2019ལོའི་བོད་ཀྱི་དྲ་རྒྱའི་དཔལ་ཡོན་སློབ་རར་བསྐྱོད་པའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།
སྤེལ་དུས 2019-11-29
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ཆེའི་རྒྱལ་ཁབ་སྐོར་གྱི་དགོངས་པ་གལ་ཆེན་དང་“ཀྲུང་གོའི་དྲ་དམངས་བཟང་པོ་སྐྱེད་སྲིང་བྱེད་པ”ཡི་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་ཆེད། ཟླ་11ཚེས་28ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུའི་དྲ་འཕྲིན་གཞུང་དོན་ཁང་དང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་མཛད་པ་དང་། ལྷ་ས་གྲོང་ཨུའི་དྲ་འཕྲིན་གཞུང་དོན་ཁང་དང་། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་བཅས་ཀྱིས་འགན་སྒྲུབ་མཛད་པའི་2019ལོའི་བོད་ཀྱི་དྲ་རྒྱའི་དཔལ་ཡོན་སློབ་རར་བསྐྱོད་པའི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མའི་བྱེད་སྒོའི་ལྟེ་གནས་སུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།
ཐེངས་འདིའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“དྲ་རྒྱའི་བྱང་ཚད་མཐོ་རུ་བཏང་ནས་སློབ་གྲྭའི་དྲ་དམངས་ཡག་པོ་ཞིག་བྱེད་དགོས”ཞེས་པ་དེ་ཡིན་ཞིང་། དེའི་དམིགས་ཡུལ་ནི་དྲ་རྒྱའི་ཆ་འཕྲིན་སྡེ་ཁག་དང་། སློབ་གསོའི་སྡེ་ཁག མང་ཚོགས་ཚོགས་པའི་རྩ་འཛུགས་སོགས་ཀྱིས་འབད་བརྩོན་བྱས་པ་བརྒྱུད་བདེ་ཐང་དང་ཡར་ཐོན་དགེ་སྒྲུབ་ཀྱི་དྲ་རྒྱའི་རིག་གནས་ཤིག་གོང་འཕེལ་གཏོང་བ་མ་ཟད། རྒྱ་ཆེའི་གཞོན་ནུ་ལོ་ཆུང་དྲ་དམངས་ཀྱིས་ལུགས་མཐུན་ངང་རང་གི་བསམ་ཚུལ་བརྗོད་པ་དང་ སྒྲིག་ལམ་ལྡན་པའི་ངང་དེའི་ནང་ཞུགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བཅས་བྱས་ཏེ། སྤྱོད་བཟང་དང་ཡར་ཐོན་ལ་ཕྱོགས་པའི་དྲ་ཞུགས་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱེད་པ་དང་། ཤེས་ཡོན་ལྡན་ལ་ཁྲིམས་ལུགས་སྲུང་བའི་དྲ་ཞུགས་གོམས་གཤིས་བརྟན་པོར་བསྐྲུན་ནས། རྒྱ་ཆེའི་དྲ་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོར་དྲ་རྒྱའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་དེ་རེད།
འགོ་ཚུགས་མཛད་སྒོའི་ཐོག་ཚོགས་ཞུགས་འགོ་ཁྲིད་རྣམ་པས་དྲ་རྒྱའི་བྱང་ཚད་གསོ་སྦྱོང་རྟེན་གཞིར་སྒོ་བྱང་སྤྲད་པ་མ་ཟད། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་རྒྱ་ཆེའི་དགེ་སློབ་དང་མཉམ་དུ་“དུས་རབས་གསར་པ།•ང་དང་མེས་རྒྱལ་མཉམ་དུ་འཚར་ལོངས་བྱུང་།”ཞེས་པའི་ཀྲུང་གོའི་དྲ་དམངས་བཟང་པོར་བརྩོན་པའི་དྲིལ་བསྒྲགས་ཀྱི་འགུལ་རིས་བརྙན་ཐུང་ལ་བལྟས་པ་རེད། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མའི་འཐུས་མིས《དྲ་རྒྱའི་དཔལ་ཡོན་སློབ་གྲྭར་སྤེལ་བའི་བྱེད་སྒོའི་གྲོས་འགོའི་ཡི་གེ》སྒྲོག་སྦྱངས་བྱས་ཏེ། ཚད་ལྡན་གྱི་སློབ་གྲྭའི་དྲ་དམངས་ཡག་པོ་ཞིག་བྱ་རྒྱུའི་ཁས་ལེན་བྱས་པ་དང་། ད་དུང་བྱེད་སྒོའི་ཡུལ་དངོས་སུ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མར་དྲ་རྒྱའི་བྱང་ཚད་སློབ་གསོའི་དྲིལ་བསྒྲགས་ལག་དེབ་སྤྲད་ནས“ང་རང་ཆེས་དགའ་ཤོས་ཀྱི་དྲ་རྒྱའི་སྐད་ཆ”ཞེས་པར་མིང་རྟགས་འགོད་པའི་བྱེད་སྒོ་སྤེལ།
འགོ་ཚུགས་མཛད་སྒོའི་རྗེས་སུ། བྱེད་སྒོའི་གཙོ་སྒྲུབ་ལས་ཁུངས་ཀྱིས་ད་དུང་ཆེད་དུ་དྲ་རྒྱའི་བདེ་འཇགས་ཐད་ཀྱི་ཆེད་མཁས་པ་གདན་དྲངས་ནས་རྒྱ་ཆེའི་དགེ་སློབ་ཚོར་ཆེད་དོན་ཟུར་ཁྲིད་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་གཙོ་སྒྲུབ་ལས་ཁུངས་ཀྱིས་ད་དུང་རྒྱལ་དར་འོག་གི་གཏམ་བཤད་དང་། ལག་བྲིས་ཚགས་པར་དཔྱད་འདེམས། བརྗོད་དོན་དེའི་སྐོར་གྱི་རྩོམ་ཡིག་བསྡུ་བ། ཤེས་བྱའི་སློབ་ཁྲིད་དང་དེའི་སྐོར་གྱི་འཛིན་གྲྭའི་ཚོགས་འདུ་སོགས་བརྗོད་བྱ་ཁ་གསལ་ལ་སློབ་མས་དང་ལེན་བྱེད་སླ་བའི་སློབ་གྲྭའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་དེ། ཐེངས་འདིའི་དྲ་རྒྱའི་དཔལ་ཡོན་སློབ་གྲྭར་བསྐྱོད་པའི་བྱེད་སྒོ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དྲ་དམངས་ཀྱི་འདུ་ཤེས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་སློབ་རའི་དྲ་དམངས་བཟང་པོ་ཞིག་ལ་བརྩོན་རྒྱུར་ཁྲིད་སྟོན་བཅས་བྱས་པ་རེད།