ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཆབ་མདོ་ནས་“སྦྲེལ་དྲ+”ལ་བརྟེན་ནས་ཐུམ་འབུའི་ནད་ལ་ཕྱོགས་བསྡུས་འགོག་བཅོས་བྱས།

སྤེལ་དུས 2019-07-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གཞི་བརྟན་དམངས་ཕན་གྱི་བྱ་འགུལ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་དོན། 2017ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཚོའི་བཅའ་སྡོད་ལས་བྱེད་པའི་ཐོན་ཁུངས་དང་མཐུན་རྐྱེན་ལ་གཞིགས་ནས། བདེ་ཐང་སློབ་གསོ་གཙོ་བོ་དང་འགོག་བཅོས་ཟུར་བརྟེན་བྱེད་པའི་བྱེད་ཐབས་ལྟར།  ཐུམ་འབུའི་ནད་ཡམས་ཀྱི་མཆེད་ཁུངས་གཅོད་པར་བར་སྐབས་ཀྱི་གྲུབ་འབྲས་བླངས།
ཐུམ་འབུའི་ནད་ཀྱི་གཏེ་བོ་སྲིན་ལྒང་གི་རྟེན་འཚོའི་པར་རིས། 
             ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་ཐུམ་འབུའི་ནད་འགོག་བཅོས་ལས་དོན་དེ་དམངས་འཚོའི་ལས་གཞི་གལ་ཆེན་དུ་བརྩིས་ནས་དམ་པོར་བཟུང་བ་དང་། གཟའ་འཁོར་རེར་ལས་དོན་འཆར་འགོད་ཐེངས་གཅིག་དང་ཟླ་ཕྱེད་རེར་ཁོར་ཡུག་གི་གཙང་སྦྲ་བཅོས་སྐྱོང་ཐེངས་གཅིག ཟླ་རེར་བྱ་བའི་ཕྱོགས་སྡོམ་ཐེངས་གཅིག དུས་ཚིགས་རེར་ལྟ་ཞིབ་ཐེངས་གཅིག ལོ་རེར་ཁྱོན་ཡོངས་ནས་ཕྱོགས་སྡོམ་ཐེངས་གཅིག་བཅས་“གཅིག་ཅན་ལྔའི་”ལས་དོན་ལམ་ལུགས་བཙུགས་ནས། མི་ཚོགས་འདེམ་བཤེར་དང་ནད་པར་སྨན་བཅོས། དྲིལ་སྒྲོག་སློབ་གསོ། བཏུང་ཆུའི་བདེ་འཇགས། སྒོ་ཁྱི་དོ་དམ། ཕྱུགས་འབུ་གསོད་པ་སོགས་ཀྱི་ལས་དོན་རྣམས་སྤེལ་བ་མ་ཟད།  ལས་ཀའི་གནས་ཚུལ་དེ་སྡེ་ཚན་དང་མི་སྒེར་གྱི་ལོ་འཁོར་གྱི་སྔོན་ཐོན་ལེགས་འདེམ་སྐབས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས་ཐུམ་འབུའི་ནད་ལ་ཕྱོགས་བསྡུས་འགོག་བཅོས་བྱ་བ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས། 
             ཐུམ་འབུའི་ནད་ལ་ཕྱོགས་བསྡུས་འགོག་བཅོས་བྱ་བར་གྲུབ་འབྲས་སྨིན་ཐུབ་མིན་གྱི་འགག་རྩ་ནི་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་མིན་དེ་ཡིན་པས། ཆབ་མདོའི་བཅའ་སྡོད་ལས་བྱེད་པ་རྣམས་ཀྱིས་མང་ཚོགས་ལ་“ཉན་ཤེས་པ་དང་། གོ་བ་ལོན་པ། ཡིད་ཆེས་པ། སྒྲུབ་འདོད་པ”བཅས་ཀྱི་དམིགས་ཚད་ལྟར་ཐབས་དང་རྣམ་པ་སྣ་ཚོགས་སྤྱད་ནས་རྒྱ་ཆེའི་མང་ཚོགས་ཀྱི་འཛེམ་དོགས་སེལ་ཏེ་རང་འགུལ་གྱིས་འདེམ་བཤེར་དང་སྨན་བཅོས་དང་ལེན་ཡོང་བ་བྱས། གཞན་ཡང་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་འཕྲོད་བསྟེན་གོམས་སྲོལ་ལེགས་པོ་སྐྱེད་སྲིང་བྱས་ཏེ་འདུ་ཤེས་རྙིང་པའི་མཁྲེགས་བཟུང་ཅན་གྱི་བློ་ཁ་བསྒྱུར་ཏེ་བདེ་ཐང་དཔལ་ཡོན་ལྡན་པའི་འཚོ་བར་རེ་སྙེག་བྱེད། 
             དེའི་ནང་དུ་བཅའ་སྡོད་ལས་བྱེད་པ་རྣམས་ཀྱིས་“སྒྲོག་འགྲེལ་+དྲ་རྒྱའི་སྨྱན་བྱེད”ལྟར་གྲོང་ཚོ་ཡོངས་འདུས་པའི་སྐད་འཕྲིན་སྤྱི་སྟེགས་དང་། སྐད་འཕྲིན་ཚོགས་པ། QQཚོགས་པ་བཙུགས་ཤིང་། གྲོང་ཨུའི་གློག་ཀླད་ཁང་གི་སྒོ་ཕྱེས་ནས་དྲ་ཐོག་ནས་མང་ཚོགས་ལ་ཐུམ་འབུའི་ནད་ཀྱི་ཤེས་བྱ་འགྲེལ་བཤད་སྐྱོན་པ་དང་དུས་བཀག་ལྟར་བརྒྱུད་འགོད་བྱས། དུས་དེབ་ཐོག་ཏུ་བདེ་ཐང་ཤེས་བྱ་དང་འགོག་བཅོས་བྱ་བའི་ཆ་འཕྲིན་མང་པོ་སྤེལ་ནས་མང་ཚོགས་རྣམས་ལ་ཤ་རློན་པ་མི་ཟ་བ་དང་ཆུ་མ་སྐོལ་བར་མི་འཐུང་བ་སོགས་བཟའ་བཏུང་གི་གོམས་སྲོལ་རྣམས་གོ་བསྐོན་བྱུང་བས། ཞིང་འབྲོག་མང་ཚོགས་རྣམས་དེ་སྔོན་གཞན་དབང་ཐུམ་འབུའི་ནད་ཀྱི་འགོག་བཅོས་ཤེས་བྱ་དང་ལེན་བྱེད་པ་ནས་རིམ་བཞིན་རང་འགུལ་རང་འཐད་ཀྱིས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལ་ཕྱོགས་པར་གྱུར། གཞན་ཡང་གྲོང་ཚོའི་བཅའ་སྡོད་ལས་བྱེད་པ་རྣམས་ཀྱིས་ཡུལ་མིའི་གྲོས་ཚོགས་དང་དུད་ཁྱིམ་རེས་བསྐྱོད་ཀྱི་བྱེད་ཕྱོགས་ལྟར་ལྟ་ཀློག་རྒྱུ་ཆ་མཁོ་སྦྱིན་དང་། ཁྱབ་བརྡ་སྦྱོར་བ། འཕྲེད་ཡིག་འགེལ་བ། LEDབརྙན་ཤེལ་ནང་རེས་མོས་ཀྱིས་ཐུམ་འབུའི་ནད་ཀྱི་ཤེས་བྱ་གཙོ་བོ་དག་བསྟན། དེ་ཡང་གཙོ་བོ་ནི་འབྲོག་སའི་སྦྲ་གུར་དང་ཁང་བའི་མདུན་རྒྱབ། ཞིང་ཁ། དབྱར་རྩྭ་དགུན་འབུ་བརྐོ་བའི་གནས་སོགས་མི་ཚོགས་མང་ས་ནས་གཅིག་སྡུད་ཀྱིས་སྒྲོག་འགྲེལ་བྱེད་པའམ་ཡང་ན་གཅིག་ལ་གཅིག་གཏད་ཀྱིས་སྒྲོག་འགྲེལ་བྱེད་པ་བཅས་ཐབས་སྣ་ཚོགས་བརྒྱུད་ནས་མི་དམངས་མང་ཚོགས་རྣམས་ལ་ཐུམ་འབུའི་ནད་ཀྱི་གནོད་པ་དང་འགོས་སྟངས། འགོག་ཐབས་སོགས་བཤད་དེ་ཁོང་ཚོའི་ནད་འགོག་འདུ་ཤེས་དང་ནུས་པ་ཇེ་ལེགས་སུ་བཏང་བ་རེད། 
             ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ལས་ཀ་ལེགས་པར་སྒྲུབ་ཆེད་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། སྤྱི་བདེ། སྡོད་གནས་འཛུགས་སྐྲུན། ཞིང་འབྲོག་སོགས་སྡེ་ཁག་མང་པོ་མཉམ་འབྲེལ་བྱས་ནས། མང་ཚོགས་རྣམས་འདེམ་བཤེར་ནང་ཞུགས་པ་དང་དབུལ་ཕོངས་མང་ཚོགས་ཀྱི་ནད་ཕོག་མུ་གྲངས་རྩད་གཅོད། སྨན་བཅོས་གསོ་བཅོས་གནས་ཚུལ་རྒྱུས་ལོན། རྗེས་སྙེག་དོ་དམ་བྱེད་པ་བཅས་ཀྱི་བྱ་བར་རྩ་འཛུགས་བྱེད་པ་དང་ཆབས་ཅིག ཐུམ་འབུའི་ནད་ལ་ཕྱོགས་བསྡུས་འགོག་བཅོས་བྱ་བ་དང་གནད་སྨིན་དབུལ་སྐྱོར་ཟུང་དུ་སྦྲེལ་སྟེ་ཡིག་ཚགས་བཟོས་པའི་དུད་ཚང་གི་ཐུམ་འབུའི་ནད་པར་སྨན་བཅོས་བྱེད་ཤུགས་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ངེས་མེད་ལྟར་ཉེ་བཅར་ལྟ་སྐུལ་གྱིས་སྨན་དུས་ལྟར་འཐུང་བ་དང་། གཤག་བཅོས་སྨན་བཅོས་བྱེད་པ། དམངས་སྲིད་རོགས་སྐྱོར་དང་འགྲོ་སོང་རྩིས་ཞུ་སོགས་ལ་རོགས་རམ་བྱས་ཏེ། ནད་གཞིས་དབུལ་བོར་བསྒྱུར་བ་དང་ནད་གཞིས་ཡང་བསྐྱར་དབུལ་བོ་གྱུར་པའི་གནད་དོན་ཐག་གཅོད་གང་ལེགས་བྱས།
             དུས་མཚུངས་སུ་འཚོ་གནས་ཁོར་ཡུག་བཅོས་སྐྱོང་དང་སྒོ་ཁྱིའི་དོ་དམ་ལེགས་པོ་བྱས་ནས། མང་ཚོགས་རྩ་འཛུགས་བྱས་ཏེ་གྲོང་ཚོའི་འཕྲོད་བསྟེན་གྲུ་ཟུར་མ་ལུས་གཙང་བཤེར་བྱེད་པ་དང་། འཐུང་ཆུའི་བདེ་འཇགས་དང་ཆུ་ཁུངས་འགོག་སྲུང་སྒྲིག་ཆས་ཁག་ཐེག་ཡོང་བ། ཆུ་སྦུག་དོ་དམ་པ་དང་རྩྭ་ཐང་ལྟ་སྐུལ་པ་ངེས་གཏན་བྱས་ནས་ཆུ་མགོ་དང་རྩྭ་རའི་འཕྲོད་རྟེན་ལ་སྐོར་ཞིབ་བྱེད་པ། དུས་ཐོག་ཏུ་ཆུ་མགོའི་གད་སྙིགས་གཙང་བཤེར་བྱེད་པ། སྤང་ཐོག་གི་ཁྱི་རྟུག་གཙང་སེལ།  མི་དང་སྒོ་ཁྱིའི་ཆུ་མགོ་གཅིག་ལ་མི་བྱ་བ། རྩྭ་རའི་བཙོག་བཟོའི་རྐྱེན་པས་ཕྱུགས་ཟོག་ལ་ནད་འགོ་བ་འགོག་པ་མ་ཟད། ད་དུང་ནད་ཡམས་འགོ་བའི་རྩ་བ་ནས་གཅོད་པའི་ལས་ཀར་ཤུགས་སྣོན་བརྒྱབ།  སྒོ་ཁྱིར་ཡིག་ཚགས་བཟོ་བ་དང་། ཁྱི་ལྡོམ་ལ་བསྡུ་ཉར་དོ་དམ་བྱེད་པ།  ཟླ་ལྟར་ཁྱི་ལ་འཐུ་འབུ་གསོད་པའི་སྨན་རྒྱག་པ་བཅས་ཀྱི་ལས་ཀ་རྣམས་ཡག་པོ་བསྒྲུབས། 
“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཞེས་པའི་སྨན་བཅོས་ཆེད་མཁས་པས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གར་པ་གྲོང་ཚོ་ནས་མཆིན་པའི་ཐུམ་འབུའི་ནད་ལ་འདེམ་བཤེར་བྱེད་བཞིན་པ།
             ཐུམ་འབུའི་ནད་ནི་མི་ཕྱུགས་གཉིས་ཀར་འབྱུང་བའི་ནད་ཅིག་ཡིན་ཏེ། གཙོ་བོ་རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་ཞིང་འབྲོག་རྫོང་350ཡི་མི་གྲངས་ཕལ་ཆེར་ཁྲི་5000ལ་འཇིགས་སྣང་སྐུལ་བཞིན་ཡོད། མཐོ་སྒང་ས་ཁུལ་གྱི་མི་རྣམས་ཀྱི་ཐུམ་འབུའི་ནད་ཀྱི་ཆ་སྙོམས་ནད་ཕོག་ཚད་1.20%དང་། སྐོར་ཞིག་12%ཡན་ལ་སླེབས། དེའི་ནང་ལྦུ་བ་ཅན་གྱི་ཐུམ་འབུའི་ནད་དེ་གལ་སྲིད་སྨན་བཅོས་མ་བྱས་ཚེ་ལོ་10ཡི་ནང་ནས་ཤི་བའི་ཚད་90%ཡན་ལ་སླེབས། དེ་ལ་“འབུ་སྐྲན”ཞེས་གྲགས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བར་མཐོང་ཆེན་གལ་ཆེན་བྱེད་བཞིན་ཡོད་ལ། བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། 2017ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ནས་སྨན་བཅོས་ལས་བྱེད་པ་3000ལྷག་དང་བོད་སྐྱོར་ཆེད་མཁས་པ་500ཉེ་བ་གཅིག་གྱུར་འཆར་འགོད་བྱས་ཏེ་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་མི་འབོར་ཁྲི་300ལྷག་ལ་འདེམ་བཤེར་བྱས་ཤིང་། ནད་པ་5000ལྷག་ལ་གཤག་བཅོས་དང་སྨན་བཅོས་བྱས་པ་མ་ཟད། ནད་དང་མཐུན་པའི་སྨན་རྫས་ཚད་གཞི་ལྟར་ནད་པ་རྣམས་ལ་གཅིག་གྱུར་རིན་མེད་ཀྱིས་བྱིན་ནས་ཚང་མར་སྨན་བཅོས་བྱས་པ་རེད།