འབའ་བ་བློ་བཟང་མགོན་པོ་ནི་སྤྱི་ལོ1981ལོའི་ཟླ་བ3པར་ཁམས་འབའ་ཐང་རྫོང་གྲུ་བ་ལུང་ཡུལ་ཤོག་བཙལ་བ་གྲོང་སྡེའི་ཞབས་དྲུང་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་བྱིས་པའི་དུས་ནས་སློབ་གྲྭའི་སྒོ་ཐེམ་རྡོག་པས་མནན་རྒྱུའི་སྐལ་བཟང་ཐོབ་སྟེ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་གྱིས་བརྒྱུད་ནས་སྤྱི་ལོ2006ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་རྒྱ་དབྱིན་གསུམ་ཆེད་སྦྱོང་ཚན་ཁག་ནས་སློབ་མཐར་ཕྱིན། རྗེས་སུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྲིད་ཇུས་ཆེད་སྦྱོང་གི་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ནས་སློབ་གྲྭ་དེ་ག་ནས་བདེ་བླགས་ངང་མཐར་ཕྱིན་ཞིང་། སྔ་ཕྱིར་རྒྱ་བོད་དབྱིན་གསུམ་ལམ་ནས་རིག་གཞུང་དཔྱད་རྩོམ་དང་གསར་རྩོམ་གྱི་ལས་ལ་འབད་ནས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་བརྩམས་ཆོས་བཅུ་ཕྲག་མང་པོ་བཀོད་ཡོད་པ་རེད། ད་ལྟར་ལི་ཐང་རྫོང་སྤྱི་བདེ་ཅུས་རྒྱལ་མཚམས་འགྲོ་འོང་དོ་དམ་རུ་ཆེན་དུ་བྱ་བའི་ལས་རྐང་དུ་ཞུགས་ཤིང་། སི་ཁྲོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་པོ་གཞོན་པ་དང་ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་གཅིག་ལྕོགས་སུ་འཁུར་བཞིན་ཡོད་པ་རེད། སྔ་རྗེས་སུ“ལི་ཐང་གི་མི་བཟང་” དང“དཀར་མཛེས་ཁུལ་གྱི་མི་བཟང་། ” “སི་ཁྲོན་གྱི་མི་བཟང་།”བཅས་ཀྱི་མཚན་སྙན་དང་། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྩོམ་མཐུན་མ་ལག་གི་ཕུལ་བྱུང་མི་སྣ་སོགས་ཀྱི་མཚན་སྙན་ཐོབ། ཁོས་ངལ་བ་འཛེམ་མེད་ཀྱིས་བོད་ཁུལ་སློབ་གསོ་དང་སྨན་བཅོས་རོགས་སྐྱོར་ལྟེ་གནས་བརྒྱུད་ནས་བོད་ཁུལ་གྱི་སློབ་གསོ་དང་སྨན་བཅོས། རིག་གནས་སྲུང་སྐྱོབ་སོགས་ལ་རང་ནུས་གང་ཡོད་ཀྱིས་སྲི་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་ཡོད་ལ། ལོ་བཅུ་བཞིའི་རིང་ལ་སྤྱི་ཕན་ལམ་བུའི་ཐོག་ཏུ་བསྐྱོད་དེ་སྒེར་སེམས་མེད་པའི་ངང་ཉམ་ཐག་ཅན་ལ་རོགས་སྐྱོར་བྱས་ནས་མི300ལྷག་ཙམ་སྤྱི་ཕན་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་རེད།
དགེ་སྒྲུབ་སྤྱོད་བཟང་གི་ངང་རྒྱུན་བསྐྱངས་ནས་ལོ་བཅུ་ལྷག་ལ་མི་བརྒྱ་ཕྲག་ཁ་ཤས་ལ་རོགས་རམ་བྱས།
ཁོ་སྔོན་ཆད་སློབ་ཆེན་ལ་སློབ་སྦྱོང་བྱེད་སྐབས་གཅེས་སེམས་མི་སྣའི་རོགས་རམ་ཐོབ་མྱོང་བས། ཁོས་རང་ཉིད་བསླབས་པའི་ཤེས་བྱར་བརྟེན་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་དང་། གཞན་ལ་རོགས་རམ་དང་གཅེས་སེམས་རྒྱུད་སྤྲོད་བྱ་རྒྱུ་ནི་ཁོའི་སེམས་དཀྱིལ་གྱི་རེ་བ་གཅིག་པུ་རེད། 2004ལོ་ནས་ད་བར། ཁོས་དུས་ཡུན་རིང་པོའི་ནང་དགེ་སྒྲུབ་དམངས་སྐྱོབ་དང་། ཉེས་སྐྱོར་དཀའ་རོགས། སྒེར་སེམས་མེད་པར་རྒན་རྒོན་དང་ནད་པ། དབང་པོ་སྐྱོན་ཅན། རྒན་རྒོན་ཁེར་རྐྱང་སོགས་ཉམས་ཐག་རྣམས་ལ་རོགས་སྐྱོར་བྱས་པ་རེད། ཁོའི་ལྷག་བསམ་དང་སྙིང་རྗེའི་དཔལ་ལས་འཁྲུངས་པའི་རོགས་སྐྱོར་འདི་དག་གིས་མི་སེར་དབུལ་པོ་བརྒྱ་ཕྲག་ཁ་ཤས་ལ་མི་ཚེའི་ལམ་བུ་གསར་པ་ཞིག་སྦྱིན་ཞིང་བདེ་སྐྱིད་ཀྱི་དྲོད་ཁོལ་གཞན་ཞིག་སྟེར་བ་རེད།
2018ལོའི་སྤྱི་ཟླ5པར་ཁོས་རང་ཉིད་ཀྱིས་བསགས་ཉར་བྱས་ཡོད་པའི་སྒོར་ཁྲི་གཅིག་འཁྱེར་ནས་ཁྲེང་ཏུའུ་གྲོང་ཁྱེར་ཧྭ་ཞི་སྨན་ཁང་དུ་བསྐྱོད་ནས་ནད་པ་རྒྱལ་མཚན་གྱི་ལག་ཏུ་སྤྲད་ཡོད། ནད་པ་རྒྱལ་མཚན་ནི་མཐོ་སྒང་གི་འབྲོག་པ་དཀྱུས་མ་ཞིག་ཡིན་ཞིང་སྟབས་མ་ལེགས་པར་ཁོ་ལ་གཅིན་དུག་ནད་ཕོག་པ་རེད། རྒྱལ་མཚན་ལ་མཚོན་ན་རང་གི་མཁལ་མ་བཤགས་བཅོས་གྲོན་དངུལ་ཚད་མཐོ་བས་ཐབས་ཟད་འུ་ཐུག་ནས་ཡོད་སྐབས་བློ་བཟང་མགོན་པོས་ལྟོགས་དུས་ཟས་སྐྱེལ་བ་བཞིན་མྱུར་སྐྱོབ་ཀྱི་དངུལ་དེ་སྐྱེལ་ཡོང་ཡོད། རྒྱལ་མཚན་གྱིས་མིག་ལ་མཆི་མ་གང་ཞོར་དུ་ཁོའི་ལག་པར་འཇུས་ནས་བཀའ་དྲིན་ཆེ་བཀའ་དྲིན་ཆེ་ཞུས།
ཁོས་མཆུ་རྐན་དང་འཕོངས་ཀྱི་སྐྲངས་ནད་ཕོག་བའི་ནད་པ་མཚོ་མོ་ཆུང་ཆུང་ལ་རོགས་སྐྱོར་བྱས་མྱོང་ཞིང་། 2015ལོའི་སྤྱི་ཟླ4པར་མཚོ་མོ་ཆུང་ཆུང་ལ་བོད་ལྗོངས་ལྷ་ས་དམག་ཁུལ་སྤྱི་ཁྱབ་སྨན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་སྐབས་ནད་གཞི་ཧ་ཅང་ཚབས་ཆེན་ཡིན་ཞིང་སྨན་པས་ནད་གཞི་འདི་ཧ་ཅང་གི་ཚབ་ཆེ་བ་ཡིན་པ་བསྟན་ཡོད་པ་རེད། བློ་བཟང་མགོན་པོ་ནི་རོགས་སྐྱོར་བྱ་རྒྱུར་དགའ་མཁན་ཞིག་ཡིན་པས་གང་ས་གང་གི་མི་ཚོས་ཁོ་ངོ་ཤེས་ལ། དེ་དུས་ཀྱང་མི་ཞིག་གིས་ཁོ་ལ་འབྲེལ་བ་བྱས། ཁམས་ཀྱི་ཕོ་རྒོད་ཁོས་མཚོ་མོ་ཆུང་ཆུང་གི་འདྲ་པར་མཐོང་སྐབས་མིག་ཆུ་དབང་མེད་དུ་ཤོར་ཞིང་། ང་ཡང་ཨ་ཕ་ཞིག་ཡིན། ཕྲུ་གུ་ནད་ཀྱིས་མནར་བ་མཐོང་སྐབས་སེམས་སུ་བཟོད་བསྲན་ཇི་ལྟར་བྱེད་ཐུབ་ཟེར། ཁོས་མྱུར་དུ་ཞལ་འདེབས་སྣེ་ཁྲིད་བྱེད་པ་དང་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣར་འབོད་སྐུལ་བྱས་འོག་གཅེས་སེམས་མཚོན་པའི་སྨན་རིན་སྒོར་ཁྲི15གྲབས་གསོག་ཐུབ་ནས་མཚོ་མོ་ཆུང་ཆུང་པེ་ཅིང་དུ་གཤགས་བཅོས་བྱེད་དུ་མངགས། མཚོ་མོ་ཆུང་ཆུང་ལོ5ཙམ་ལ་མནར་གཅོད་བཏང་བའི་ལྗིད་ཚད་རྒྱ་མ10ཙམ་ཡོད་པའི་ཤ་སྐྲན་མེད་པར་བཟོས་པ་དང་། ཁོ་མོའི་ཡ་མ་གཟུགས་ཀྱི་མཆུ་གས་ཉམས་གསོ་བྱུང་ནས་བདེ་ཐང་དང་སྤྲོ་སྣང་ལྡན་པའི་ཕྲུ་གུ་ཞིག་ཏུ་གྱུར། དེ་མཐོང་དུས་མགོན་པོས་སླར་ཡང་དབང་མེད་དུ་མིག་ཆུ་ཤོར་བ་རེད། ཐེངས་འདིའི་མིག་ཆུ་འདི་ནི་སྤྲོ་སྣང་གིས་ཁེངས་པའི་རྐྱེན་རེད། ཁོས་ཚེ་འདིར་ཆེས་དགའ་བའི་བྱ་བ་ནི་རོགས་རམ་བྱེད་པའི་ཉམས་ཞན་གྱི་མིའི་འཛུམ་མདངས་སྟོན་ཐུབ་པ་མཐོང་རྒྱུ་ཙམ་ཡིན་ཅེས་བཤད། ད་ལྟ་ཡང་ཁོས་མཚོ་མོ་ཆུང་ཆུང་ལ་གོས་དང་རྩེད་ཆས་ཉོ་བཞིན་ཡོད་པར་མ་ཟད་དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་ལ་དུས་ཆེན་གྱི་འཚམས་འདྲི་ཡང་ཞུ་བཞིན་ཡོད་པ་རེད།
ཁོས་འབའ་ཐང་གི་མགོ་རུས་བརྗེ་བའི་ནད་པ་ཨ་རྒྱ་ལ་རོགས་རམ་བྱས་མྱོང་ཞིང་། ཨ་རྒྱ་རླངས་འཁོར་དོན་རྐྱེན་གྱིས་མགོ་ལ་རྨས་སྐྱོན་ཆེན་པོ་བཟོས་པས་གཤགས་བཅོས་འགྲོ་གྲོན་སྒོར་ཁྲི15ཡས་མས་དགོས་ཀྱི་ཡོད། ཁྱིམ་ཚང་དབུལ་པོ་ཡིན་པའི་དབང་གིས་གཤགས་བཅོས་དེ་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱུར་པ། བློ་བཟང་མགོན་པོས་དུས་ཐོག་ཏུ་གཤགས་བཅོས་གྲོན་དངུལ་བསྡུས་ནས་སུའེ་ཙེར་ནས་མགོ་རུས་ཀྱི་བརྗེ་ཆས་སྒོར་ཁྲི12མངག་ཉོ་བྱས་པ་རེད། ད་ལྟ་ཨ་རྒྱས་འཚོ་བར་རང་མགོ་ཐོན་ཡོད། ཨ་རྒྱ་ཁོས་གནས་ཚུལ་དེ་གླེང་མ་ཐག་མིག་ཆུ་ཤོར་ནས་བློ་བཟང་མགོན་པོ་དང་གཅེས་སེམས་མི་སྣ་ཡོངས་ཀྱིས་ཁོ་ལ་ཚེ་སྲོག་ཐེངས་གཉིས་པ་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་པ་རེད།
ཁོས་ལྕགས་ཟམ་ཁར་མེ་ཡིས་བསྲེགས་སྐྱོན་བྱུང་བའི་བྱིས་པ་ཧུའེ་ཧུའེ་ལ་རོགས་རམ་བྱས་མྱོང་ཞིང་། ཧུའེ་ཧུའེ་ཡི་ཨ་ཕ་ཏུན་ལགས་ཀྱིས་སྐབས་དེ་དུས་སྟབས་མ་ལེགས་པར་རང་གི་བྱིས་པ་ཧུའེ་ཧུའེ་མེས་བསྲེགས་སྐྱོན་བྱུང་ཞིང་སེམས་སྡུག་ཆེན་པོ་བྱུང་། སྨན་རིན་མཐོན་པོ་ཡིན་པའི་རྐྱེན་གྱིས་འཕྲིན་སྟེགས་བརྒྱུད་ནས་སྤྱི་ཚོགས་ལ་རོགས་སྐྱོར་མི་ཞུ་ཀ་མེད་བྱུང་བ་རེད། བློ་བཟང་མགོན་པོས་ཀྱང་རོགས་སྐྱོར་གྱི་རེ་ཞུའི་ཆ་འཕྲིན་འབྱོར་རྗེས་རང་ཡང་ཕ་ཡིན་པའི་ངོས་ནས་ཧུའེ་ཧུའེ་ཡི་ནང་མིར་སེམས་སྡུག་དང་དཀའ་སྡུག་མཉམ་མྱོང་བྱས་ཤིང་། ཁོ་རང་ཉིད་ཀྱིས་སྣེ་ཁྲིད་དེ་ཞལ་འདེབས་བརྒྱབ་པ་དང་། ལས་རིགས་ཁག་གི་གཅེས་སེམས་མི་སྣ་ལ་ཧུའེ་ཧུའེ་ཡི་སྨན་རིན་སློང་རྒྱུར་ཧུར་བརྩོན་བྱས་ཏེ་སྨན་བཅོས་གྲོན་དངུལ་སྒོར་ཁྲི4ལྷག་ཙམ་བསྡུས་ཐུབ་པ་བྱུང་ནས་མྱུར་དུ་ནད་པའི་ནང་མིར་སྤྲད་ཅིང་། སྨན་བཅོས་བྱས་པ་བརྒྱུད་ཧུའེ་ཧུའེ་དྲག་སྐྱེད་བྱུང་ཡོད་པ་རེད། སྐུ་ཞབས་ཏུན་ལགས་ཀྱིས་ལོ་འགའ་འགོར་སོང་ཡོད་པ་དང་མགོན་པོས་རྒྱུན་དུ་ཧུའེ་ཧུའེ་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བཞིན་ཡོད། ཁོ་ནི་ང་ཚོ་ནང་མི་ཡོངས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད་པའི་དྲིན་ཆེན་གྱི་མི་ཞིག་ཡིན་ཞེས་བཤད་པ་རེད།
ཁོས་ད་དུང་ལི་ཐང་རྫོང་དུ་དོམ་གྱིས་བཟུང་བའི་བྱིས་པ་དང་དཔལ་ཡུལ་རྫོང་གི་ཉེན་ཁ་ཆེ་བའི་སྦྲུམ་མ་སོགས་ལ་རོགས་རམ་བྱེད་མྱོང་ཡོད། མི་འགའ་ཞིག་གིས་བློ་བཟང་མགོན་པོས་མི་མང་པོ་ལ་རོགས་རམ་བྱེད་མཁན་ཞིག་ཡིན་པས་ཁོའི་ཁྱིམ་ཕྱུག་ངོམས་ཅན་ཞིག་ཡིན་ངེས་རེད་ཅེས་བཤད། དོན་དངོས་ཐོག་མགོན་པོ་ནི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པ་དང་ཁོ་དང་བཟའ་ཟླ་གཉིས་ཀ་ནི་སྤྱིར་བཏང་གི་ལས་བྱེད་པ་ཞིག་ཡིན་པ་རེད། ཁོས་ངས་མི་གཞན་ལ་རོགས་རམ་བྱེད་པ་ནི་ང་མི་གཅིག་གི་བྱས་རྗེས་མིན་པར་མི་སེམས་བཟང་མང་པོའི་ཐུན་མོང་གི་སྟོབས་ཤུགས་གཅིག་ཏུ་བསྡུས་པ་ཡིན། སྤྱི་ཕན་ནང་ཞུགས་པའི་རྒྱུ་རྐྱེན་སྐོར་གླེང་སྐབས་ཁོས་རང་ཉིད་སློབ་ཆེན་གྱི་སྐབས་སེམས་བཟང་ཅན་གྱི་རོགས་སྐྱོར་ཐོབ་མྱོང་ཡོད་པས། དུས་དེ་ནས་བཟུང་ཁོ་བོས་མ་འོངས་པར་ནུས་པ་ཡོད་དུས་ངེས་པར་དུ་གཅེས་སེམས་འདི་བརྒྱུད་སྤྲོད་དང་། དཀའ་ངལ་གྱི་གནས་སུ་གྱར་བའི་མི་མང་པོར་རོགས་རམ་བྱ་རྒྱུའི་སེམས་ཐག་བཅད་ཡོད་པ་རེད། ལས་ཀར་ཞུགས་རྗེས་འབའ་བློ་བཟང་མགོན་པོར་འདུས་འདྲིལ་གཅོང་ནད་ཕོག་ནས་ཁྲེང་ཏུའུ་ཧྭ་ཞི་སྨན་ཁང་དུ་ཟླ་བ་གཉིས་ཙམ་ཉལ་ནས་རིམ་པ་གཉིས་པའི་དབང་པོ་སྐྱོན་ཅན་དུ་གྱུར་པ་རེད། སྨན་ཁང་དུ་སྡོད་རིང་ཁོས་སྨན་བསྟེན་ཡོང་མཁན་ནད་པ་དབུལ་པོ་མང་པོ་ཞིག་མཐོང་སྐབས་ཁོ་ཚོ་དང་ཁ་བརྡ་ལབ་པའི་ཁྲོད་ཁོས་རང་ཉིད་སྤྱི་ཕན་ནང་ཞུགས་པའི་ཆོད་སེམས་ཇེ་བརྟན་དུ་གྱུར་པ་དང་། འབད་བརྩོན་ཆེས་ཆེར་བྱས་ནས་ཁོ་ཚོར་རོགས་རམ་བྱེད་རྒྱུ་ཡིན་ཞེས་ཆོད་སེམས་བཅངས་པ་རེད།
གཞན་ལ་རོགས་རམ་བྱེད་པར་དགའ་ཞིང་བསླབས་པའི་ཤེས་བྱ་སྤྱད་དེ་ཕ་ཡུལ་ལ་དྲིན་ལན་འཇལ།
མི་གཞན་ལ་རོགས་རམ་བྱེད་པ་དེ་དངོས་པོའི་རོགས་སྐྱོར་ཐད་རྐྱང་པ་མངོན་པ་ཙམ་མ་ཡིན་པར། འབའ་བ་བློ་བཟང་མགོན་པོས་རྩ་ཆེའི་རྒྱུ་ནོར་ནི་ཤེས་བྱ་ཡིན་པ་དང་ཁོས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཕ་ཡུལ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་གྱིན་ཡོད། 2005ལོར་ཁོ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་བོད་རྒྱ་དབྱིན་ཡིག་སྒྱུར་ཆེད་ལས་སློབ་ཆེན་ལོ་རིམ་གཉིས་པར་སློབ་སྦྱོང་བྱེད་དུས། གུང་གསེང་གི་དུས་ཚོད་ནང་ཁོ་ཕ་ཡུལ་དུ་ལོག་ནས་རང་ཉིད་ཀྱི་ངལ་གསོ་དང་རྩེད་འཇོར་རོལ་བའི་དུས་ཚོད་དོར་ནས་ཟླ་གཅིག་གི་དུས་ཚོད་སྤྱད་དེ་སློབ་མར་སྐད་ཡིག་དང་། དབྱིན་ཡིག བོད་ཡིག་བཅས་རིན་པ་མི་དགོས་པར་བསྐྱར་སྦྱོང་བྱས་པ་དང་། དེའི་རིང་སློབ་ཁང་དང་ཟ་སྡོད་ཀྱི་འགྲོ་གྲོན་ཚང་མ་རང་ཉིད་ཀྱིས་ལས་ཀ་ཙག་ཙིག་བྱས་ནས་ཐོབ་པའི་དངུལ་གྱིས་འགྲོ་སོང་བཏང་བ་རེད།
སྤྱི་ལོ2006ལོར་སློབ་ཆེན་མཐར་ཕྱིན་རྗེས་འབའ་བ་བློ་བཟང་མགོན་པོས་སྤྱི་ཕན་རིག་གནས་ཁྱབ་གདལ་གཏོང་རྒྱུར་གཞོལ་ནས་མི་དེ་བས་མང་པོར་ཤེས་བྱ་དང་རྩལ་ནུས་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་བཏང་ཡོད། ཁོས་སྒོར་ཁྲི5གྲབས་གསོག་བྱས་ནས་ཕ་ཡུལ་གྱི་གྲོང་ཚོ་རུ་བོད་རྒྱ་དབྱིན་གསུམ་གྱི་དཔེ་མཛོད་ཁང་བཙུགས་ནས་གྲོང་མིར་རིན་པ་མི་དགོས་པར་དཔེ་དེབ་སྣ་ཚོགས་ལྟ་ཀློག་བྱེད་དུ་བཅུག་པ་རེད། ཁོས་སློབ་ཆེན་ཁྲོད་དུ་ཤེས་རྟོགས་བྱུང་བའི་མཚོ་སྔོན་གྱི་རིགས་དང་པོའི་སློབ་གསོའི་རྣམ་པ་དཔྱད་གཞིར་བཟུང་ནས་སློབ་གསོ་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་པ་དང་། 2007ལོར་འབའ་ཐང་ཁམས་ལྷོ་མཐོ་རིམ་སློབ་འབྲིང་དང་མཉམ་ལས་བྱས་ནས་སྐབས་དང་པོའི་རིགས་དང་པོའི་འཛིན་གྲྭ་བཙུགས་པ་རེད། 2007ལོའི་སྤྱི་ཟླ4པར། ཁོས་མ་དངུལ་གྲབས་གསོག་བྱས་ཏེ་བཟའ་ཟླའི་ཕ་ཡུལ་དར་མདོ་གྲོང་ཁྱེར་ར་རྔ་ཁ་ལ་ཉི་མའི་ཐབ་ཀ་སྒྲིག་སྦྱོར་ལག་རྩལ་གསོ་སྦྱོང་ས་ཚུགས་བཙུགས་ནས་ཀན་སུའུ་ནས་ལག་རྩལ་བཟོ་པ་གདན་དྲངས་ཏེ་ལས་སྒུག་གཞོན་ནུ་ཚོར་རིན་པ་མི་དགོས་པར་ལག་རྩལ་སློབ་སྦྱོང་བྱེད་དུ་བཅུག། སྒྲིག་སྦྱོར་བྱས་རྗེས་ཀྱི་ཐབ་ཀ་སླར་ཡང་ཁྱིམ་ཚང་དབུལ་པོར་རིན་པ་མི་དགོས་པར་སྤྲད་པ་རེད། ཕ་ཡུལ་གྱི་སྔོ་ལྗང་རི་ཀླུང་དེ་ངེས་པར་དུ་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་འཛུགས་དགོས་པ་དེ་ཡིན་པ་དང་། ཉི་མའི་ཐབ་ཀ་སྤྱད་རྗེས་ལྗོན་ཤིང་བཅད་དེ་ཆུ་སྐོལ་རྒྱུ་དང་ལྟོ་ཆས་བཟོ་ཚད་ཆེས་ཉུང་དུ་བཏང་སྟེ་ལྗང་མདོག་གི་ཁྱིམ་གཞིས་སྲུང་སྐྱོང་བྱེད་ཐུབ་རྒྱུ་རེད་བསམས་པ་ནི་ཁོའི་བླ་ན་མེད་པའི་འདུ་ཤེས་རེད། 2015ལོའི་སྤྱི་ཟླ5པར་ཁོས་ཁུལ་སློབ་གསོ་ཅུས་ལ་འབྲེལ་བ་བྱས་ཏེ་རང་ཉིད་ཀྱིས་དངུལ་བཏང་ནས་དར་མདོ་གྲོང་ཁྱེར་གྱི་མི་རིགས་སློབ་ཆུང་དང་མི་རིགས་སློབ་འབྲིང་ལ་སྒོར་ཁྲི4ལྷག་ཙམ་གྱི་གཅེས་སེམས་དཔེ་དེབ་ཞལ་འདེབས་བརྒྱབ་པ་རེད། 2018ལོའི་སྤྱི་ཟླ4པར་འབའ་ཐང་རྫོང་སློབ་འབྲིང་གི་ཡིག་གཟུགས་འགྲན་བསྡུར་ལ་སྒོར1000ཞལ་འདེབས་བརྒྱབ་པ་དང་ལོ་ལྟར་ཁོས་ད་དུང་ཕ་ཡུལ་གྱི་བྱིས་པ་ཁང་ལ་མ་དངུལ་སྒོར1000ཞལ་འདེབས་བརྒྱབ་དང་རྒྱག་བཞིན་ཡོད་པ་རེད།
གཤིས་རྒྱུད་བཟང་པོ་ནི་གསེར་དང་འདྲ་བས་ཁྱབ་ཁོངས་གང་ཞིག་ཡང་འོད་ཆེམ་ཆེམ་འཕྲོ་བཞིན་ཡོད། ལས་ཀའི་ཁྲོད་འབའ་བ་བློ་བཟང་མགོན་པོ་ནི་གཞུང་ཞབས་པ་དཀྱུས་མ་ཞིག་ཡིན་མོད། འོན་ཀྱང་ཁོའི་མིང་བཤད་མ་ཐག་ཞིང་འབྲོག་མང་ཚོགས་མང་པོ་ཞིག་གིས། ཨོ། ཕོ་གསར་དེ་མི་བཟང་པོ་ཡིན་ཞེས་བསྟོད་ཀྱིན་ཡོད། ཁོ་ལ་རིན་ཆེན་དངོས་པོ་མེད་ཀྱང་ཡོད་རྒྱུ་ནི་མང་ཚོགས་ལ་དད་སེམས་དང་ལས་བཀུར་རེད། སྐར་ཁུང་སྡེ་ཚན་གྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་ཉིན་ལྟར་ཁོས་འཛུམ་དམུལ་དམུལ་ངང་ལག་ཁྱེར་གཉེར་བར་ཡོང་མཁན་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་ཚང་མར་ལྟ་ལུགས་གཅིག་པ། རེའུ་མིག་འབྲི་མི་ཤེས་མཁན་ཚོར་ཁོ་རང་གིས་བྲིས་རོགས་བྱེད། གནད་དོན་ཡོད་མཁན་ཚོར་ཁོས་ངང་རྒྱུད་རིང་པོས་ལན་བཏབ་པ། ཁོས་རྒྱུན་དུས་གྲོགས་པོ་དང་ལས་རོགས་ཚོར་ཕ་མས་རྔུལ་ཁྲག་བཞུར་བའི་དངུལ་བཏང་ནས་ང་ཚོ་སློབ་ཆེན་འགྲིམ་པའི་དམིགས་ཡུལ་ནི་ང་ཚོས་སྦྱངས་པའི་ཤེས་བྱར་བརྟེན་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དུས་ང་རྒྱལ་ཁེངས་དྲེགས་མི་བྱེད་པ་མང་ཚོགས་ལ་ཞབས་ཞུ་ཡག་པོ་བྱ་དགོས། ཁོ་གཞན་པའི་དུད་ཚང་ནང་དུ་བསྐྱོད་དེ་དཀའ་ངལ་ཡོད་པ་ཤེས་རྗེས་རོགས་རམ་བྱས་པར་མ་ཟད། ད་དུང་ཁོ་ཚང་གི་བུ་དང་བུ་མོར་སློབ་སྦྱོང་བདེ་བླག་ངང་ལེགས་གྲུབ་ཐུབ་རྒྱུར་རོགས་རམ་བྱེད་ཀྱིན་ཡོད། ཁོས་མང་ཚོགས་གཉེན་ཉེར་བརྩི་བ་དང་མང་ཚོགས་ཀྱིས་ཀྱང་ཁོང་གཉེན་ཉེར་བརྩིས་ནས2011ལོ་དང2012ལོ་སྔ་རྗེས་སུ་ཁོ་ལི་ཐང་རྫོང་གི་ཕུལ་བྱུང་གཞུང་ཞབས་པ་བདམས་པ་དང2015ལོའི་ལོ་འཁོར་དུ་ལི་ཐང་རྫོང་སྤྱི་བདེ་ཅུའི་སྔོན་ཐོན་ལས་དོན་པར་བདམས་པ་རེད།
མི་བརྒྱ་ཕྲག་ཁ་ཤས་སྤྱི་ཚོགས་ཀྱི་སྤྱི་ཕན་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ།
སྤྱོད་པ་གཙང་ན་ཁྱིམ་མཚེས་ཡོད་ངེས་ཡིན། སྤྱོད་པ་བཟང་ན་ཀུན་གྱི་མིག་དཔེ་ལོས་ཡིན། འབའ་བློ་བཟང་མགོན་པོའི་དགེ་མཚན་ལྡན་པའི་ཤུགས་རྐྱེན་འོག་མི་དེ་བས་མང་པོ་ཞིག་མ་སྐུལ་དང་བླངས་ཀྱིས་སྤྱི་ཕན་གྱི་གྲས་སུ་ཞུགས་པ་རེད། དེའི་ནང་སྨན་པ་དང་། དགེ་རྒན། ཁེ་ལས་མཁས་ཅན་སོགས་ལས་རིགས་ཁག་གི་ངལ་རྩོལ་པ་དང་དེ་བཞིན་སློབ་ཆེན་སློབ་མ་སོགས་ཡོད་པ་རེད། དགེ་བའི་ས་བོན་དེ་མི་ཚང་མའི་སེམས་ནང་ཡོད་པ་དེ་ནི་འབའ་བ་བློ་བཟང་མགོན་པོས་བཏབ་པའི་ས་བོན་ལ་མེ་ཏོག་བཞད་རྒྱུའི་ཁྲིད་སྟོན་བྱས་ཏེ་མི་མང་པོའི་སྟོབས་ཤུགས་ལ་བརྟེན་ནས་གཅེས་སེམས་ཆེན་པོའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་པ་དེ་རེད།
2018ལོའི་བོད་ཀྱི་ལོ་གསར་རིང་འབའ་བ་བློ་བཟང་མགོན་པོ་ཕ་ཡུལ་བཙལ་བ་གྲོང་ཚོར་ལོག་ནས་ལོ་གསར་གཏོང་བའི་བར་དུ། གོང་རིམ་གྱིས་ཆོག་མཆན་ཐོབ་པར་བརྒྱུད་བཙལ་བ་གྲོང་ཚོའི་སྐབས་དང་པོའི་བཙལ་བ་སློབ་གསོའི་བགྲོ་གླེང་ཚོགས་འདུ་འཚོགས་ནས་གྲོང་ཚོའི་སློབ་ཆེན་སློབ་མ་ཚོ་སྤྱི་ཚོགས་ཀྱི་དྲིན་གཟོ་ཤེས་པ་དང་རང་ཉིད་ཀྱི་ཤེས་བྱ་སྤྱད་དེ་ཕ་ཡུལ་དུ་ལོག་རྒྱུའི་སྐུལ་ལྕག་བྱས་པ་རེད། ཁོས་སྣེ་ཁྲིད་འོག་སློབ་ཆེན་སློབ་མ་ཚོས་ནུས་པས་གང་ལྕོགས་ཀྱི་བྱ་བ་བསྒྲུབས་ནས་ཕྲུ་གུ་ཚོར་རིན་པ་མི་དགོས་པར་སློབ་ཚན་གསབ་ཁྲིད་བྱས་པར་མ་ཟད་དང་བླངས་ཞབས་ཞུ་དེ་རྒྱུན་དུ་སྤེལ་བཞིན་ཡོད། སི་ཁྲོན་ཏང་འཛུགས་གངས་ལྗོངས་ཉི་གཞོན་དྲ་བ་ལས《འབའ་ཐང་རྫོང་བཙལ་བ་གྲོང་ཚོའི་སྐབས་དང་པོའི་བཙལ་བ་སློབ་གསོའི་བགྲོ་གླེང་ཚོགས་འདུ》ཁྱབ་བསྒྲགས་བྱས་པ་དང་། འབའ་ཐང་རྫོང་བརྙན་འཕྲིན་ལས་ཁུངས་ཀྱིས་ཀྱང《སློབ་ཆེན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་ཀ་སྤྲོད》ཅེས་པའི་གསར་འགྱུར་ཁྱབ་བསྒྲགས་བྱས་ཡོད་པ་རེད། 2010ལོ་ནས2018ལོ་བར་གྱི་ལོ8ཀྱི་རིང་། འབའ་བ་བློ་བཟང་མགོན་པོས་གྲོང་ཚོ་དེ་གའི་སློབ་ཆེན་སློབ་མ30ལྷག་སྤྱི་ཕན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་དང་ཞིང་འབྲོག་པའི་ཁྱིམ་ཚང་གི་ཕྲུ་གུ་མི350ལྷག་ཙམ་ལ་ཟུར་ཁྲིད་དང་རོགས་རམ་བྱས་ཡོད་པ་རེད།
འབའ་བློ་བཟང་མགོན་པོས་མི་རྐྱང་པ་ཞིག་གི་ནུས་པ་ནི་ཚད་ཡོད་ལ། ངས་རང་ཉིད་ཀྱི་ནུས་པའི་ཁྱབ་ཁོངས་ནང་འབད་བརྩོན་ཆེན་པོས་དོན་སྙིང་ལྡན་པའི་བྱ་བ་ཞིག་བསྒྲུབ་རྒྱུའི་རེ་བ་དང་བྱ་བ་ཆུང་ངུ་ཞིག་ཡིན་རུང་ནན་ཏན་གྱིས་བསྒྲུབ་དགོས་ཞེས་བཤད། དེ་ནི་ཁོས་ལོ14རིང་ལ་ཉིན་གཅིག་ལྟར་སྤྱི་ཕན་ལས་ཀ་བསྒྲུབས་དང་སྒྲུབ་བཞིན་པའི་དད་སེམས་བརྟན་པོ་དེ་རེད།།
རྩོམ་སྒྲིག་པ། སྣང་མཛོད།