ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

《མཆིམས་པའི་ལོ་རྒྱུས་》ཞེས་པའི་དཔེ་རྙིང་ལ་དཔྱད་པ།

སྤེལ་དུས 2019-09-20 ཡོང་ཁུངས། གྲ་བཞི་མིག་དམར་ཚེ་རིང་། རྩོམ་པ་པོ། གྲ་བཞི་མིག་དམར་ཚེ་རིང་།
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིའི་ནང་འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་བཞུགས་པའི་དཔེ་རྙིང་《མཆིམས་པའི་ལོ་རྒྱུས་》ཞེས་པ་འདི་ཉིད་ཀྱི་དཔར་མ་དང་། རྩོམ་པ་པོ། བརྩམས་དུས་སོགས་ལ་དབྱེ་ཞིབ་དང་། དཔེ་རྙིང་འདིར་འཁོད་པའི་ནང་དོན་གཙོ་བོ་སྟེ། དུས་རབས་བཅུ་གཅིག་ནས་བཅུ་གསུམ་བར་མཆིམས་རྒྱུད་ཀྱི་འཕེལ་རིམ་དང་། མཆིམས་རྒྱུད་གཙང་མྱང་སྟོད་དུ་གྱེས་ཚུལ། དེ་བཞིན་《མངོན་པ་མཛོད་》མཆིམས་རྒྱུད་དུ་དར་ཚུལ་སོགས་ཀྱི་སྐོར་ལ་དཔྱད་པ་བྱས་ཡོད།
[བརྡ་ཆད་གཙོ་བོ།] 《མཆིམས་པའི་ལོ་རྒྱུས》 《མངོན་པ་མཛོད》 མཆིམས་རྒྱུད། མཆིམས་ནམ་མཁའ་གྲགས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256.1
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-03-0102-10
        《མཆིམས་པའི་ལོ་རྒྱུས་》ནི་བོད་ཀྱི་གདུང་རབས་ཁྲོད་བརྩམས་དུས་ཅུང་སྔ་ཞིང་། ནང་དོན་ནི་དུས་རབས་བཅུ་གཅིག་ནས་བཅུ་གསུམ་བར་མཆིམས་རྒྱུད་ཀྱི་འཕེལ་རིམ་དང་དེ་དག་ཁྲོད་སངས་རྒྱས་ཆོས་ལུགས་ལ་ཕྱག་རྗེས་ཅུང་ཆེ་བའི་སྐྱེས་ཆེན་དམ་པ་ཁ་ཅིག་གི་མཛད་རྣམ་འཁོད་པས།ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ཆེར་ལྡན་པ་ཞིག་ཡིན།གཤམ་ལ་དཔེ་རྙིང་འདི་ཉིད་ཀྱི་དཔར་མ་དང་། རྩོམ་པ་པོ།  བརྩམས་དུས། དེ་བཞིན་དཔེ་རྙིང་འདིའི་ནང་དུ་འཁོད་པའི་ནང་དོན་གཙོ་བོ་ཁག་ཅིག་ལ་དཔྱད་པར་བྱ་སྟེ།
        དང་པོ། དཔར་མ་ངོ་སྤྲོད།
        《མཆིམས་པའི་ལོ་རྒྱུས་》འདི་དཔེ་ཆ་སྣ་རིང་ཡིན་ཞིང་།ཡིག་གཟུགས་དཔེ་ཚུགས་བྲིས་མ། མཚན་ཆ་ཚང་ལ་《དགེ་བའི་བཤེས་གཉེན་མཆིམས་པ་རྣམས་ཀྱི་ལོ་རྒྱུས་ཡོད་》ཁྱོན་ཤོག་ལྡེབ་དྲུག་དང་། རྒྱབ་མདུན་ངོས་གཉིས་སུ་བརྩིས་ན་ཤོག་གྲངས་བཅུ་གཅིག་ཡོད། ཁ་ཤོག་དང་ཤོག་ལྷེ་དང་པོར་ཡིག་ཕྲེང་བཞི་རེ་དང་། ཤོག་ལྷེ་གཉིས་པ་ནས་ལྔ་པ་བར་ལ་ཡིག་ཕྲེང་བདུན་རེ། གཞན་རྣམས་ཡིག་ཕྲེང་བརྒྱད་རེ་ཡོད། དཔེ་ཆ་འདི་ཉིད་གཞུང་དངོས་ཕུད། ཡིག་ཕྲེང་གི་བར་ལ་ཡིག་ཆུང་གི་མཆན་འགྲེལ་ཁ་ཅིག་བཞུགས་ཤིང་། ཁྱོན་བསྡོམས་ཡིག་འབྲུ་ཉིས་སྟོང་དྲུག་བརྒྱ་ལྷག་ཙམ་ཡོད། 
        དཔེ་རྙིང་གི་ཁ་ཤོག་ཏུ་མཚན་བྱང་ཕུད། “ཕྱི་ལ་558”②ཞེས་པའི་ཨང་རྟགས་ཤིག་འཁོད་འདུག དེས་དཔེ་རྙིང་འདི་ཉིད་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་(1617-1682)སྐུ་དུས་སུ་བསྡུ་རུབ་གནང་སྟེ་འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་བཞུགས་སུ་གསོལ་བའི་དཔེ་ཆའི་གྲས་ཡིན་པར་མཚོན། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་《འབྲས་སྤུངས་དགོན་པར་བཞུགས་པའི་དཔེ་ཆའི་དཀར་ཆག་》ཏུ་《མཆིམས་པའི་ལོ་རྒྱུས་》ཞེས་པ་བཞུགས་ཤིང་། ཨང་རྟགས་019729 འཕང་ལ་སྐར་ཆ་39ཙམ་དང་སྲིད་ལ་སྐར་ཆ་8ཙམ་མཆིས།③
        གཉིས་པ། རྩོམ་པ་པོ་དང་བརྩམས་དུས།
        《མཆིམས་པའི་ལོ་རྒྱུས་》ཀྱི་རྩོམ་པ་པོའི་སྐོར་ལ་མཛད་བྱང་དུ། “མཁས་པ་ཇོ་སྲས་ཐོབ་པའི་མི་དྲུག་ཏུ་གྲགས་པའི་ནང་ནས་གདུང་མཆོག་ཏུ་གྱུར་པ་སྟག་ཚལ་མཆིམས་ཀྱི་ལོ་རྒྱུས་ཅུང་ཟད་ཙམ་ཞིག་སྨོས་པ་ནི། མཉམ་མེད་ཀྱི་མཁན་ཆེན་ནམ་མཁའི་མཚན་དང་ལྡན་པ་དེ་ཉིད་ཀྱི་ཞལ་ལས་བཙུན་པ་ཟེའུས་ཞུས་ཏེ་ཡི་གེར་བཀོད་”④ ཅེས་《མཆིམས་པའི་ལོ་རྒྱུས་》ཀྱི་རྩོམ་པ་པོ་ནི་སྐྱེ་བོ་གཅིག་མ་ཡིན་པར། གཅིག་གིས་ཞལ་ནས་གསུངས་ཤིང་གཞན་གྱིས་ཡི་གེར་བཏབ་པ་ཞིག་ཡིན། དེ་ལྟ་བུའི་དཔེ་ཆ་གཞན་ཡོད་དེ་《རྭ་ལོ་ཙཱ་བའི་རྣམ་ཐར》དང་《ཆག་ལོའི་རྣམ་ཐར་》ལྟ་བུའོ།། ⑤གོང་གི་མཛད་བྱང་དུ་གསལ་བའི་མཁན་ཆེན་ནམ་མཁའི་མཚན་ཅན་ནི་སྣར་ཐང་དགོན་པའི་མཁན་རབས་བདུན་པ་མཆིམས་ནམ་མཁའ་གྲགས་(1210-1285)ཡིན་ཏེ་སྒྲུབ་བྱེད་ནི།གཅིག་ནས་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་(1219-1299)ཀྱིས་མཛད་པའི་《མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་》དང་བོད་ཀྱི་ལོ་རྒྱུས་ཡིག་ཆ་གཞན་ཁ་ཅིག་གི་ནང་དུ་དམ་པ་འདི་ཉིད་ཀྱི་འཁྲུངས་ཡུལ་“ཉང་སྟོད་སྟག་ཚལ་”⑥ཞེས་《མཆིམས་པའི་ལོ་རྒྱུས་》ཀྱི་མཛད་བྱང་དུ་འཁོད་པའི་“སྟག་ཚལ་མཆིམས་”དང་ཡོངས་སུ་མཐུན་པ་དང་། གཉིས་ནས་མཆིམས་ནམ་མཁའ་གྲགས་ཀྱིས་སྣར་ཐང་དགོན་གྱི་མཁན་རབས་བདུན་པ་མཛད་པས་མཁན་ཆེན་གྱི་མཚན་ཐོབ་སྲིད་པ་དང་། གསུམ་ནས་རྣམ་ཐར་དུ་མཆིམས་ནམ་མཁའ་གྲགས་ཀྱི་བརྩམས་ཆོས་གང་དག་ཡོད་མིན་གྱི་མཚན་ཐོའི་ཁྲོད་《མཆིམས་པའི་ལོ་རྒྱུས་》ཞེས་པ་ཞིག་བཞུགས་པས།དཔེ་རྙིང་འདི་ཉིད་ཞལ་ནས་གསུང་མཁན་ནི་མཆིམས་ནམ་མཁའ་གྲགས་ཡིན་པ་ར་སྤྲོད་ཐུབ།
        དེ་ཡང་“བཙུན་པ་ཟེའུས་ཞུས་ཏེ་ཡི་གེར་བཀོད་”ཅེས་བསྟན་པའི་ཟེའུའི་མཚན་ཅན་འདི་སུ་ཡིན་ནམ་ཞེ་ན། མཛད་བྱང་དུ་ཁོང་གིས་མཆིམས་ནམ་མཁའ་གྲགས་ཀྱི་ཞབས་ལ་གཏུགས་མྱོང་བར་གསལ་ཞིང་། ཟེའུ་ནི་བཙུན་པ་འདིའི་ཁྱིམ་རྒྱུད་ཀྱི་མཚན་ཡིན། ཡང་འགོས་ལོ་གཞོན་ནུ་དཔལ་(1392-1481)གྱིས་མཛད་པའི་《དེབ་ཐེར་སྔོན་པོ》ཡི་སྣར་ཐང་དགོན་པའི་མཁན་རབས་བརྗོད་སྐབས་ཟེའུའི་ཁྱིམ་རྒྱུད་ནས་ཐོན་པའི་མཁན་རབས་གཉིས་ཡོད་དེ། མཁན་རབས་བཅུ་པ་ཟེའུ་བརྩོན་འགྲུས་གྲགས་པ་(1252-1316)དང་བཅུ་གཅིག་པ་ཟེའུ་གྲགས་པ་ཤེས་རབ་(1259-1325)སྐུ་མཆེད་གཉིས་ཡིན། ⑦ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་》རུ་ཁོང་རྣམ་གཉིས་ཀྱི་མཛད་རྣམ་བསྡུས་པོ་ཞིག་བཞུགས་ཤིང་། དེ་དག་ལས་གཅུང་པོ་ཟེའུ་གྲགས་པ་ཤེས་རབ་ཀྱིས་མཆིམས་ནམ་མཁའ་གྲགས་ཀྱི་ཞབས་ལ་གཏུགས་ཏེ་བཀའ་གདམས་ཀྱི་གཞུང་མན་ངག་རྣམས་གསན་བ་ཡིན་པས། ⑧མཆིམས་ནམ་མཁའ་གྲགས་དང་ཟེའུ་གྲགས་པ་ཤེས་རབ་གཉིས་དབར་ལ་དགེ་སློབ་ཀྱི་འབྲེལ་བ་ཡོད་ཅིང་། ལྷག་པར་ཁོང་གཉིས་ཀྱི་འཁྲུངས་འདས་ལོ་ཚིགས་དང་《མཆིམས་པའི་ལོ་རྒྱུས་》བརྩམས་པའི་དུས་ཚོད་ཕན་ཚུན་ཞིབ་བསྡུར་བྱས་ཚེ། མཛད་བྱང་དུ་བསྟན་པའི་བཙུན་པ་ཟེའུ་ནི་སྣར་ཐང་དགོན་པའི་མཁན་རབས་བཅུ་གཅིག་པ་ཟེའུ་གྲགས་པ་ཤེས་རབ་ཡིན་པར་གསལ།
        དཔེ་རྙིང་འདི་ཉིད་བརྩམས་པའི་དུས་ཚོད་ནི་མཛད་བྱང་དུ་གསལ་མེད། འོན་ཀྱང་གཞུང་དངོས་སུ། “མཆིམས་གོ་ཆ་འབར་གྱིས་ཡབ་ལ་མཛོད་ལ་སོགས་པ་བསླབས་ཤིང་། དགུང་ལོ་བཅུ་བཞི་ལོན་པའི་དུས་སུ་ཇོ་བོ་ཆེན་པོ་རྗེ་ལྷ་ཅིག་དང་མཇལ་ནས་ཆོས་ཅུང་ཟད་གསན། ཇོ་བོ་འདས་ནས་ཆུ་མོ་ལུག་ཡན་ཆད་ལ་ལོ་དྲུག་བཅུ་སྐོར་བཞི་སོང་གསུངས་”⑨ཞེས་འཁོད་པར་ལྟར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་(982-1054)སྐུ་འདས་པའི་དུས་ཚོད་ནི་ཡོངས་གྲགས་ཀྱི་སྤྱི་ལོ་1054ལོར་ཡིན་པ་དང་། དེ་ནས་བརྩིས་པའི་ལོ་དྲུག་བཅུ་སྐོར་བཞིའི་རྗེས་ཀྱི་ཆུ་མོ་ལུག་ནི་1283ལོར་ཡིན་ཞིང་། མཆིམས་ནམ་མཁའ་གྲགས་སྐུ་འདས་པའི་དུས་ཚོད་ནི་1285 ལོར་ཡིན་པས། གོང་འོག་གུང་བསྒྲིགས་ན་《མཆིམས་པའི་ལོ་རྒྱུས་》ནི་1283ལོར་མཆིམས་ནམ་མཁའ་གྲགས་ཀྱིས་གསུངས་ཤིང་།ཟེའུ་གྲགས་པ་ཤེས་རབ་ཀྱིས་ཡི་གེར་བཏབ་པ་ཡིན།
        གསུམ་པ། ནང་དོན་ལ་དཔྱད་པ།
        དཔེ་རྙིང་འདི་ནི་ལོ་ངོ་བདུན་བརྒྱ་ལྷག་ཙམ་གོང་གི་ལོ་རྒྱུས་ཤུལ་བཞག་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་བརྩམས་དུས་ཅུང་སྔ་བའི་གྲས་སུ་མཆིས། ལྷག་པར་གདུང་རབས་ངོས་ནས་བརྗོད་ན། ད་ཕན་ང་ཚོས་མཇལ་རྒྱུ་ཡོད་པའི་བོད་ཀྱི་གྲགས་ཅན་གདུང་རབས་དཔེར་ན་《དཔལ་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་》དང་། 《ཆོས་གྲྭ་ཆེན་པོ་དཔལ་ཞ་ལུ་གསེར་ཁང་གི་བདག་པོ་ཇོ་བོ་ལྕེའི་གདུང་རབས》 《དཔལ་ལྡན་གཡས་རུ་བྱང་པའི་གདུང་རབས་》ལ་སོགས་པ་ལས་སྔ་བས། འདི་ནི་ཤིན་ཏུ་རྩ་ཆེ་བའི་ལོ་རྒྱུས་ཡིག་ཆ་ཡིན་པ་གང་ཞིག དཔྱད་གཞིའི་རིན་ཐང་ཆེར་ལྡན།གཤམ་ལ་དཔེ་རྙིང་འདིར་འཁོད་པའི་ནང་དོན་གནད་འགག་ཁ་ཅིག་ལ་དཔྱད་པ་རོབ་ཙམ་ཞུ་བ་ལགས་ཏེ།
        གཅིག དུས་རབས་བཅུ་གཅིག་ནས་བཅུ་གསུམ་བར་མཆིམས་ཀྱི་རུས་རྒྱུད་འཕེལ་ཚུལ།
        མཆིམས་ཀྱི་གདུང་རྒྱུད་སྐོར་ལ་སྔ་དེང་ཞིབ་འཇུག་པ་མང་པོས་སྣང་འཇོག་བྱས་ཤིང་། རྩོམ་ཡིག་ཀྱང་ཁ་ཅིག་སྤེལ་མོད། དེ་དག་མང་ཆེ་བ་ནི་བཙན་པོའི་རྒྱལ་རབས་སྐབས་མཆིམས་ཀྱི་རུས་རྒྱུད་འཕེལ་རིམ་སྟེ། མཆིམས་རྒྱུད་ནས་ཐོན་པའི་བཙུན་མོ་དང་ཞང་བློན་གྱིས་གཙོས་པའི་བློན་པོའི་སྐོར་ལས་མ་འདས། ⑩ བཙན་པོའི་རྒྱལ་རབས་འཐོར་ཞིག་སོང་བའི་རྗེས། ཡང་མཆིམས་རྒྱུད་ནས་ཐོན་པའི་སངས་རྒྱས་བསྟན་པའི་རྗེས་འཇུག་སྐྱེས་ཆེན་ཁ་ཅིག་དང་། དེ་དག་གིས་མཛད་པའི་བརྩམས་ཆོས་དཔེར་ན་《མཆིམས་མཛོད་》ལ་སོགས་པའི་སྐོར་ལ་ཞིབ་འཇུག་གནང་ཡོད། ⑾ འོན་ཀྱང་དཔྱད་འབྲས་དེ་དག་ཐུན་མོང་གི་ཁྱད་ཆོས་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆར་བཞུགས་པའི་འབྲེལ་ཡོད་ཀྱི་ནང་དོན་ཧྲུག་དུམ་རྣམས་སྐུད་སྣེ་གཅིག་གི་སྟེང་དུ་བརྒྱུད་པ་ལྟར་བསྡུ་སྒྲིག་བྱས་པ་འབའ་ཞིག་མཆིས། ཡིན་ན་ཡང་《མཆིམས་པའི་ལོ་རྒྱུས་》ནང་དུ་དུས་རབས་བཅུ་གཅིག་ནས་བཅུ་གསུམ་བར་མཆིམས་ཀྱི་གདུང་རབས་འཕེལ་ཚུལ་ཆ་ཚང་བ་ཞིག་འཁོད་པས། དེས་ང་ཚོར་སྐད་གྲགས་ཅན་གྱི་ཁྱིམ་རྒྱུད་འདི་ཉིད་ཀྱི་ལོ་རྒྱུས་གསལ་ཁ་ཕྱེ་ཐུབ། ལྷག་པར་དུ་དཔེ་རྙིང་འདིའི་ནང་དུ་མཆིམས་རྒྱུད་ཀྱི་འབྱུང་ཁུངས་བསྟན་པའི་སྐབས་སུ་གདུང་རྒྱུད་གཞན་དཔེར་ན་ས་སྐྱ་འཁོན་ནི་འོད་གསལ་ལྷ་ལས་འཆད་པ་དང་། ཕག་གྲུ་རླངས་ནི་གནམ་ལྷ་མཆེད་བརྒྱད་ལས་འཆད་པ། གཡས་རུ་བྱང་བདག་ནི་མི་ཉག་སྭེའུ་རྒྱལ་པོའི་རྒྱུད་པ་ལས་འཆད་ཚུལ་སོགས་རང་གི་ཁྱིམ་རྒྱུད་ཀྱི་ཁུངས་ལྷའམ་ཡུལ་གཞན་གྱི་རྒྱལ་པོའི་རྒྱུད་པ་ཡིན་ཚུལ་སོགས་དང་མི་འདྲ་བར། མཆིམས་ནི་ཐད་ཀར་དཔལ་འཁོར་བཙན་(865-895)གྱི་བཙུན་མོ་མཆིམས་ཟ་མོ་མུ་ནེ་འོད་ཀྱི་གཅེན་པོ་མཆིམས་ཞང་བུ་ལེགས་གཙང་དུ་གནས་ཆགས་པ་ལས་མཆིམས་རྒྱུད་གཙང་དུ་གྱེས་ཚུལ་བསྟན་པས། འདི་ནི་ལྷ་སྒྲུང་ལ་སོགས་པའི་སྒྲོ་འདོགས་ཡོངས་སུ་སྤངས་ཏེ་ཐད་ཀར་ལོ་རྒྱུས་དངོས་དང་སྦྱར་བ་ཡིན་པས་དངོས་གཙོའི་ཁྱད་ཆོས་ལྡན་ཞིང་། དུས་རབས་བཅུ་གསུམ་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་དཔེ་མཚོན་ལྟ་བུར་འཇོག་འོས་པ་ཞིག་ཡིན།
        གཤམ་ལ་ཁོ་བོས་《མཆིམས་པའི་ལོ་རྒྱུས》ཀྱི་ནང་དོན་ལ་གཞིགས་ཏེ་མཆིམས་ཀྱི་གདུང་རྒྱུད་འཕེལ་ཚུལ་གྱི་རེའུ་མིག་ཅིག་བཀོད་ན།

རེའུ་མིག་དང་པོ། མཆིམས་ཞང་བུ་ལེགས་ནས་འཕེལ་བའི་མཆིམས་ཀྱི་གདུང་རྒྱུད།
        གོང་དུ་བཀོད་པའི་རེའུ་མིག་ནང་དུ་ཁྱོན་མི་རབས་15དང་མི་གྲངས་53ཙམ་གྱི་མཚན་བསྟན་ཡོད། དཔེ་རྙིང་ནང་དུ་སྤྱིར་མཆིམས་པ་རྣམས་ཀྱི་མཚན་ཐོ་མདོར་བསྡུས་ཤིག་ལས་འཁོད་མེད། འོན་ཀྱང་དེ་དག་ཁྲོད་མཆིམས་གོ་ཆ་འབར་དང་། མཆིམས་བརྩོན་འགྲུས་སེང་གེ མཆིམས་བློ་གྲོས་བརྟན་པ། དེ་བཞིན་དཔེ་རྙིང་འདི་གའི་མཛད་པ་པོར་གྲགས་པའི་མཆིམས་ནམ་མཁའ་གྲགས་སོགས་ཀྱི་མཛད་རྣམ་ཅུང་ཟད་འཁོད་ཡོད་པས། དེ་དག་གིས་ང་ཚོར་མཆིམས་རྒྱུད་ཀྱི་ལོ་རྒྱུས་གསལ་ཁ་ཕྱེ་བར་ཕན་ཐོགས་ཆེན་པོ་ལྡན་ཡོད།
        གཉིས། མཆིམས་རྒྱུད་གཙང་མྱང་སྟོད་དུ་གྱེས་ཚུལ། མཆིམས་ཀྱི་ཆེས་ཐོག་མའི་ལོ་རྒྱུས་ནི་ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཤོག་དྲིལ་P.T.1286ལས། རྒྱལ་ཕྲན་རིམ་བྱུང་གི་མིང་དུ་“ཡུལ་མཆྀམས་ཡུལ་གྱི་དགུའ་ཡུལ་ནའ།  རྗེ་མཆིམས་རྗེ་འྀ་ནེ་འུ། བློན་པོ་རླང་དང་དང་དིང་དེ་གཉིས་” ⒁ ཞེས་མཆིམས་ནི་བཙན་པོའི་རྒྱལ་རབས་མ་ཆགས་གོང་གི་རྒྱལ་ཕྲན་བཅུ་བདུན་གྱི་བྱེ་བྲག་ཅིག་ཡིན། ཕྱིས་སུ་སྤུར་རྒྱལ་དབར་གཉེན་སྒྲིག་གི་འབྲེལ་བ་བཙུགས་ཏེ་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཞང་བློན་ཁྱིམ་རྒྱུད་ཆེ་གྲས་བཞི་ཡི་ཡ་གྱལ་དུ་གཏོགས། ⒂ ལོ་རྒྱུས་ཐོག་མཆིམས་ཡུལ་གང་དུ་ཡིན་མིན་སྐོར་ལ་བོད་རིག་པའི་མཁས་དབང་པ་ཚབ་པ་སངས་དབང་འདུས་མཆོག་གིས་ལོ་རྒྱུས་ཡིག་ཆ་དང་ས་གནས་དངོས་ལ་རྟོག་ཞིབ་བྱས་པ་བརྒྱུད། དེང་སང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་དང་སྤོ་བོའི་ས་ཆ་རྣམས་གནའ་རབས་ཀྱི་མཆིམས་ཡུལ་ཡིན་ཞིང་། དེར་ཡོད་པའི་སླེབས་རིའི་བང་སོའི་ཚོགས་ནི་མཆིམས་རྒྱུད་ཀྱི་བང་སོ་ཡིན་པར་ཁུངས་བཙན་པོའི་ངང་ནས་སྒྲུབ་བྱེད་བཀོད་ཡོད། ⒃
        དེ་ཡང་《མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་》དུ་དམ་པ་འདི་ཉིད་ཀྱི་འཁྲུངས་ཡུལ་ནི་“དབུས་གཙང་ཡུལ་གྱི་སྙིང་པོ་བསྟན་པ་རབ་ཏུ་རྒྱས་པའི་ཉང་སྟོད་གླིང་ཆུང་ཞེས་བྱ་བའི་ཡུལ་གྱི་བྱེ་བྲག་སྟག་ཚལ་” ⒄ ཞེས་འཁོད་ཅིང་། གཞན་《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ཆོས་འབྱུང་》དུ་ཡང་མཆིམས་ནམ་མཁའ་གྲགས་ཀྱི་འཁྲུངས་ཡུལ་སྟག་ཚལ་ཡིན་པར་བསྟན། ⒅ སྐུ་ཞབས་པ་ཚབ་པ་སངས་དབང་འདུས་མཆོག་གིས། “སླེབས་རིའི་བང་སོ་ནས་རུས་ཁོག་གི་ཐམ་ག་ཞིག་ཐོན་ཡོད་ཅིང་། དེའི་ཐོག་ཏུ་ཁའུ་ཞང་ཟིག་ཅེས་པའི་ཡིག་འབྲུ་གསུམ་བརྐོས་ཡོད། ཡི་གེ་དེ་དག་གིས་ཕལ་ཆེར་མཆིམས་ཀྱི་གདུང་རྒྱུད་ཀྱི་བྱེ་བྲག་ཅིག་གི་མཚན་མིན་ནམ་” ⒆ ཞེས་གསུངས་བྱུང་བས། ཁོ་བོས་ས་གནས་དངོས་ལ་རྟོག་ཞིབ་བྱས་པ་བརྒྱུད། དེང་གི་ཆར་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མཁར་སྟོད་ཤང་གི་ས་ཁོངས་སུ་ཁའུ་ཞེས་པའི་གྲོང་ཚོ་ཞིག་ཡོད་པ་མཇལ་བྱུང་། ⒇ དེ་དང་རུས་ཁོག་གི་ཐམ་གའི་ཐོག་གི་ཡིག་འབྲུ་ཁའུ་དང་འབྲེལ་བ་ཡོད་མིན་ད་དུང་མུ་མཐུད་དཔྱད་པ་བགྱིས་དགོས་མོད། འོན་ཀྱང་ཤཱཀྱ་རིན་ཆེན་སྡེས་བརྩམས་པའི་《ཡར་ལུང་ཇོ་བོའི་ཆོས་འབྱུང་》དང་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་(1537- ? )ཀྱིས་བརྩམས་པའི་《བཀའ་གདམས་ཆོས་འབྱུང་》སོགས་ཀྱི་ནང་དུ་མཆིམས་ནམ་མཁའ་གྲགས་ཀྱི་འཁྲུངས་ཡུལ་ཁའུ་ཞེས་པའི་ས་ཆར་ཡིན་པར་བསྟན། (21) གང་ལྟར་གོང་གི་ཡིག་ཆ་རྣམས་ལས་དུས་རབས་བཅུ་གསུམ་ལ་མཆིམས་རྒྱུད་གཙང་མྱང་སྟོད་དུ་གནས་པར་མཚོན། འདི་ནི་གོང་དུ་སྨོས་པའི་དགས་ཀོང་ཕྱོགས་སུ་ཡོད་པའི་མཆིམས་ཡུལ་དང་འགལ་ཟླར་སོང་ཡོད། དེ་ལྟར་ལྷག་དོན་ནི་《མཆིམས་པའི་ལོ་རྒྱུས་》སུ། “དགེ་བའི་བཤེས་གཉེན་མཆིམས་པ་རྣམས་གཙང་དུ་ཇི་ལྟར་བྱོན་པའི་ཚུལ་ནི། དང་པོ་རྒྱལ་པོ་དཔལ་འཁོར་བཙན་གྱི་ཁབ་མཆིམས་ཟ་མོ་མུ་ནེ་འོད་ཅེས་བྱ་བ་གཙང་དུ་འོངས་པ་ལ་བརྟེན་ནས་དེའི་མིང་པོ་མཆིམས་ཞང་བུ་ལེགས་གཙང་དུ་ཆགས་” (22) ཞེས་དང་།《ཆོས་འབྱུང་མཁས་པའི་དགའ་སྟོན》དུ། “འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན་ཡབ་ཀྱི་བཅུ་དགུ་པ་ཤིང་བྱ་ལ་འཁྲུངས། ལོ་ཉེར་གཅིག་ལ་ཡབ་འདས་ནས་རྒྱལ་ས་མཛད། སྨན་ལུང་ལ་སོགས་པ་ལྷ་ཁང་བརྒྱད་བཞེངས། སོ་གཅིག་ལ་འདས། དེའི་བཙུན་མོ་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན། ཆུན་མའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལོ།། དེ་གཉིས་ཀྱི་སྲིད་ཕལ་ཆེར་ཡུམ་བརྟན་གྱིས་ཁྱེར་བས་སྟོད་དུ་བྱོན་ཏེ་བཀྲ་ཤིས་བརྩེགས་པ་དཔལ་ལ་སྟོད་དུ་བཞུགས། ཉི་མ་མགོན་མངའ་རིས་སུ་བྱོན་ཞེས་དཔལ་འཁོར་བཙན་འབངས་གྱེན་ལོག་གི་སྐབས་སུ་སྟག་རྩེ་དང་གཉགས་ཀྱིས་བཀྲོངས། ཡུམ་བརྟན་གྱིས་ས་ཆ་རྣམས་འཕྲོག་པར་བརྟེན།  ཁྲི་བཀྲ་ཤིས་བརྩེགས་པ་གཙང་གི་ཕྱོགས་སུ་བྲོས་ཤིང་། སྐྱིད་ལྡེ་ཉི་མ་མགོན་མངའ་རིས་ཕྱོགས་སུ་བྲོས་” (23)ཞེས་དང་། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་(1698-1755)མཛད་པའི་《བོད་རྗེ་ལྷ་བཙན་པོའི་གདུང་རབས་དང་དམ་པའི་ཆོས་ཇི་ལྟར་བྱུང་བ་》ལས། “མངའ་བདག་དཔལ་འཁོར་བཙན་གྱི་ཁབ་ཏུ་བཙུན་མོ་ཆེ་ཆུང་གཉིས་ལ་སྲས་རེ་རེ་བྱུང་སྟེ་ཆུན་མ་མཆིམས་བཟའ་བཙུན་ནེ་ལ་གཅེན་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་” (24) ཞེས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱི་མ་ཡུམ་ནི་མཆིམས་བཟའ་ཡིན་ཞིང་། 《ལྡེའུ་ཆོས་འབྱུང་རྒྱས་པ་》ལས་“མཆིམས་ཚ་བཀྲ་ཤིས་བརྩེགས་དཔལ་” (25) ཞེས་མཚན་གྱི་མདུན་དུ་མཆིམས་ཞེས་པའི་ཁྱིམ་རྒྱུད་ཀྱི་ཁུངས་བསྟན་པས། གོང་གི་ལུང་དེ་དག་ལས་མཆིམས་རྒྱུད་གཙང་དུ་གྱེས་ཚུལ་གསལ་པོར་རྟོགས་ཐུབ།
        མདོར་ན། དཔལ་འཁོར་བཙན་གྱི་སྐུ་དུས་སུ་ཕོ་བྲང་གི་ལྟེ་བ་ནི་མྱང་སྟོད་རྒྱལ་མཁར་རྩེ་སྟེ་དེང་སང་གི་རྒྱལ་རྩེ་ལ་ཡིན་ཞིང་། དུས་ཕྱིས་འབངས་གྱེན་ལོག་བྱུང་སྟེ་དཔལ་འཁོར་བཙན་ནི་སྟག་རྩེ་གཉགས་ཀྱིས་བཀྲོངས་པ་དང་། (26)ས་རྣམས་ཡུམ་བརྟན་རྒྱུད་ཀྱིས་འཕྲོག་པར་བརྟེན། དཔལ་འཁོར་བཙན་གྱི་སྲས་ཆུང་བ་བཀྲ་ཤིས་བརྩེགས་དཔལ་ནི་གཙང་ལ་སྟོད་དུ་བྲོས་པ་དང་། མཆིམས་ཟ་མོ་མུ་ནེ་འོད་གཙང་དུ་འོངས་བ་དང་ཆབས་ཅིག་དེའི་གཅེན་པོ་མཆིམས་ཞང་བུ་ལེགས་ཀྱང་གཙང་དུ་གནས་ཆགས་པས། མཆིམས་རྒྱུད་དུས་དེ་ནས་བཟུང་གཙང་མྱང་སྟོད་དུ་གྱེས་པ་ཡིན། མཆིམས་ནམ་མཁའ་གྲགས་ཀྱང་མཆིམས་ཞང་བུ་ལེགས་ཀྱི་རྒྱུད་པ་ཡིན་ནོ།།
        གསུམ། 《མངོན་པ་མཛོད་》མཆིམས་རྒྱུད་དུ་དར་ཚུལ། 《མངོན་པ་མཛོད་》ནི་རྒྱ་གར་གྱི་སངས་རྒྱས་བསྟན་པའི་སློབ་དཔོན་དབྱིག་གཉེན་གྱིས་《བྱེ་བྲག་བཤད་མཚོ་ཆེན་མོ་》དང་《མངོན་པ་སྡེ་བདུན་》སོགས་ཀྱི་བརྗོད་བྱའི་སྙིང་པོ་མ་ལུས་པར་གཅིག་ཏུ་བསྡུས་ཤིང་། ཐེག་པ་ཆུང་ངུའི་མངོན་པའི་གཞུང་གི་རྩ་བ་གནས་བརྒྱད་ཀྱི་རང་བཞིན་ལྡན་པའི་བསྟན་བཅོས་ཤིག་ཡིན། དེ་ཡང་མངོན་པ་ཞེས་པ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་སྡེ་སྣོད་ལ་ཟེར་ཞིང་། (27) མཛོད་ཅེས་བྱ་བ་ནི་《མཛོད་འགྲེལ་མངོན་པའི་རྒྱན་》ལས། “བསྟན་བཅོས་འདིར་མངོན་པ་སྡེ་བདུན་དང་བྱེ་བྲག་ཏུ་བཤད་པའི་དོན་དེ་དག་དོན་དུ་ཡང་དག་པར་ཏེ་གཅེས་གཅེས་རྣམས་ཆུད་པའི་ཕྱིར་མངོན་པའི་མཛོད་དེ་རལ་གྲི་གང་དུ་གཞུག་པ་དེ་ནི་རལ་གྲིའི་ཤུབས་ཡིན་པ་བཞིན་ནོ།། རྣམ་པ་གཅིག་ཏུ་ན་བསྟན་བཅོས་འདིའི་འབྱུང་བའི་གནས་མངོན་པ་སྡེ་བདུན་དང་བྱེ་བྲག་ཏུ་བཤད་པ་ཆེན་པོ་དེ་ཡིན་པས་ན་ཆོས་མངོན་པའི་མཛོད་ཅེས་བྱ་” (28) ཞེས་གསལ།
        དེ་ཡང་གོང་དུ་སྨོས་པ་བཞིན། 《མངོན་པ་མཛོད་》ཀྱི་རྩ་བ་ནི་རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དང་། 《བུ་སྟོན་ཆོས་འབྱུང་》དུ་“སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་བམ་པོ་གཉིས་པ་དང་། དེའི་རང་འགྲེལ་བམ་པོ་སུམ་ཅུ་པ་གཉིས་བཞུགས་ཤིང་། དེ་དག་བོད་ཡིག་ཏུ་བསྒྱུར་མཁན་ནི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཡིན་” (29) པར་བསྟན། དེར་བརྟེན། 《མངོན་པ་མཛོད་》ནི་བསྟན་པ་སྔ་དར་ཏེ་དུས་རབས་བརྒྱད་པར་བོད་ཡིག་ཏུ་ཐོག་མར་བསྒྱུར། བར་སྐབས་སྟོངས་ཤིང་ཕྱིས་པཎྚི་ཏ་སྨྲི་ཏིས་འགྱུར་གསར་མཛད། འོན་ཀྱང་དེང་གི་ཆར་མིག་ལམ་དུ་མཇལ་རྒྱུ་ཡོད་པའི་《བསྟན་འགྱུར་》ཁྲོད་སྨྲི་ཏིའི་བསྒྱུར་གསར་ནི་བཞུགས་མེད།  དགེ་བཤེས་ཤེས་རབ་རྒྱ་མཚོའི་(1884-1968)གསུང་སྒྲོས་ལས།  བསྟན་པ་ཕྱི་དར་ལ་སྨྲི་ཏིས་ཁམས་ཀློང་ཐང་དུ་མཛོད་ཀྱི་བཤད་པ་མཛད་པའི་བོད་ཊིཀ་གི་ཐོག་མ་ཡིན་པར་བཤད། (30)ཉང་ཉི་མ་འོད་ཟེར་(1136-1204)གྱིས་མཛད་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལས། “ཆོས་མངོན་པ་མཛོད་ནི།  སྔོན་སྐ་ཅོག་ཞང་གསུམ་ནས་བརྒྱུད་པ་བར་སྐབས་སུ་སྟོངས་པ་ལ།  དུས་ཕྱིས་སྨྲི་ཏིས་འགྱུར་གསར་མཛད། དེ་ནས་ཐོག་མའི་བཤད་པ་རྣམས་མཆིམས་རྒྱུད་ཀྱིས་དར་བར་མཛད། དགེ་བའི་བཤེས་གཉེན་བསྟེན། མཆིམས་བརྩོན་འགྲུས་བླ་མ། དེའི་སྲས་རྒྱལ་མཚན། དེའི་སྲས་སྒོམ་པ། དེའི་སྲས་དོན་གྲུབ་རྒྱལ། དེའི་སྲས་རིག་འཛིན། དེ་ལ་སྲས་བཞི་ནི་བརྩོན་འགྲུས་སེང་གེ ཆོས་ཀྱི་སེང་གེ ཆོ་ག ཞང་བཙུན་ནོ།། དེའི་སྲས་བློ་གྲོས་སེང་གེའོ།།” (31) ཞེས་《མངོན་པ་མཛོད་》ཀྱི་བཤད་རྒྱུན་བོད་དུ་བྱུང་ཚུལ་མདོར་བསྡུས་ཤིག་བསྟན་འདུག ཉང་ཉི་མ་འོད་ཟེར་གྱི་བཞེད་ཚུལ་ནི་《མཆིམས་པའི་ལོ་རྒྱུས་》དང་མི་མཐུན་པའི་ཆ་ཡོད་དེ། 《མཆིམས་པའི་ལོ་རྒྱུས་》ལས་མངོན་པ་མཛོད་ནི་མཆིམས་ཀླུ་སྨན་ནས་འགོ་བརྩམས་ཏེ་མཆིམས་རྒྱུད་དུ་དར་བ་ཡིན་ཞིང་། དེ་ནས་རིམ་བཞིན་འཕེལ་བས། མཆིམས་རྒྱུད་དུ་མངོན་པ་མཛོད་ཀྱི་བཤད་རྒྱུན་འཕེལ་ཚུལ་དེ་ལྟར་ཏེ།  
རེའུ་མིག་གཉིས་པ། 《མངོན་པ་མཛོད་》ཀྱི་བཤད་རྒྱུན་མཆིམས་རྒྱུད་དུ་འཕེལ་ཚུལ།

        མངོན་པ་བོད་དུ་དར་དུས་བཤད་རྒྱུན་གོང་འོག་གཉིས་བྱུང་ཞིང་། གོང་མ་ནི་《མངོན་པ་ཀུན་བཏུས་》དང་འོག་མ་ནི་《མངོན་པ་མཛོད་》ཡིན། འགོས་ལོ་གཞོན་ནུ་དཔལ་གྱིས་《དེབ་ཐེར་སྔོན་པོ་》ཡི་ནང་དུ་《མངོན་པ་ཀུན་བཏུས་》ཀྱི་བཤད་རྒྱུན་བོད་དུ་བྱུང་བའི་བརྒྱུད་པ་རྣམས་ཀྱི་མཚན་ཐོ་བཀོད་ཡོད། འོན་ཀྱང་《མངོན་པ་མཛོད་》ཀྱི་བཤད་རྒྱུན་གླེང་སྐབས་དེ་ལྟར་གསུངས་ཡོད་དེ། “མངོན་པ་མཛོད་འདི་བསྟན་པ་སྔ་དར་གྱི་དུས་སུ་འགྲེལ་བཤད་མང་པོ་དང་བཅས་པ་འགྱུར་ལ། བཤད་པ་ནི་པཎྚི་ཏ་སྨྲི་ཏི་ལས་བྱུང་བར་གྲགས་ཤིང་། དབུས་གཙང་དུ་དར་རྒྱས་ཆེ་བར་གྱུར་ཀྱང་བརྒྱུད་རིམ་གྱི་ཡི་གེ་མ་རྙེད་” (32) ཅེས་འགོས་ལོ་ཁོང་ལ་《མངོན་པ་མཛོད་》ཀྱི་བཤད་རྒྱུན་ལོ་རྒྱུས་སྐོར་གྱི་ཡིག་ཆ་ལག་སོན་མ་བྱུང་བས། དེའི་ཐོག་ནས་《མཆིམས་པའི་ལོ་རྒྱུས་》ནི་ཤིན་ཏུ་རྩ་ཆེན་ཡིན་པ་དེ་བས་གསལ་བཤད་ཐུབ།
        བཞི། བསྟན་པ་ཕྱི་དར་ལ་སངས་རྒྱས་ཆོས་ལུགས་དབུས་གཙང་ཁུལ་དུ་དར་ཚུལ། བཙན་པོའི་རྒྱལ་རབས་ནི་ཁྲི་དར་མ་འུ་དུམ་བཙན་(803-864)གྱི་ཕྱིས་སུ་དབུ་གཡོ་གཉིས་འཁྲུག་པ་དང་འབངས་གྱེན་ལོག་ལངས་པ་སོགས་དོན་རྐྱེན་ལྷག་པས། དུས་རབས་བཅུ་པའི་སྟོད་ཙམ་དུ་འོད་སྲུང་དང་ཡུམ་བརྟན་གཉིས་ཀྱི་རྒྱུད་པ་དང་། གཞན་ད་དུང་ཁྱིམ་ཚང་ཆེ་ཁག་གིས་རང་སོ་སོའི་མངའ་ཁོངས་སུ་སྲིད་དབང་བཙུགས་པས། བོད་འདི་ཉིད་རིམ་བཞིན་སིལ་བུར་འཐོར། འོན་ཀྱང་སྐབས་དེ་དུས་ས་གནས་ཁག་གི་དབང་འཛིན་མཁན་དེ་རྣམས་ཀྱིས་རང་རང་དགོས་མཁོའི་དབང་གིས་སངས་རྒྱས་བསྟན་པ་སླར་ཡང་དར་སྤེལ་མཛད། དེ་དག་ཁྲོད་ཀླུ་མེས་ཀྱིས་གཙོས་པའི་དབུས་ཀྱི་མཁས་པ་མི་བཅུ་དང་། ལྷ་བླ་མ་ཡེ་ཤེས་འོད། ལོ་ཆེན་རིན་ཆེན་བཟང་པོ་སོགས་ནི་སྐབས་དེ་དུས་ཀྱི་ཚབ་མཚོན་མི་སྣ་ཡིན། སྐབས་དེར་སངས་རྒྱས་ཆོས་ལུགས་ཀྱི་མདོ་དང་གསང་སྔགས་ཀྱི་ཆོས་སྐོར་མང་པོ་ཞིག་ཕ་ཤུལ་བུ་འཛིན་གྱི་རྒྱུན་འཛིན་བྱ་ཐབས་སྤྱད་དེ་དར་འཕེལ་བྱུང་བཞིན་མཆིས།
        དཔེར་ན་《མངོན་པ་མཛོད་》ནི་མཆིམས་རྒྱུད་ཀྱིས་རྒྱུན་འཛིན་དར་སྤེལ་མཛད་པའི་ཆོས་སྐོར་ཞིག་ཡིན་པ་སྐྱེ་བོ་ཀུན་གྱིས་གྲགས་མོད། འོན་ཀྱང་ཏུན་ཧོང་ཡིག་རྙིང་P.T.44《ཕུར་བུའི་རྒྱུད་འབུམ་སྡེའི་བྱུང་རིམ་དང་སྒོམ་ཐབས་མདོར་བསྡུས་》ཀྱི་ནང་དུ་པད་མ་སམ་བ་(བྷ)བའི་མཚན་དང་། ཁོང་ནས་བོད་དུ་རྡོ་རྗེ་ཕུར་པའི་ཆོས་སྐོར་དར་ཚུལ་མདོར་བསྡུས་ཤིག་བསྟན་ཞིང་། དེ་དག་ཁྲོད་མཆིམས་ཤག་པྲ་འམ་ཡོངས་གྲགས་ཀྱི་མཆིམས་ཤཱཀྱ་བྷ་དྲའི་མཚན་ཡང་མཇལ་རྒྱུ་ཡོད། (33) ཉང་ཉི་མ་འོད་ཟེར་གྱིས་ཀྱང་། “རྗེ་པད་མས་མཆིམས་ཤཱཀྱ་པྲ་བ་ལ་བརྒྱུད་པས། ཕུར་པ་མཆིམས་ལུགས་སུ་གྲགས”་ (34)ཞེས་གསུངས། དེའི་ཐོག་ནས་བསྟན་པ་སྔ་དར་གྱི་དུས་སུ་མཆིམས་རྒྱུད་ཀྱིས་དང་ལེན་དང་དར་སྤེལ་བྱས་པ་ནི་རྡོ་རྗེ་ཕུར་པའི་ཆོས་སྐོར་ཡིན།  
        ཕྱིས་སུ་མཆིམས་རྒྱུད་དུ་ཆོས་སྐོར་གཞན་དར་སྤེལ་བྱུང་ཡོད་དེ། 《མཆིམས་པའི་ལོ་རྒྱུས་》ལས། མཆིམས་བརྩོན་འགྲུས་སེང་གེས་མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་ཞབས་ལ་གཏུགས་ཏེ་མཆིམས་ཀྱི་ཁྱད་ཆོས་སུ་བྱེད་པའི་དབྱངས་ཅན་མ་དམར་མོ་གསན་པ་དང་། ཡང་མཆིམས་རྒྱུད་ཀྱི་སྐྱེས་ཆེན་ཁག་གཅིག་གིས་《མངོན་པ་མཛོད་》ཕུད། གཞན་ད་དུང་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་ཡང་སློབ་སྦྱོང་དང་དར་སྤེལ་མཛད་པས། དེའི་ཐོག་ནས་བསྟན་པ་སྔ་དར་ནས་འགོ་བརྩམས་ཏེ་མཆིམས་རྒྱུད་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་སྐོར་ག་གེ་མོ་ཞིག་དམིགས་སུ་བཀར་ཏེ་རང་སོ་སོའི་ཁྱིམ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཤིག་ཏུ་ངོས་འཛིན་ཏེ་ཕ་ཤུལ་བུ་འཛིན་གྱིས་རྒྱུན་འཛིན་དང་དར་སྤེལ་མཛད་བཞིན་མཆིས། དེ་ཡང་《མངོན་པ་མཛོད་》ནི་《མཆིམས་པའི་ལོ་རྒྱུས་》ཀྱི་ནང་དུ་འཁོད་པ་ལྟར་མཆིམས་ཀླུ་སྨན་ནས་འགོ་བཙུགས་ཏེ་མཆིམས་རྒྱུད་དུ་དར་བ་ཡིན།
        བོད་ཀྱི་ལོ་རྒྱུས་ཐོག་བསྟན་པ་ཕྱི་དར་གྱི་སྐོར་ནི་འདུལ་བ་སྟོད་སྨད་གཉིས་ནས་དར་བ་གཙོ་བོར་བྱས་ཏེ་གླེང་བས། འདི་ནི་སྔ་དེང་ལོ་རྒྱུས་སྨྲ་བ་མང་པོས་བོད་ཀྱི་ལོ་རྒྱུས་བཀོད་འབྲི་བྱེད་པའི་སྐབས་སུ་མ་གྲོས་གཅིག་མཐུན་གྱིས་འཛིན་པའི་ལྟ་བ་ཡིན། འོན་ཀྱང་《མཆིམས་པའི་ལོ་རྒྱུས་》ཀྱི་ནང་དུ་འཁོད་པའི་《མངོན་པ་མཛོད་》མཆིམས་རྒྱུད་དུ་དར་ཚུལ་གྱི་ནང་དོན་ལས་ང་ཚོས་བསྟན་པ་ཕྱི་དར་ནི་འདུལ་བ་སྟོད་སྨད་གཉིས་ནས་དར་བ་གཅིག་པུ་ཙམ་མ་ཡིན་པར། སངས་རྒྱས་ཆོས་ལུགས་ཀྱི་མདོ་དང་གསང་སྔགས་ཀྱི་ཆོས་སྐོར་མང་པོ་ནི་ཁྱིམ་རྒྱུད་ཆེ་ཁག་ཏུ་ཕ་ཤུལ་བུ་འཛིན་གྱི་བྱ་ཐབས་སྤྱད་དེ་རྒྱུན་མ་ཆད་པར་དར་འཕེལ་བྱུང་བས། དེ་ནི་དེང་སང་སངས་རྒྱས་ཆོས་ལུགས་མདོ་སྔགས་ཀྱི་ཆོས་སྐོར་མང་པོའི་འབྱུང་ཁུངས་ཡིན་པ་མ་ཟད། ད་བར་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཡང་ཡིན། དེར་བརྟེན། 《མཆིམས་པའི་ལོ་རྒྱུས་》ལྟ་བུའི་དཔེ་རྙིང་གིས་ང་ཚོར་མཆིམས་རྒྱུད་ཀྱི་འཕེལ་རིམ་ཙམ་མ་ཡིན་པར། བསྟན་པ་ཕྱི་དར་གྱི་སྐབས་སུ་སངས་རྒྱས་ཆོས་ལུགས་བོད་དུ་དར་འཕེལ་བྱུང་ཚུལ་གྱི་ལོ་རྒྱུས་ལ་བསམ་གཞིགས་ཀྱི་སྒོ་མོ་གཞན་ཞིག་ཕྱེ་བ་ཡིན།
        མཆན་འགྲེལ།
①本文系2014年度国家社科基金项目“钦•囊喀扎所著《阿底峡尊者传》翻译与研究”(14XZJ018)、2014年度教育部哲学社会科学重大课题攻关项目“藏文历史著作总目提要”(14YJZD037)的阶段性研究成果。
②“ཕྱི”ཞེས་པའི་ཡིག་འབྲུ་འདིའི་མཚོན་དོན་སྐོར་ལ་ཞིབ་འཇུག་པ་ཁག་གཅིག་གིས་རང་རང་གི་ལྟ་ཚུལ་གླེང་ཡོད་དེ། ཕྱི་གླིང་པ་Van der Kuijpལགས་ཀྱིས། “ཕྱི་ཡིག་འདིས་ཕལ་ཆེར་དཔེ་ཆ་འདི་ཉིད་ཕྱི་ལོགས་ནས་གདན་འདྲེན་ཞུས་པར་མཚོན། ཡང་ན་ཕྱི་འདི་ནང་དང་ཁ་གཏད་ཡིན་པས། དཔེ་ཆ་འདི་ནི་ཕྱི་ལ་གཡར་པོ་བྱེད་ཆོག་པ་ཡིན”ཞེས་གསུངས་པ་དང་། པད་མ་བཀྲ་ཤིས་ཀྱིས། “ཕྱི་ཡིག་དེས་གསུང་རབ་དེའི་དཔེ་ཁུངས་བརྗོད་པ་སྟེ་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་བོད་ཀྱི་ས་ཆ་མང་པོ་ཞིག་ནས་དཔལ་ལྡན་འབྲས་སྤུངས་སུ་གསུང་རབ་མང་དག་ཅིག་གདན་འདྲེན་ཞུས་པ་དེ་གསལ་བཤད་ཐུབ”ཞེས་དང་། འདར་ཚ་ཁྱུང་བདག་གིས། “ཕྱི་ཞེས་པ་འདི་ནི་རི་བོ་དགེ་ལུགས་པའི་དཔེ་ཆའི་གྲས་མིན་པ་མཚོན”ཞེས་གསུངས་འདུག Leonard W.J.van der Kuijp, A Fifteenth Century Biography of Lha bla ma Ye shes ’od(947-1019/24): Its Prolegomenon and Prophecies, Tibet in Dialogue withits Neighbours: History, Culture and Art of Central and Western Tibet, 8th to 15th century, China Tibetology Publishing House, 2015, p355;汉译参考了梁俊艳译:《一部15世纪的拉喇嘛益西沃(947-1019∕24)传记:前言及预言》,艾瑞卡•福特、梁俊艳等主编:《8-15世纪中西部西藏的历史、文化与艺术》,中国藏学出版社,2015年,第56页;པད་མ་བཀྲ་ཤིས། 《བོད་ཡིག་གནའ་དཔེའི་རྣམ་བཤད》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་238ན་གསལ། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་བརྩམས། འདར་ཚ་ཁྱུང་བདག་གིས་མཆན་བཏབ། 《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་མཆན་འགྲེལ་ཏི་སེའི་མགུལ་རྒྱན》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་8ན་གསལ།
③དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། 《འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་དཀར་ཆག》 མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས་1726ན་གསལ།
④མཆིམས་ནམ་མཁའ་གྲགས་ཀྱིས་གསུངས། ཟེའུ་གྲགས་པ་ཤེས་རབ་ཀྱིས་ཡི་གེར་བཏབ། 《མཆིམས་པའི་ལོ་རྒྱུས》 བྲིས་མ། ཤོག་ངོས་6A ན་གསལ།
⑤《རྭ་ལོའི་རྣམ་ཐར་》 ནི་རྗེ་བཙུན་ཆོས་རབ་ཀྱིས་ཞལ་ནས་གསུངས་ཤིང་རྭ་ཡེ་ཤེས་སེང་གེས་ཡི་གེར་བཀོད་པ་དང་《ཆག་ལོའི་རྣམ་ཐར་》ནི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་གསུངས་ཤིང་ཆོས་དཔལ་དར་བྱང་གིས་ཡི་གེར་བཀོད་པ་ཡིན།
⑥སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། 《མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར》 《སྣར་ཐང་གསེར་ཕྲེང》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་310ན་གསལ། པཎ་ཆེན་ཡེ་ཤེས་རྩེ་མོ། 《བཀའ་གདམས་ཆོས་འབྱུང》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤོག་གྲངས་43ན་གསལ།
⑦འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། ཤོག་ངོས་344ན་གསལ།
⑧ལས་ཆེན་ཀུན་དགའ་རྒྱལ་མཚན། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་433ན་གསལ།
⑨ 《མཆིམས་པའི་ལོ་རྒྱུས》 བྲིས་མ། ཤོག་ངོས་2A ན་གསལ།
⑩ ལྷག་སྒྲོན། 《བོད་ཀྱི་གནའ་རབས་མཆིམས་ཀྱི་རུས་རྒྱུད་སྐོར་བརྗོད་པ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ།
⑾ བསྟན་འཛིན་རྒྱལ་མཚན། 《མཆིམས་ནམ་མཁའ་གྲགས་དང་མཆིམས་འཇམ་དཔལ་དབྱངས་རྣམ་གཉིས་སྐྱེས་བུ་གཅིག་ཡིན་མིན་སྐོར་གྱི་དཔྱད་གླེང》 《བོད་ལྗོངས་ཞིབ་འཇུག》 2013ལོའི་དུས་དེབ་བཞི་པ། ཤོག་ངོས་87ནས་92ན་གསལ། གྲ་བཞི་མིག་དམར་ཚེ་རིང་། 《སྣར་ཐང་གདན་རབས་བདུན་པ་མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་ལ་དཔྱད་པ》 《བོད་ལྗོངས་སློབ་ཆེན་རིག་དེབ》 2016ལོའི་དུས་དེབ་གཉིས་པ། ཤོག་ངོས་54ནས་72ན་གསལ།
⑿ 《མཆིམས་པའི་ལོ་རྒྱུས》ཀྱི་ཡིག་ཕྲེང་བར་གྱི་མཆན་འགྲེལ་དུ་ར་ཛ་ལ་བུ་ཀླུ་སྨན་དང་། ལྕགས་ཀྱི་གྲོ་བཙུན་པ་ཤེས་རབ་ཡེ་ཤེས། ཞང་ལྟར་བཞི་ཡོད་པར་བསྟན་འདུག 《མཆིམས་པའི་ལོ་རྒྱུས》ཤོག་ངོས་1Bན་གསལ།
⒀ ཉེ་ཆར་ཁོ་བོས་བྲིས་པའི་དཔྱད་རྩོམ《སྣར་ཐང་གདན་རབས་བདུན་པ་མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་ལ་དཔྱད་པ་》ཞེས་པའི་ནང་དུ་མཆིམས་གློ་གྲོས་བརྟན་པ་དང་མཆིམས་ནམ་མཁའ་གྲགས་དབར་གྱི་འབྲེལ་བ་བསྟན་པའི་སྐབས་སུ་རེའུ་མིག་ཅིག་ཁ་སྣོན་གྱི་ཚུལ་དུ་བཀོད་མོད། འོན་ཀྱང་དེའི་ནང་དུ་དར་མགོན་གྱི་ཡབ་བཙན་དགའ་ལ་ནོར་འཁྲུལ་དུ་སོང་ནས་བུ་མོ་ཤོས་བརྩོན་དགའ་ཞེས་པ་ཞིག་བྲིས་ཡོད་པས། དེར་ནོར་འཁྲུལ་ཡོ་བསྲང་ཡོང་བར་མཁྱེན། གྲ་བཞི་མིག་དམར་ཚེ་རིང་། 《སྣར་ཐང་གདན་རབས་བདུན་པ་མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་ལ་དཔྱད་པ་》《བོད་ལྗོངས་སློབ་ཆེན་རིག་དེབ》2016ལོའི་དུས་དེབ་གཉིས་པ། ཤོག་ངོས་63ན་གསལ།
⒁ཉེ་ཆར་ཁོ་བོས་བྲིས་པའི་དཔྱད་རྩོམ་《སྣར་ཐང་གདན་རབས་བདུན་པ་མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་ལ་དཔྱད་པ》ཞེས་པའི་ནང་དུ་མཆིམས་བློ་གྲོས་བརྟན་པ་དང་མཆིམས་ནམ་མཁའ་གྲགས་དབར་གྱི་འབྲེལ་བ་བསྟན་པའི་སྐབས་སུ་རེའུ་མིག་ཅིག་ཁ་སྣོན་གྱི་ཚུལ་དུ་བཀོད་མོད། འོན་ཀྱང་དེའི་ནང་དུ་དར་མགོན་གྱི་ཡབ་བཙན་དགའ་ལ་ནོར་འཁྲུལ་དུ་སོང་ནས་བུ་མོ་ཤོས་བརྩོན་དགའ་ཞེས་པ་ཞིག་བྲིས་ཡོད་པས། དེར་ནོར་འཁྲུལ་ཡོ་བསྲང་ཡོང་བར་མཁྱེན། གྲ་བཞི་མིག་དམར་ཚེ་རིང་། 《སྣར་ཐང་གདན་རབས་བདུན་པ་མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་ལ་དཔྱད་པ》 《བོད་ལྗོངས་སློབ་ཆེན་རིག་དེབ》 2016ལོའི་དུས་དེབ་གཉིས་པ། ཤོག་ངོས་63ན་གསལ།
⒂王尧、陈践译注:《敦煌古藏文文献探索集》,上海古籍出版社,2008年,第60页。
⒃林冠群:《唐代吐蕃史研究》,联经出版事业股份有限公司,2011年,第534页。
⒄巴桑旺堆:《试解列山古墓葬群历史之谜》,《西藏研究》2006年第3期,第74页。
⒅སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། 《མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་310ན་གསལ།
⒆རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པར་གྲགས། 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ཆོས་འབྱུང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983ལོ། ཤོག་ངོས་115ན་གསལ།
⒇སྐུ་ཞབས་པ་ཚབ་པ་སངས་དབང་འདུས་མཆོག་གིས་དགོངས་འཆར་ལྷུག་པོར་བསྩལ་བ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། དེ་ཡང་ཉེ་ཆར་སླེབས་རིའི་བང་སོའི་ཚོགས་ལ་གནའ་རྫས་རྟོག་ཞིབ་བྱས་པའི་སྙན་ཞུ་ཞིག་《གནའ་རྫས་རྟོག་ཞིབ་》ཅེས་པའི་དུས་དེབ་ཐོག་ཏུ་སྤེལ་ཡོད་པས། རུས་ཁོག་གི་ཐམ་ག་སོགས་ཀྱི་སྐོར་ལ་ཞིབ་པར་མཁྱེན་འདོད་ན་སྙན་ཞུ་འདི་ལ་གཟིགས་པར་འཚལ། 详见中国社会科学院考古研究所西藏队、西藏自治区文物管理委员会:《西藏朗县列山墓地的调查与发掘》,《考古》2016年第11期,第61-62页。
(21)གྲ་བཞི་མིག་དམར་ཚེ་རིང་། 《སྣར་ཐང་གདན་རབས་བདུན་པ་མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་ལ་དཔྱད་པ》 《བོད་ལྗོངས་སློབ་ཆེན་རིག་དེབ》 2016ལོའི་དུས་དེབ་གཉིས་པ། ཤོག་ངོས་58ནས་60ན་གསལ།
(22)ཤཱཀྱ་རིན་ཆེན་སྡེ། 《ཡར་ལུང་ཇོ་བོའི་ཆོས་འབྱུང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་102ན་གསལ། ཨ་མེས་ངག་དབང་ཀུན་དགའ་བསོད་ནམས། 《བཀའ་གདམས་ཆོས་འབྱུང》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1995ལོ། ཤོག་ངོས་130ན་གསལ།
(23)《མཆིམས་པའི་ལོ་རྒྱུས》 བྲིས་མ། ཤོག་ངོས་1B ན་གསལ།
(24) དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་228ན་གསལ།
(25)ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ། 《བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང》 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་70ན་གསལ།
(26)མཁས་པ་ལྡེའུ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་363ན་གསལ།
(27)དེ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་ཀྱི་ཡོངས་གྲགས་ཀྱི་ལྟ་བ་ནི་དཔལ་འཁོར་བཙན་དགུང་ལོ་སོ་གཅིག་སྤྱི་ལོ་923ལོར་གྲོམ་པ་ལྷ་རྩེར་སྟག་རྩེ་གཉགས་ཀྱིས་བཀྲོངས་པ་ཡིན། འོན་ཀྱང་ཉེ་ཆར་གསར་དུ་རྙེད་པའི་སྤུ་རྒྱལ་བོད་དང་མངའ་རིས་སྟོད་ཀྱི་རྒྱལ་རབས་ཤིག་སྟེ་ཡོངས་གྲགས་ཀྱི་མཚན་ལ་《ཟླ་བའི་རིགས་ཀྱི་རྒྱལ་རབས》ནང་དུ་དཔལ་འཁོར་བཙན་བཀྲོངས་མཁན་ནི་རྔེགས་ཡིན་པར་བཤད། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་480ན་གསལ། པ་ཚབ་པ་སངས་དབང་འདུས། 《གསར་དུ་རྙེད་པའི་སྤུ་རྒྱལ་བོད་དང་མངའ་རིས་སྟོད་ཀྱི་རྒྱལ་རབས་སྐོར་གྱི་རྩ་ཆེའི་ཡིག་རྙིང་མཚམས་སྦྱོར་དཔྱད་གླེང》 《བོད་ལྗོངས་ཞིབ་འཇུག》 2012ལོའི་དུས་དེབ་བཞི་པ། ཤོག་ངོས་39ན་གསལ།
(28)ཚལ་པ་ཀུན་དགའ་རྡོ་རྗེས་མཛད། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཆན་འགྲེལ་བཀོད། 《དེབ་ཐེར་དམར་པོ》 མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་ངོས་173ན་གསལ།
(29)ཤཱཀྱའི་དགེ་སློང་འཇམ་དཔལ་དབྱངས། 《མཛོད་འགྲེལ་མངོན་པའི་རྒྱན》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1989ལོ། ཤོག་ངོས་13ན་གསལ།
(30)བུ་སྟོན་རིན་ཆེན་གྲུབ། 《བུ་སྟོན་ཆོས་འབྱུང》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1988ལོ། ཤོག་ངོས་229ན་གསལ།
(31)དགེ་བཤེས་ཤེས་རབ་རྒྱ་མཚོ། 《དཔེ་རྒྱུན་དཀོན་པོའི་ཐོ་ཡིག》 《དགེ་བཤེས་ཤེས་རབ་རྒྱ་མཚོའི་གསུང་འབུམ》 པོད་བདུན་པ། ཤིང་དཔར། ཤོག་ངོས་20ན་གསལ།
(32)ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་436ན་གསལ།
(33)འགོས་ལོ་གཞོན་ནུ་དཔལ།《དེབ་ཐེར་སྔོན་པོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། ཤོག་ངོས་420-421ན་གསལ།
(34)ཅིན་ཡཱ་ཧྲིན་སོགས་ཀྱིས་གཙོ་སྒྲིག་བྱས། 《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》 པོད་དང་པོ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་257ན་གསལ། གཞན་ཡང་《དཔལ་རྡོ་རྗེ་ཕུར་པའི་ཆོས་ཀྱི་བྱུང་ཚུལ་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས》སུ། བཙན་པོ་ཁྲི་སྲོང་ལྡེ་བཙན་(718-785)གྱི་སྐུ་དུས་སུ་སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། མཆིམས་ཤཱཀྱ་བྷ་དྲ། ཤུད་བུ་དཔལ་གསུམ་སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་ཞུ་བར་མངགས་པས། ཁོང་གསུམ་པོར་སློབ་དཔོན་གྱི་དྲུང་ནས་རྡོ་རྗེ་ཕུར་པའི་གདམས་ངག་ཞུས་པ་ཡིན་པས། བོད་དུ་རྡོ་རྗེ་ཕུར་པའི་ལུགས་མི་འདྲ་བ་བྱུང་ཞིང་། མཆིམས་ལུགས་ནི་དེ་དག་གི་ནང་གསེས་ཤིག་ཡིན། བཙུན་པ་ནམ་མཁར་སྤྱོད་པ། 《དཔལ་རྡོ་རྗེ་ཕུར་པའི་ཆོས་ཀྱི་བྱུང་ཚུལ་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས》 མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་11ན་གསལ།