ་འདིའི་སྐོར་ལ་བཤད་ཚུལ་མང་མོད། འདིར་《ལྡེའུ་ཆོས་འབྱུང་》དང་། 《བོད་བཙན་པོའི་རྒྱལ་རབས་》གཉིས་གཞིར་བཟུང་སྟེ་སྤྲོས་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་དང་བཙུན་མོ་ཚེ་སྤོང་བཟའ་དམར་རྒྱལ་གཉིས་ཀྱི་སྲས་སུ། མུག་ཁྲི་བཙན་པོ་འཁྲུངས་ཀྱང་ཆུང་དུས་འདས། དེ་ནས་མུ་ནེ་བཙན་པོ་དང་། མུ་ཏིག་བཙན་པོ། ཁྲི་ལྡེ་སྲོང་བཙན་བཅས་རིམ་བཞིན་སྐུ་འཁྲུངས་ཡོད་པར་བཞེད།
            (31)གཙང་མའམ་ལྷ་སྲས་གཙང་མ་ནི་《ལྡེའུ་ཆོས་འབྱུང་》དང་། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 《བོད་ཀྱི་ལོ་རྒྱུས་གཡུ་ཡི་ཕྲེང་བ་》སོགས་སུ་རལ་བ་ཅན་གྱི་ནུ་བོ་དང་འུ་དུམ་བཙན་གྱི་ཕུ་བོ་ཡིན་པར་བཞེད་པ་དང་། 《ཡར་ལུང་ཇོ་བའི་ཆོས་འབྱུང་》 དང་། 《རྒྱལ་རབས་གསལ་མེ》 《ལྔ་པའི་དེབ་ཐེར》《དེབ་ཐེར་ཀུན་གསལ་མེ་ལོང་》སོགས་སུ་གཙང་མ་རལ་བ་ཅན་དང་འུ་དུམ་གཉིས་ཀྱི་ཕུ་བོ་ཡིན་པར་གསུངས།
            (32)གཉའ་གོང་དཀོན་མཆོག་ཚེ་བརྟན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》[M] ལན་ཀྲུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P37
            (33)སྲོང་བཙན་སྒམ་པོར་གཅུང་པོ་བཙན་སྲོང་བྱ་བ་དང་། སྐུ་སྲིང་སད་མ་ཀར་ཞུ་བ་ཡོད་པ་《ཏུན་ཧོང་ཡིག་རྙིང་》དུ་གསལ་པོར་བྱུང་ཡོད། དེར་མ་ཟད་གཅུང་པོ་ཚེས་སྤོང་ཚ་ཞུགས་ཟེར་བ་ཞིག་ཡོད་ཚུལ་《ལྡེའུ་ཆོས་འབྱུང་》དུ་གསུངས་ཡོད།
            (34)(35)(36)གཉའ་གོང་དཀོན་མཆོག་ཚེ་བརྟན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》[M] ལན་ཀྲུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ། P53、P61、P94
            (37)(38)ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། P213、P213
            (39)《བཀའ་ཆེམས་ཀ་ཁོལ་མ》[M] ལན་ཀྲུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ། P205
            (40)(41)འབྲི་གུང་སྐྱབས་མགོན། 《བོད་བཙན་པོའི་རྒྱལ་རབས》 སྟོད་ཆ། [M] རྒྱ་གར། སྲོང་བཙན་དཔེ་མཛོད་ཁང་། 2010ལོ། P95、P216
            (42)ཤངས་ཡུལ། ལོ་རྒྱུས་ཀྱི་ཡིག་ཚང་མང་པོ་བསྡུར་ནས་བཤད་ན། ཤངས་ཡུལ་དེ་ལ་སྒྲ་ཡངས་འཇུག་གི་ཤངས་ཡུལ་དང་སྒྲ་དོག་འཇུག་གི་ཤངས་ཡུལ་གཉིས་ཡོད་པར་མཐོང་ཞིང་། སྐབས་འདིའི་ཤངས་ཡུལ་ནི་སྒྲ་དོག་འཇུག་གི་ཤངས་ཡུལ་ཏེ་དེང་གི་རྣམ་གླིང་རྫོང་དུ་འབབ་པའི་ཤངས་ཆུའི་འགྲམ་རྒྱུད་ཙམ་ལ་གོ་བ་དང་། མཁས་གྲུབ་ཆེན་པོ་ཁྱུང་པོ་རྣམ་འབྱོར་གྱིས་དགོན་པ་བཏབ་ནས་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པ་དར་འཕེལ་བྱུང་ས་དེའོ།།
            (43)ཤངས་ཡུལ། སྐབས་འདིའི་ཤངས་ཡུལ་ནི་སྒྲ་ཡངས་འཇུག་གི་ཤངས་ཡུལ་ཏེ་གཙང་ཤངས་ཆུའི་བྱང་རྒྱུད་ཀྱི་ཡུལ་གྲུ་སྤྱིའི་མིང་ཡིན་ཞིང་། དེང་གི་བཞད་མཐོང་སྨོན་རྫོང་དང་། རྣམ་གླིང་རྫོང་གི་ས་ཆ་མང་པོ་ཞིག་ལ་གོ་བར་མཐོང་ངོ་།།
            (44)《རྗེ་འབངས་རྣམས་ཀྱི་རིགས་རུས་གསལ་བའི་སྒྲོན་མེ》 བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམ་བསྒྲིགས། འདོན་ཐེངས་ 10པར་གསལ།
            (45)དམུ་དགེ་བསམ་གཏན། 《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2010ལོ། P19
            (46)ལྡེའུ་ཇོ་སྲས། 《ལྡེའུ་ཆོས་འབྱུང》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P104
            (47)林冠群著:《唐代吐蕃史论集》[C],北京:中国藏学出版社,2006年9月第1版,第309页。
            (48)གུ་རུ་བཀྲ་ཤིས། 《གུ་བཀྲའི་ཆོས་འབྱུང་》[M]   པེ་ཅིན།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  1990ལོ། P161 
            (49)བདེ་སྐྱིད་ཀྱིས་བསྒྲིགས། 《རྦ་བཞེད་ཕྱོགས་བསྒྲིགས》[C] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2009ལོ། P115
            (50)གཡུ་སྒྲ་སྙིང་པོ་སོགས། 《བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》[C] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོ། P233-244
            (51)ཐུབ་བསྟན་ཕུན་ཚོགས། 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། P103
            (52)མཁས་པ་ལྡེའུ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། P340
            (53)སྤུ་རྒྱལ་བཙན་པོའི་སྲིད་དབང་སྤྱིར་བཏང་དུ་ཕ་བུ་ཆིག་བརྒྱུད་ཀྱི་རྣམ་པར་འཛིན་སྐྱོང་བྱེད་པར་མངོན་ནོ།།
            (54)(55)(58)(59)ལྡེའུ་ཇོ་སྲས། 《ལྡེའུ་ཆོས་འབྱུང》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། P139、P140、P141、P14
            (56)《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》[G] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005ལོ། P67-68
            (57)མཁས་པ་ལྡེའུ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། P349、P350