ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

དགུ་རོང་ཨོ་རྒྱན་འཇིགས་བྲལ་ཆོས་དབྱངས་རྡོ་རྗེ་མཆོག་གི་ཆོས་སྲིད་སྐོར་གྱི་མཛད་རྗེས་ལ་དཔྱད་པ།

སྤེལ་དུས 2019-08-08 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། པད་མ་རྒྱལ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་དགུ་རོང་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་མཆོག་གི་རིགས་རུས་འཁྲུངས་འདས་དང་སློབ་གཉེར་མཛད་ཚུལ། མདོ་སྨད་རེབ་གོང་དང་། གཅན་ཚ། ཁྲི་ཀའི་ཡུལ་སོགས་སུ་རྙིང་མའི་བསྟན་པ་སྤེལ་ཚུལ་དང་ཚན་རིག་ལག་རྩལ་ཁྱབ་བརྡལ་དུ་བཏང་ཚུལ། ཁྱད་པར་དུ་མིན་གོ་སྐབས་སུ་ཀྲུང་དབྱང་སྲིད་གཞུང་གི་མངག་བཅོལ་ལྟར་ལྷ་སར་ཕེབས་ཏེ་རྒྱ་བོད་འགྲིག་མཐུན་གྱི་གཟུ་བ་བྱས་པའི་མཛད་རྗེས་བཅས་ལ་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] དགུ་རོང་། འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། རྙིང་མ། མིན་གོ
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-01-0076-13
          དགུ་རོང་འཇིགས་བྲལ་ཆོས་དབྱངས་རྡོ་རྗེ་མཆོག་ནི་རེབ་གོང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་རྡོ་རྗེ་སློབ་དཔོན་ཆེན་མོ་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་སྐུ་སྟེ། སྐུའི་སྤྲུལ་སྐུ་ཁྱབ་གདལ་ཀློང་ཡངས་ཁྱུང་དགོན་ནས་འཁྲུངས་པ་དང་། གསུང་གི་སྤྲུལ་སྐུ་ཁ་ཀྱ་ཡོན་ཏན་ཚེ་རིང་ངམ་ཀུན་བཟང་རང་གྲོལ་ཨ་འདར་ཆ་ག་ནས་འཁྲུངས། ཐུགས་ཀྱི་སྤྲུལ་སྐུ་དགུ་རོང་སྣ་ཚོགས་རང་གྲོལ་ནི་དགུ་འགྱུར་པདྨོ་རོང་ནས་འཁྲུངས་ཏེ་ཉི་ཟླ་ནོར་བུ་ལྟ་བུའི་མཁས་ཆེན་རྣམ་པ་གསུམ་ཡོད་པ་ལས། ཐུགས་ཀྱི་སྤྲུལ་སྐུ་དགུ་རོང་སྣ་ཚོགས་རང་གྲོལ་གྱི་སྤྲུལ་སྐུ་རུ་ངོས་བཟུང་། དམ་པ་ཁོང་གིས་ཐོག་མར་ཀློག་པ་ཐོས་བསམ་དང་བར་དུ་སྤོང་བ་བསམ་གཏན། ཐ་མར་མཛད་པ་འཕྲིན་ལས་ཀྱིས་བསྐྱངས་ཏེ་མདོ་སྨད་ལྷོ་བརྒྱུད་ཀྱི་གཅན་ཚ་དང་། རེབ་གོང་། ཁྲི་ཀ་གཙོ་བྱས་པའི་ཡུལ་གྲུ་ཁག་ཏུ་སྔ་འགྱུར་རྙིང་མའི་བསྟན་པ་རྒྱ་ཆེར་སྤེལ། པེ་དབྱང་སྲིད་གཞུང་(北洋政府)དང་མཛའ་འབྲེལ་བཙུགས་ཏེ་ནང་ལོག་གི་ཚན་རིག་ལག་རྩལ་སྦྱངས་ཏེ་རང་ཡུལ་ནས་བཟོ་གྲྭ་དང་སྨན་ཁང་སོགས་བཙུགས། ཁྱད་པར་དུ་མིན་གོའི་(民国)སྐབས་སུ་དབྱིན་ཇི་རྒྱལ་ཁབ་ཀྱིས་བོད་ལྗོངས་མེས་རྒྱལ་གྱི་མངའ་ཁོངས་ལས་ཁ་བྲལ་དུ་གཏོང་རྒྱུའི་ཇུས་ངན་སྤེལ་དུས། ཁོང་གིས་ཚེ་སྲོག་ལ་མ་འཛེམས་པར་ལྷ་སར་ཕེབས་ནས་རྒྱ་བོད་འགྲིག་མཐུན་གྱི་གཟུ་བ་བྱས་ཏེ་མེས་རྒྱལ་གཅིག་གྱུར་གྱི་ཕྱོགས་ལ་མཛད་རྗེས་ཆེན་པོ་བཞག་མོད། མིག་སྔར་དགུ་སྤྲུལ་གཉིས་པ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱངས་རྡོ་རྗེ་མཆོག་གིས་མཚོ་སྔོན་ཕྱོགས་སུ་སྔ་འགྱུར་རྙིང་མའི་བསྟན་པ་སྤེལ་ཚུལ་དང་རྒྱ་བོད་འགྲིག་མཐུན་གྱི་ཐད་ལ་བཞག་པའི་མཛད་རྗེས་ལ་དོ་སྣང་བྱེད་མཁན་ཤིན་ཏུ་ཉུང་།
          རྒྱའི་སྐད་ཡིག་གི་ལམ་ནས་བརྩམས་པའི་སྤྱི་ལོ་1913ནས་སྤྱི་ལོ་1933བར་བོད་ལྗོངས་དབང་སྒྱུར་མི་སྣའི་ཆབ་སྲིད་ཀྱི་གདམ་ཀ་②དང་སྤྱི་ལོ་1919ལོར་ཀན་སུའུ་འཐུས་མི་བོད་ལྗོངས་སུ་ཕེབས་པའི་ལོ་རྒྱུས་རྒྱབ་ལྗོངས་རགས་བཤད།③ མིན་གོ་སྐབས་སུ་ཀན་སུའུ་འཐུས་མི་བོད་ལྗོངས་སུ་ཕེབས་པའི་རྒྱུ་རྐྱེན་དང་དེའི་དོན་སྙིང་།④ཀྲུའུ་ཞུག་(朱绣)བོད་ལྗོངས་སུ་སོང་བ་ལས་པེ་དབྱང་སྲིད་གཞུང་གིས་བོད་ལྗོངས་དོ་དམ་བྱས་ཚུལ་གླེང་བ་དང་།⑤ མཱ་ཆིས་བོད་ཁུལ་སྲིད་སྐྱོང་གི་ཐབས་ཇུས་མདོར་བཤད།⑥ ཏཱ་ལའི་བླ་མའི་རྣམ་ཐར་⑦སོགས་སུ་དགུ་སྤྲུལ་གཉིས་པ་འཇིགས་བྲལ་ཆོས་དབྱངས་རྡོ་རྗེ་མཆོག་གི་མཚན་གླེང་བ་ཙམ་ལས་ཁོང་གིས་མིན་གོ་སྐབས་སུ་རྒྱ་བོད་འགྲིག་མཐུན་ཡོང་བར་བྱས་རྗེས་བཞག་པ་སོགས་གླེང་མེད། དེ་ལས་ལྡོག་སྟེ་རྒྱ་བོད་འགྲིག་མཐུན་དང་མེས་རྒྱལ་གཅིག་གྱུར་ནི་ཀན་སུའུ་འཐུས་མི་ཀྲུའུ་ཞུག་(朱绣)དང་ལའེ་ཀྲུང་ལེན།(李仲莲) མཱ་ཆི་(马麒)སོགས་ཀྱི་མཛད་རྗེས་ཡིན་པར་གླེང་ཡོད། ང་ཚོས་ཡོན་རྒྱལ་རབས་ནས་ཆིང་རྒྱལ་རབས་བར་དུ་ཀྲུང་དབྱང་སྲིད་གཞུང་གིས་བོད་དོན་གཉེར་ཚུལ་ལ་དཔྱད་པ་བཏང་ཚེ། རྒྱལ་རབས་སོ་སོའི་སྐབས་སུ་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་བླ་ཆེན་དང་མཁས་ཆེན་མང་པོར་ཆོ་ལོ་བསྩལ་ཏེ་བོད་དོན་གཉེར་བ་ནི་ཀྲུང་དབྱང་སྲིད་གཞུང་གི་རྒྱུན་སྤྱོད་ཀྱི་ཆབ་སྲིད་ཀྱི་ཐབས་ཤེས་ཤིག་ཡིན། བོད་ཀྱི་བླ་ཆེན་དག་གིས་ཀྱང་རྒྱ་བོད་སོག་གསུམ་སོགས་མི་རིགས་ཕན་ཚུན་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་མཛད་རྗེས་བླ་ན་མེད་པ་བཞག་ཡོད། འདིར་དཔྱད་བྱར་གྱུར་བའི་དགུ་སྤྲུལ་གཉིས་པ་འཇིགས་བྲལ་ཆོས་དབྱངས་རྡོ་རྗེ་མཆོག་ལ་ཡང་པེ་དབྱང་སྲིད་གཞུང་གིས་ཟི་ལིང་མཚོ་སྔོན་སོགས་ཀྱི་སྔ་འགྱུར་རྙིང་མའི་ཆོས་སྲིད་སྤྱི་བདག་ཆེན་པོ་དགུ་རོང་ཏཱ་བླ་མ་⑧ཞེས་པའི་ཆོ་ལོ་དང་ཐམ་ག་བསྩལ་བ་དང་། མིན་གོའི་དུས་སྐབས་སུ་རྒྱ་བོད་འགྲིག་མཐུན་ཡོང་བར་མཛད་རྗེས་ཆེན་པོ་བཞག་ཡོད། ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་འབྲེལ་འདྲིས་ཀྱི་ལོ་རྒྱུས་ལས་དེའི་ཤུགས་རྐྱེན་དང་ནུས་པ་ནི་ཀན་སུའུ་འཐུས་མི་དང་མཱ་ཆི་ལས་ཀྱང་གལ་ཆེན་ཡིན་པ་ཤེས་ངེས།
          དང་པོ། དགུ་རོང་འཇིགས་བྲལ་ཆོས་དབྱངས་རྡོ་རྗེ་མཆོག་གི་འཁྲུངས་འདས་དང་སློབ་གཉེར་མཛད་ཚུལ།
          དགུ་རོང་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་མཆོག་གི་སྐུ་གོང་མ་དགུ་རོང་སྣ་ཚོགས་རང་གྲོལ་ནི་དགུ་འགྱུར་པདྨོ་རོང་དུ་ཡབ་ཨ་ཁུ་འབག་བཟོ་དང་ཡུམ་ཀླུ་མོ་བྱམས་གཉིས་ཀྱི་སྲས་སུ་སྤྱི་ལོ་1822ལོར་འཁྲུངས་ཤིང་། སྐུ་ཚེ་གང་བོར་སྔ་འགྱུར་རྙིང་མའི་ཆོས་གཞུང་ཀུན་ལ་སྦྱངས་པ་དཔྱིས་ཕྱིན་མཛད་ཅིང་། གཅན་ཚ་དང་རེབ་གོང་། ཁྲི་ཀ་སོགས་མདོ་སྨད་ལྷོ་བྱང་གི་ཡུལ་དུ་བུ་སློབ་གང་མང་ལ་དབང་ལུང་ཁྲིད་གསུམ་དང་། སྒྲུབ་ཆེན་ཆོས་ཐོག་བཙུགས་པ་དང་། དགོན་སྒྲུབ་གང་མང་གསར་བཞེངས་ཀྱིས་རྙིང་མའི་བསྟན་པ་དར་སྤེལ་དུ་བཏང་། མཐར་སྤྱི་ལོ་1874ལོར་དགོངས་པ་ཆོས་དབྱིངས་སུ་འཐིམས། ཁོང་གི་སྤྲུལ་སྐུ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་མཆོག་དགུ་རོང་དགུ་ཆུའི་འགྲམ་རྒྱུད་དུ་ཡབ་འཇམ་དཔལ་བཀྲ་ཤིས་དང་ཡུམ་ཁྱི་མོ་ཐར་གཉིས་ལ་སྤྱི་ལོ་1875ལོའི་ཆུ་སྟོད་ཟླ་བར་འཁྲུངས། ཆུང་དུས་སུ་མཚན་ལ་ཨོ་རྒྱན་བསྟན་འཛིན་བཏགས། དགུང་ལོ་གསུམ་ལ་སོན་དུས་དགུ་རོང་སྣ་ཚོགས་རང་གྲོལ་གྱི་སྤྲུལ་སྐུ་རུ་ངོས་འཛིན་མཛད་ཅིང་མཚན་ལ་འཇིགས་བྲལ་ཆོས་དབྱངས་རྡོ་རྗེ་རུ་གསོལ། དགུང་ལོ་བདུན་པ་སྟེ་སྤྱི་ལོ་1881ལོར་འགྲོ་མགོན་ཚོགས་དྲུག་རང་གྲོལ་དང་ཨ་ལགས་དགུ་སྟེང་། ཨ་ལགས་སྣང་ར། ཞབས་དྲུང་ཚང་དང་། དེ་མིན་རེབ་གོང་དང་གཅན་ཚ། ཁྲི་ཀ་སོགས་ཀྱི་མི་དབང་དང་སྔགས་མང་གིས་ཐུགས་ཁུར་དང་ཆིབས་བསུ། མཆོད་བསུ་བགྱིས་ཏེ་གནམ་རྫོང་གསང་སྔགས་བསྟན་རྒྱས་གླིང་གི་ཨོ་རྒྱན་ལྷ་ཁང་ཆེན་མོའི་མི་འཇིགས་གདོང་ལྔའི་ཁྲིར་བཀོད།
          ཁོང་དགུང་ལོ་དྲུག་ལ་སོན་དུས་རེབ་གོང་ཆུ་མའི་དགེ་བཤེས་ཆུ་མ་རིན་པོ་ཆེ་ཡོངས་འཛིན་ལ་བསྟེན་ཏེ་ལོ་བདུན་གྱི་རིང་ལ་ཡི་གེ་འབྲི་ཀློག་དང་། ཉེར་མཁོ་འདོན་ཆ། སུམ་རྟགས་སོགས་སྦྱངས་པ་བྱས། དེའི་རྗེས་སུ་ནམ་མཁའ་རྫོང་གི་རྩེ་ནས་སུམ་རྟགས་དང་། མཚམས་སྦྱོར་ལྔ་བ། སྙན་ངགམངའ་རིས་སྡོམ་གསུམ། ཡིད་བཞིན་མཛོད་རྩ། ཡོན་ཏན་མཛོད་རྩ། སྤྱོད་འཇུག་སོགས་གཞུང་ཆེན་མོའི་རྩ་བ་སོགས་ཐུགས་ལ་བྱང་བར་བྱས། དགུང་ལོ་བཅུ་གསུམ་པར་ཞབས་དཀར་སྐུ་ཕྲེང་གཉིས་པའི་མདུན་ནས་ཆོས་འབྱུང་དང་ལོ་རྒྱུས་སོགས་སྦྱངས་པ་མཛད། སྐབས་དེར་ཁོང་ལྷ་སར་ཕེབས་པའི་ཐུགས་འདུན་སྐྱེས་ཏེ་ཞབས་དཀར་ཚང་དང་ཨ་ལགས་སྐལ་ལྡན་ཚང་། མོག་སེར་ཚང་སོགས་དང་ལྷན་དུ་ལྷ་སར་ཕེབས་ཤིང་། ལམ་ཁར་ཁོང་རྣམ་པའི་ལུགས་གཉིས་ཀྱི་བསླབ་བྱ་དང་། ཆོས་འབྱུང་ལོ་རྒྱུས། མདོ་སྔགས་རིག་གནས་ཀྱི་གནད་མང་པོ་ཁྲིད། ལྷ་སར་འབྱོར་རྗེས་གོང་ས་མཆོག་དང་། པཎ་ཆེན་ཐམས་ཅད་མཁྱེན་པ། རྒྱལ་ཚབ་དེ་མོ་མཆོག་སོགས་དང་མཇལ་ཅིང་། པཎ་ཆེན་མཆོག་གིས་སྤྲུལ་སྐུ་རྣམ་དཔྱོད་ཅན་ཞིག་རེད་⑨ཅེས་གསུངས་ཚུལ་ཁོང་གི་རྣམ་ཐར་དུ་གསལ། སྐབས་དེར་གོང་ས་དང་རྒྱལ་ཚབ་དེ་མོ་སོགས་ཀྱི་ཐུགས་ཁུར་འོག་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་སོགས་ཀྱིས་ཡར་ལུང་ཤེལ་བྲག་དང་། སྦྲགས་ཀྱི་ཡང་རྫོང་། བསམ་ཡས་མཆིམས་ཕུ་སོགས་སུ་མཆོད་འབུལ་རྒྱ་ཆེན་མཛད། དགུང་ལོ་བཅོ་ལྔའི་སྟེང་གྲུབ་དབང་རྡོ་བ་མཆོག་གི་མདུན་ནས་ཐུན་མོང་རིག་གནས་དང་། ཐུན་མིན་ཟབ་ཁྲིད་མན་ངག་ལ་སྦྱངས་པ་བྱས། ལྷག་པར་དུ་སྐབས་དེར་རྒྱལ་དབང་བཅུ་གསུམ་པ་དང་ཁོང་གི་གཅེན་པོ་གུང་དོན་གྲུབ་རྡོ་རྗེ་སོགས་ཀྱི་ཐུགས་དགོངས་ལྟར་གོང་མ་ཀོང་ཞུས་(光绪)ཧུ་ཐོག་ཐུའི་(呼图克图)ཆོ་ལོ་བསྩལ།
          དགུང་ལོ་བཅུ་དྲུག་པར་ཁོང་བྱ་ཁྱུང་ཐེག་ཆེན་གླིང་དུ་ཕེབས་ཏེ་རྗེ་ཞྭ་དམར་པཎྜི་ཏའི་མདུན་ནས་ལོ་གསུམ་ཙམ་གྱི་རིང་ལ་སྒྲ་ཚད་སྙན་ངག་དང་། གྲུབ་མཐའི་རྣམ་བཞག ལམ་རིམ་ཆེན་མོ་སོགས་ལ་སྦྱངས་པ་མཛད། རྩོད་གྲྭར་ཞུགས་ཏེ་ཁོའི་རྣམ་དཔྱོད་ལ་མི་ཀུན་ཡ་མཚན་སྐྱེས་ཤིང་རྗེ་ཞྭ་དམར་བས་ཀྱང་དགུ་རོང་མཁས་ཕྲུག་⑩ཅེས་བསྔགས་བརྗོད་བྱས། དགུང་ལོ་བཅུ་དགུ་བར་ཁམས་རྫོགས་ཆེན་དགོན་དུ་ཕེབས་ནས་དཔོན་སློབ་ནམ་མཁའ་འོད་གསལ་གྱི་མདུན་ནས་སྙིང་ཐིག་སྔོན་འགྲོ་དང་རྣམ་མཁྱེན་ལམ་བཟང་།སྐྱབས་མགོན་དགེ་མང་རིན་པོ་ཆེའི་དྲུང་ནས་འདོད་འཇོའི་བུམ་བཟང་དང་། སྒྱུ་འཕྲུལ་ཞི་བ། སྡུག་བསྔལ་རང་གྲོལ།ཞི་ཁྲོའི་དབང་ཆེན། ཕུར་བ་རྒྱུད་ལུགས་སོགས་ཀྱི་དབང་ལུང་མན་ངག་བླངས། མཁན་པོ་བློ་གསལ་དཔལ་བཟང་བོའི་མདུན་ནས་སྤྱོད་འཇུག་དང་སྡོམ་གསུམ་རྣམ་ངེས།ཡོན་ཏན་མཛོད་སོགས་གསན་སྦྱངས་མཛད། སྐལ་ལྡན་རྒྱ་མཚོའི་སྐུ་མདུན་ནས་ཀུན་བཟང་བླ་མའི་ཞལ་ལུང་དང་། སྤྱོད་འཇུག ཡོན་ཏན་མཛོད། སྡོམ་གསུམ། གསང་སྙིང་དཀོན་མཆོག་འགྲེལ། མཚན་བརྗོད་འགྲེལ། བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས། རྩ་རླུང་འཁྲུལ་འཁོར་གཏུམ་མོ་སོགས་ལ་སྦྱངས་པ་མཛད། དེ་ནས་དཔལ་སྤུངས་དང་རྫོང་གསར་དུ་ཕེབས་ཏེ་མཁྱེན་བརྩེ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་མདུན་ནས་མདོ་སྔགས་ཞལ་ལུང་དང་། སྒྲ་ཀ་ཙན་དབྱངས་གསུམ། སྡེབ་སྦྱོར་སྙན་ངག དེབ་ཐེར་སྔོན་པོ་སོགས་ལ་སྦྱངས་པ་མཛད་ཅིང་། སྐབས་དེར་དཀར་མོ་སྟག་ཚང་རི་ཁྲོད་དུ་འཇུ་མི་ཕམ་རིན་པོ་ཆེར་མཇལ་དུ་སོང་མོད། ཁོང་མཚམས་རྒྱ་ལ་བཞུགས་ཡོད་པས་ཞལ་མཇལ་མ་ཐུབ།དེའི་རྗེས་སུ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་སོགས་སླར་དཀར་མཛེས་དང་རྒྱལ་རོང་། བླ་བྲང་བཀྲ་ཤིས་འཁྱིལ།གཡའ་མ་བཀྲ་ཤིས་འཁྱིལ་བརྒྱུད་དེ་དགུ་རོང་མ་ཎི་ཐང་དུ་འབྱོར་ཞིང་མུ་མཐུད་དུ་རྒྱལ་བའི་གསུང་རབ་དང་ཆོས་སྤྱོད་ཆོ་ག་སོགས་ལ་ཐོས་བསམ་དང་། ཨ་ཆུང་གནམ་རྫོང་དང་མཚོ་སྙིང་མ་ཧྭ་དེ་ཝ་སོགས་ནས་སྒྲུབ་པ་མཉམ་ལེན་མཛད།
          སྤྱི་ལོ་1900ལོར་སླར་ཁམས་ཕྱོགས་སུ་ཕེབས་ཏེ་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་སྐུ་མདུན་ནས་ལོ་ངོ་བཞི་ལྷག་གི་རིང་ལ་དབྱངས་འཆར་གྱི་རྒྱུད་འགྲེལ་གནས་གསུམ་དང་།སྐར་རྩིས། གསོ་རིག་རྒྱུད་བཞི། སྒྲ་ཚད་སྙན་ངག སྔ་འགྱུར་ཟབ་གསང་སྙན་བརྒྱུད་ཀྱི་གདམས་པ་མཐའ་དག་སྦྱངས་པ་མཛད། བླ་སློབ་ཞལ་གྱེས་ཁར། མི་ཕམ་རིན་པོ་ཆེས་ཁོང་ལ་རོང་ཟོམ་པ་པཎྜི་ཏའི་གསུང་འབུམ་ཆ་ཚང་གནང་ནས་སྔ་འགྱུར་རྙིང་མའི་ཆོས་བདག་ཏུ་དབང་བསྐུར། སྐབས་ཐོག་དེར་ཁོང་རྫོགས་ཆེན་དགོན་ལྔ་རིག་ཆོས་གྲྭ་ཆེན་མོའི་རྩིས་ཀྱི་མཁན་པོར་བསྐོས་ཤིང་། རྫོགས་ཆེན་ཡིད་བཞིན་ནོར་བུ་གཙོས་མཁན་སྤྲུལ་མང་བོས་སྐུལ་ངོར་རྩིས་གཞུང་དཔྱོད་ལྡན་མཁས་པའི་མགུལ་རྒྱན་བརྩམས་ཤིང་དེ་ཆོས་གྲྭའི་སློབ་དེབ་ཏུ་གྱུར། རྗེས་སུ་མདོ་སྨད་ཀྱི་བུ་སློབ་རྣམས་ཀྱིས་ཁོང་མྱུར་དུ་ཕྱིར་ལོག་པའི་རེ་འདུན་ཆེན་པོ་ཞུས་པས་ཕྱིར་རང་ཡུལ་དུ་ལོག
          དགུ་སྤྲུལ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཡིས་མདོ་དབུས་ཁམས་གསུམ་ནས་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྔ་ལྷག་ཚུལ་བཞིན་དུ་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལུགས་ལ་ཐོས་པ་རྒྱ་ཆེན་མཛད་རྗེས། ཁོང་ཉིད་ཀྱིས་ཡང་དག་སངས་རྒྱས་བསྟན་པ་འདི།། ཐོས་པ་ཙམ་གྱིས་མི་འགྲུབ་བོ་⑾ཞེས་པའི་གསུང་ཚིག་ལྟར། སྔ་གཞུག་ཏུ་དགུ་རོང་མ་ཎི་ཐང་དང་། མཚོ་སྙིང་མ་ཧྭ་དེ་ཝ། རེབ་གོང་གྲུབ་གནས་བརྒྱད། གཡའ་མ་བཀྲ་ཤིས་འཁྱིལ། མ་དེའི་སྐྱེད་ཚལ་སོགས་ནས་བསྙེན་སྒྲུབ་དང་སྒྲུབ་པ་ཉམས་ལེན་གང་མང་མཛད་ཅིང་། ལུགས་གཉིས་ཀྱི་བྱ་བཞག་རླབས་ཆེན་མང་པོ་ཡང་བསྒྲུབས་པས་གྲུབ་པའི་དབང་ཕྱུག་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཞེས་མཚན་སྙན་སྲིད་གསུམ་དུ་ཁྱབ། མཐར་སྤྱི་ལོ་1932ལོར་དགོངས་པ་ཆོས་དབྱིངས་སུ་འཐིམས།
          གཉིས་པ། དགུ་རོང་འཇིགས་བྲལ་ཆོས་དབྱངས་རྡོ་རྗེ་མཆོག་གིས་མཚོ་སྔོན་ཕྱོགས་སུ་སྔ་འགྱུར་རྙིང་མའི་བསྟན་པ་སྤེལ་ཚུལ།
          རྙིང་མའི་གྲུབ་མཐའ་ནི་དུས་རབས་བཅུ་གཅིག་པའི་ནང་གྲུབ་ཅིང་དེའི་བྱུང་འཕེལ་ཁྲོད་རབ་བྱུང་བའི་སྡེ་དང་སྔགས་པའི་སྡེ་⑿གཉིས་བྱུང་ཡོད། རབ་བྱུང་བ་ཚོས་འདུལ་བའི་ཚུལ་ཁྲིམས་གཙང་མ་སྲུང་ཞིང་རྙིང་མའི་གཞུང་ཆེན་ལ་སྦྱངས་པ་དཔྱིས་ཕྱིན་མཛད། སྔགས་པའི་སྡེ་ནི་ཆོས་བྱེད་མི་སྣ་ཡིན་ལ་ཁྱིམ་པ་ཡང་ཡིན་པས་འཇིག་རྟེན་པའི་ལས་ཕལ་ཆེ་ཤས་ལ་འཇུག རྙིང་མའི་སྡེ་འདི་གཉིས་མདོ་དབུས་ཁམས་གསུམ་དུ་ཁྱབ་ཚུལ་ལ་ཁྱད་ཆོས་ཡོད་དེ། དབུས་གཙང་དང་ཁམས་ཕྱོགས་སུ་གཙོ་བོ་རབ་བྱུང་བའི་སྡེ་དར་ཁྱབ་ཆེ་ཞིང་རྙིང་མའི་དགོན་ཆེན་དྲུག་ཀྱང་ཡུལ་དེ་གཉིས་སུ་ཆགས་ཡོད། འོན་ཀྱང་སྔགས་པའི་སྡེ་ནི་དབུས་གཙང་དང་ཁམས་ཕྱོགས་སུ་ཆེན་པོ་དར་མེད་དེ། ཡུལ་དེ་དག་གི་གྲོང་ཚོར་ཡོད་པའི་སྔགས་པ་རྣམས་ལ་སྔགས་དགོན་དང་སྔགས་ཁང་། དགོན་པའི་སྒྲིག་འཛུགས། དུས་ལྟར་གཏན་འབེབས་བྱས་པའི་ཆོས་ཐོག་སོགས་མེད་པར་གཙོ་བོ་རང་ཉིད་ཀྱིས་སྒྲུབ་པ་ཉམས་ལེན་བྱེད། མདོ་སྨད་ཡུལ་དུ་རྙིང་མའི་རབ་བྱུང་བའི་སྡེ་རྒྱ་ཆེར་དར་མེད་ལ་ཆོས་སྡེ་ཆེན་པོ་ཡང་མང་པོ་མེད་ཅིང་། གཙོ་བོ་སྔགས་པའི་སྡེ་དར་ཁྱབ་ཆེ་ཞིང་གྲོང་ཚོ་རེར་སྔགས་ཁང་དང་སྔགས་དགོན་ཡོད།གོས་དཀར་ལྕང་ལོ་འཆང་བའི་འདུས་སྡེ་སྤྱི་ལ་སྒྲིག་འཛུགས་ཡོད་ཅིང་གཏན་འབེབས་བྱས་པའི་ཆོས་ཐོག་ཀྱང་ལོ་རེར་ཆག་མེད་དུ་ཚོགས་བཞིན་ཡོད།
ང་ཚོས་མདོ་སྨད་ཡུལ་གྱི་སྔགས་པའི་བྱུང་འཕེལ་ལ་དཔྱད་པ་གཏོང་དུས། ཐོག་མར་མདོ་སྨད་ཡུལ་གྱི་གྲོང་སྔགས་ཀྱང་དབུས་གཙང་དང་ཁམས་བཞིན་སྒེར་གྱིས་སྒྲུབ་པ་ཉམས་ལེན་དང་། ཡུལ་ཕྱོགས་སུ་ཆར་ཆུ་དུས་སུ་འབབ་པ། ལོ་ལེགས་ཡོང་བ། ཕྱུགས་ཀྱི་འཕེལ་ཁ་དར་བ། དགྲ་བགེགས་གདོན་སེལ་སོགས་ཀྱི་ཆོ་ག་སྒྲུབ་པ་ལས་སྔགས་དགོན་དང་ཆོས་ཐོག དགོན་པའི་སྒྲིག་འཛུགས་སོགས་མེད། དུས་རབས་བཅུ་དྲུག་ཙམ་ནས་བཟུང་ཀན་ལྷོ་དང་། རེབ་གོང་། གཅན་ཚ། ཁྲི་ཀ་སོགས་ཀྱི་ཡུལ་དུ་རིག་འཛིན་དཔལ་ལྡན་བཀྲ་ཤིས་དང་། སྤྱང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད། རྡོ་གྲུབ་ཆེན། རྫོགས་ཆེན་ཆོས་དབྱངས་སྟོབས་ལྡན་རྡོ་རྗེ། ཞབས་དཀར་ཚང་། དགུ་རོང་སྣ་ཚོགས་རང་གྲོལ། དགུ་རོང་འཇིགས་བྲལ་ཆོས་དབྱངས་རྡོ་རྗེ། ཏིང་ཀྱ་ཀུན་བཟང་སྙན་གྲགས་རྒྱ་མཚོ་སོགས་གྲུབ་པའི་དབང་བོ་མང་པོ་བྱོན་ཏེ་གྲོང་སྔགས་རྣམས་ལ་དབང་ལུང་ཁྲིད་གསུམ་གནང་བ་དང་། སྔགས་ཁང་བཞེངས་པ། སྒྲུབ་ཆེན་ཆོས་ཐོག་འཛུགས་པ། བཅའ་ཡིག་སྒྲིག་ཁྲིམས་གཏན་འབེབས་སོགས་ཀྱིས་གོས་དཀར་ལྕང་ལོ་ཅན་གྱི་སྡེ་དར་རྒྱས་སུ་བཏང་།
          འཇིགས་བྲལ་ཆོས་དབྱངས་རྡོ་རྗེས་དགུང་ལོ་ཉེར་དྲུག་གི་སྟེང་འཇུ་མི་ཕམ་རིན་པོ་ཆེའི་མདུན་ནས་མདོ་སྔགས་རིག་གནས་སྤྱི་དང་ཁྱད་པར་དུ་སྔ་འགྱུར་རྙིང་མའི་དབང་ལུང་ཁྲིད་གསུམ་གང་མང་འཐོབ་རྗེས། མི་ཕམ་རིན་པོ་ཆེས་ཁོང་ལ་དེ་རིང་ནས་བཟུང་སྟེ་དབང་ལུང་ཁྲིད་གསུམ་གྱི་བདུད་རྩིས་གངས་ལྗོངས་བསྐྱངས་དགོས་ཞེས་བཀའ་ནན་བསྩལ།ཁོང་གིས་ཀྱང་ཐོག་མར་གནམ་རྫོང་གསང་སྔགས་བསྟན་རྒྱས་གླིང་ནས་དོར་ཤུལ་ངག་དབང་རྒྱ་མཚོ་སོགས་རྩིས་ཀྱི་འཛིན་གྲྭ་ལ་སྟོང་འཇུག་ལྷན་ཐབས་སོགས་སྐར་རྩིས་ཀྱི་སྐོར་མང་པོ་དང་། སྙན་ངག་མེ་ལོང་མ་དང་། དེའི་འགྲེལ་བ་དཔེར་བརྗོད་དྲིས་ལན་ཡང་ལན་ཆབ་ཤོག སི་ཏུའི་སུམ་རྟགས་འགྲེལ་ཆེན་དང་། པྲ་ཏིའི་ཀུན་བཟང་དགོངས་རྒྱན། སྔགས་ཀྱི་ཀློག་ཐབས། དཀྱིལ་འཁོར་གྱི་ཐིག་རྩ་སོགས་ཞིབ་ཁྲིད་མཛད། སྤྱི་ལོ་1904ལོར་མཚོ་སྙིང་མ་ཧྭ་དེ་ཝ་རུ་ཆོས་དབྱིངས་རང་གྲོལ་དང་། ཞབས་དྲུང་འཇིགས་མེད་རྣམ་གྲོལ། ཨ་ལགས་སྣང་ར། སོག་རྩའི་དགུ་ལོ་སོགས་བླ་དཔོན་བརྒྱ་ལྷག་ལ་རྫོགས་པ་ཆེན་པོའི་ལྟ་བའི་སྐོར་དམར་ཁྲིད་བྱས། སྤྱི་ལོ་1910ལོར་སྦྲུལ་ལྕེ་ཁོད་ས་ཐང་སོགས་སྡེ་བ་སོ་སོར་ཆིབས་བསྒྱུར་གནང་སྟེ་ཕྱོགས་སོ་སོའི་སྔགས་པ་གཙོ་བྱས་པའི་ཡུལ་མི་རྣམས་ལ་དབང་ལུང་གང་མང་དང་། འཇམ་དཔལ་གཏེར་གཞུང་རྩའི་ལུགས་གུར་དྲག ཟབ་ལམ་བླ་མའི་རྣལ་འབྱོར། སྡེ་བརྒྱད་མཆོད་པ། སྙིང་ཐིག་རིག་འཛིན། ཕུར་བ། དཔལ་ཆེན། རྟ་ཁྱུང་། མཁའ་འགྲོ་སོགས་ཀྱི་དབང་ལུང་གང་མང་དང་། རེབ་གོང་ཞོ་འོང་ལ་སྟེང་འོག་སོགས་ཀྱི་ཕྱོགས་འདུས་བུ་སློབ་རྣམས་ལ་སྒྲུབ་ཆེན་བཀའ་བརྒྱད་དང་། ཞི་ཁྲོ། རིག་འདུས། རྟ་ཁྱུང་། མཁའ་འགྲོ་བདེ་ཆེན་རྒྱལ་མོ་སོགས་ཀྱི་དབང་ལུང་མང་པོ་གནང་།གཞན་བ་ཡན་ཧོར་རྩ་དང་ཧོར་བ། ནང་སྟོད། ལག་མང་། མལ་སྦྱངས་སོགས་སུ་ཕེབས་ཏེ་ཀུན་བཟང་བླ་མའི་ཞལ་ལུང་དང་། སེང་གདོང་ཚེ་དབང་སོགས་ཀྱི་ཆོས་རྒྱུན་མང་པོ་སྤེལ། དེར་མ་ཟད་དོ་ཀྱའི་མི་དབང་སོགས་ཕྱོགས་འདུས་ཀྱི་བླ་དཔོན་སྐོར་ཞིག་ལ་མི་དབང་རྟོགས་བརྗོད་དང་ས་སྐྱ་ལེགས་བཤད། བཤེས་སྤྲིངས། རྒྱལ་བོ་ལུགས་ཀྱི་བསྟན་བཅོས་སོགས་ཁྲིད་དེ་འཇིག་རྟེན་མི་ཆོས་ཀྱི་ཤེས་ཡོན་དར་རྒྱས་སུ་བཏང་།
          སྤྱི་ལོ་1906ལོར་དོ་ཀྱའི་མི་དབང་བཀྲ་ཤིས་རྣམ་རྒྱལ་གཙོས་དོ་ཀྱ་དང་། ཁམས་ར། སྐེ་བ་གསུམ་གྱི་སྔགས་རྒན་རྣམས་ཀྱིས་ཞུས་ངོར། གུ་རུ་སིདྡིའྷི་སྒྲུབ་ཆེན་གྱི་ཕྱག་བཞེས་ཆ་ཚང་ཞིབ་ཁྲིད་མཛད་དེ། ཆོས་ཐོག་ཐོག་མར་གནམ་རྫོང་ནས་བཙུགས་ཤིང་། ཕྱི་ལོ་ནས་བཟུང་ཕྱོགས་ཁ་གསུམ་ནས་རེས་མོས་སུ་འཁོར་རྒྱུ་གཏན་འབེབས་བྱས་ཏེ་ད་ལྟའི་བར་དུ་མ་ཉམས་པར་རྒྱུན་འཛིན་བྱས་ཡོད། གཞན་ད་དུང་སྔགས་ཁང་མང་པོར་ཚེས་བཅུ་དང་། ཚེ་སྒྲུབ། བཀའ་བརྒྱད། ཞི་ཁྲོ། སེང་གདོང་སོགས་ཀྱི་ཆོས་ཐོག་གསར་འཛུགས་གནང་ཞིང་། ཆོས་ཐོག་མང་པོ་ད་ལྟའི་བར་ཆག་མེད་དུ་རྒྱུན་སྐྱོང་བྱེད་བཞིན་ཡོད། ཡང་ཁོང་གིས་ཉ་ལ་དགོན་པ་དང་རྫ་ཁྲོད་རྡོ་རྗེ་གླིང་སོགས་དགོན་སྒྲུབ་གང་མང་བཞེངས་ཤིང་། ཁྱད་པར་དུ་རྫ་ཁྲོད་རྡོ་རྗེ་གླིང་ནི་མདོ་སྨད་ཕྱོགས་ཀྱི་སྒྲུབ་དགོན་ཁྱད་དུ་འཕགས་པ་ཞིག་ཡིན་པར་བཤད་དེ། དགུ་རོང་སྔ་ཕྱིའི་རྣམ་ཐར་དུ་མདོ་སྨད་ལྷོ་བྱང་གི་རྒྱུད་འདིར་སྐྱབས་རྗེ་ཚོགས་དྲུག་རང་གྲོལ་གྱི་གདན་ས་གཡའ་མ་བཀྲ་ཤིས་འཁྱིལ་དང་། རྫ་ཁྲོད་རྡོ་རྗེ་གླིང་གཉིས་ནི་སྔ་འགྱུར་རྙིང་པའི་སྒྲུབ་དགོན་ཁྱད་པར་བ་ཞིག་ཏུ་བརྩི་བཞིན་ཡོད་⒀ཅེས་བཀོད་ཡོད། ཡང་ཁོ་པེ་ཅིན་དུ་བཞུགས་དུས་ལྕང་སྐྱ་སོགས་ཀྱིས་ཟི་ལིང་དུ་ཡོད་པའི་མཁས་པ་མི་གསུམ་གྱི་ལྷ་ཁང་སྐྱར་བཞེངས་བྱེད་ཐུབ་ན་སྙམ་པའི་ཐུགས་འདུན་ཞུས་པས། དགུ་རོང་མཆོག་སྤྱི་ལོ་1918ལོའི་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་ཟི་ལིང་དུ་སོང་། སྐབས་དེར་མཁས་པ་མི་གསུམ་མྱ་ངན་ལས་འདས་པའི་གནས་སུ་གྲགས་པའི་ལྷ་ཁང་ད་ལྟ་ད་ཧྥོ་སི་ཟེར་བ་དེ་ས་འབུར་ཙམ་ཞིག་ཏུ་ཆགས་ཏེ།ལིས་ཐུའུ་སི་ཞེས་པའི་རྒྱ་ཁྱིམ་ཞིག་གིས་བདག་བྱེད་བཞིན་ཡོད་པར་བརྗོད་ཡོད། དགུ་རོང་མཆོག་གིས་ལིས་ཐུའུ་སིའི་ལག་ཏུ་ཇི་ལྟར་ཕྱིར་ཉོས་པ་བློ་བཟང་འཕྲིན་ལས་རྣམ་པར་རྒྱལ་བས་བསྡུས་པའི་རྣམ་ཐར་ས་བོན་ཆེན་མོར་འདི་ལྟར་བཀོད་ཡོད་དེ། དང་པོ་དུས་གསུམ་སངས་རྒྱས་ཀྱི་སྐུའི་རྣམ་པར་བཞེངས་པ་རིམ་གྱིས་ཉམས་ནས་ལིས་ཐུའུ་སི་དང་ཞིན་ཧན་ཅ་སོགས་རྒྱ་ཁྱིམ་འགའི་ལག་ཏུ་ཤོར་འདུག་པ་ཐབས་མཁས་སྣ་ཚོགས་ཀྱིས་མཐར་དངུལ་སྲང་དྲུག་བརྒྱ་དང་དངོས་རྟ་མང་པོ་དང་བཅས་བྱིན་ནས་ཕུ་ཙིའི་ཁང་བ་གྱན་བདུན་གྱི་ས་གོ་ཏན་ཚུན་ཆད་ཕྱིར་ཉོས། ཚེར་ཉེར་ལྔའི་ཉིན་ཚོང་ཐག་བཅད་ཡི་གེ་བྲིས། ས་ཉོས་པའི་ཡིག་ཏན་ནས་ཐམ་ག་དང་ཞན་ནས་གོ་ཟི་སྦྱར་བར་དངུལ་སྲང་བཅུ་བདུན་གནང་། དེ་ནས་ར་རྒྱའི་སྐུ་ཞབས་རྒྱལ་བ་ཚང་དང་སྐུ་འབུམ་བེ་ཀྱཱ་ཚང་། ཨ་ལགས་སྐལ་ལྡན་ཚང་། རྐང་ཚའི་ཆེན་ཧུ་གནས་བརྟན། བཀའ་བརྗིད་ཆེན་ཧུ་བྱམས་པ། བོང་སྟག་ཆེན་ཧུ་དཔལ་བཟང་། ལིས་ཆེན་ཧུན། ཟི་ལིང་མ་ཏྲིན་ཧྲིག་ཧྲི། ཁུ་ཁུ་ལྷ་དབང་རིག་འཛིན། ལྡིའུ་ཚའི་ནང་སོ།དཔའ་རིས་རྒྱ་ཏིག་ཚང་། སྟོང་སྐོར་དགོན་པ། སེམས་ཉིད་ཨ་ཆུང་ཚང་། རྒྱལ་ཡུམ་འཛོམས་སྐྱིད་སོགས་བླ་དཔོན་ཆེ་དགུ་རྣམས་ཀྱི་དཀར་ཐིགས་དང་། གསེར་ཁོག་དགོན་པ་དང་། མཛོ་སྣ། ལྷ་ཁང་ཐང་བཅས་ཀྱི་རོགས་སྐྱོང་རྨང་གཞིའི་སྟེང་ཁོང་གིས་ལག་ཡོན་ཁོ་ན་དངུལ་སྲང་ཉིས་སྟོང་སུམ་བརྒྱ་ང་བདུན་དང་ཞོ་བདུན་ཕུན་དྲུག་དང་གོས་དར་ཇ་ནག་འབྲུ་རིགས་བཅས་རྫས་ཕོན་ཆེ་བ་བཏང་སྟེ་ལྷ་ཁང་ཕྱི་ནང་ཐམས་ཅད་གསར་དུ་བཞེངས་⒁ཞེས་དགུ་རོང་མཆོག་གིས་ཏ་ཧྥོ་སིའི་གནས་རྒྱའི་ཁྱིམ་ཚང་གི་ལག་ཏུ་ཤོར་བ་ཕྱིར་ཉོས་ཏེ། རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་བཏོན་ཏེ་ལྷ་ཁང་དེ་ཡང་བསྐྱར་གསར་བཞེངས་བྱས། ད་ལྟ་མཁས་པ་མི་གསུམ་གྱི་སྒྲུབ་གནས་ཏེ་ཟི་ལིང་གྲོང་ཁྱེར་གྱི་རྒྱ་བོད་མི་རིགས་སོགས་ཕྱག་མཇལ་དུ་འགྲོ་བཞིན་པའི་གནས་མཆོག་ཤིག་ཏུ་གྱུར་ཡོད།
          མདོར་ན་དགུ་སྤྲུལ་གཉིས་པ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱངས་རྡོ་རྗེ་མཆོག་གིས་སྐུ་ཚེ་གང་བོར་ཕྱོགས་སོ་སོའི་བུ་སློབ་ཀུན་ལ་རིག་གནས་སྤྱི་དང་། ཁྱད་པར་དུ་སྔགས་ཕྱོགས་ཀྱི་དབང་ལུང་མང་པོ་བསྩལ་ཏེ་སྒྲུབ་ཆེན་ཆོས་ཐོག་གང་མང་བཙུགས། སྔགས་ཁང་དང་སྒྲུབ་དགོན་མང་པོ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་སྟེ་སྔ་འགྱུར་རྙིང་མའི་བསྟན་པ་རྒྱ་ཆེར་སྤེལ། མི་དབང་སོགས་ལ་ལུགས་ཀྱི་བསྟན་བཅོས་གང་མང་ཞིབ་ཁྲིད་གནང་སྟེ་བོད་ཀྱི་སྤྱི་ཚོགས་དང་རིག་གནས་དར་རྒྱས་སུ་བཏང་། དགུ་རོང་སྔ་ཕྱིའི་རྣམ་ཐར་དུ་ཡང་ཁོང་གིས་དབང་ལུང་མན་ངག་གི་རྒྱུན་ཟབ་མོ་དང་། རིག་གནས་འཆད་སྤེལ་མཛད་དེ་རྨ་ཆུ་ལྷོ་བྱང་གི་རྒྱུད་ཀུན་ཏུ། བསྐྱེད་རྫོགས་ལ་གདེང་ཐོབ་པའི་རྣལ་འབྱོར་བ་དང་། རིག་པའི་གནས་ཀུན་སྨྲ་བའི་མཁས་པ། སྡོམ་གསུམ་རྒྱལ་མཚན་འཛིན་པའི་བཙུན་པ།ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་པའི་ལྷ་རྗེ། ཕྲ་རགས་དུས་ཀྱི་དབྱེ་བ་མ་ནོར་བར་སྟོན་པའི་གནམ་གཤིས་རིག་པ་བ། ཡ་རབས་ལུགས་བཟང་གིས་འགྲོ་བ་སྐྱོང་བའི་མི་དབང་། དཀྱིལ་འཁོར། ལྷ་སྐུ། མཆོད་རྟེན་སོགས་ཀྱི་ཆ་ཚད་རི་མོའི་ལམ་དུ་འདྲེན་པའི་ཐིག་རིས་པ། རྨད་བྱུང་སྐུ་གསུམ་ཐུགས་རྟེན་དང་མཆོད་འབུལ་སྐོར་བཞེངས་པའི་བཟོ་བ། འབུད་རྡུང་རོལ་དབྱངས་གར་འཆམ་ལ་མཁས་པའི་སྒྱུ་རྩལ་པ། ལུང་ཁྲིད་མན་ངག་གི་མཛོད་འཛིན་མཁན་པོ་བཅས་ཀྱིས་གང་བར་འགྱུར་⒂ཞེས་དོན་དང་མཐུན་པའི་བསྔགས་བརྗོད་མཛད་ཡོད།
          གསུམ་པ། འཇུ་མི་ཕམ་མཆོག་གི་སྐུ་གདུང་བཞེངས་ཤིང་པེ་དབྱང་སྲིད་གཞུང་དང་མཛའ་འབྲེལ་བཙུགས་པ།
སྤྱི་ལོ་1917ལོར་ཁོང་གིས་དགེ་བའི་བཤེས་གཉེན་ཆེན་པོ་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་སྐུ་གདུང་མཆོད་རྟེན་བཞེངས་ཆེད་རི་བོ་རྩེ་ལྔར་ཕེབས་ཤིང་། ལམ་ཁར་ཟི་ལིང་ཀྲུའུ་ཞི་དང་ལན་ཀྲོའུ་ཙུང་འདུ་སོགས་ཀྱིས་བསུ་སྟོན་རྒྱ་ཆེན་མཛད་པར་མ་ཟད། ལམ་ཡིག་བཀའ་ཤོག་དང་སྲུང་དམག ཤིང་རྟ་ཁ་ལོ་བ་བཅས་གནང་སྟེ་སྐྱེལ་མ་བྱས། དགུ་རོང་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་རི་བོ་རྩེ་ལྔར་ཕེབས་པའི་ལམ་བར་དུ་ཧྲན་ཞིའི་ཆིན་ལིང་རི་བོའི་ཏ་ཧི་དགོན་དང་། ཀྲིན་ཀྲིག་གྱི་ཁེ་ཡོན་མཆོད་རྟེན་སོགས་སུ་མཆོད་མཇལ་དུ་ཕྱིན། སྤྱི་ལོ་1917ལོར་པེ་ཅིན་དུ་འབྱོར་ཏེ་དགའ་ལྡན་བྱིན་ཆགས་གླིང་དང་། བན་ཧྲིག་ཧྲན། མཆོད་རྟེན་དཀར་པོ་སོགས་ཡུལ་དེའི་རྟེན་དང་བརྟེན་པ་དག་ལ་ཕྱག་མཇལ་གནང་སྟེ། ལྕང་སྐྱ་དང་ལྷ་དབང་རིག་འཛིན། གོང་མའི་ལོ་ཙཱ་བ་ཡེ་ཤེས་ཐོགས་མེད། ཧར་ཆེན་ཀུན་བཟང་ནོར་བུ། ཇ་སག་ཐུ་ཝང་། ཨ་ལགས་ཤ་ཝང་དང་ཅོ་ནེ་བདེ་བ་ཚང་སོགས་ཡུལ་ཕྱོགས་ཀྱི་བླ་སྤྲུལ་དཔོན་ཁག་དག་དང་གླེང་མོལ་མཛད། སྤྱི་ལོ་1917ལོའི་ཟླ་དྲུག་པའི་ཚེས་གཉིས་ཉིན་རི་བོ་རྩེ་ལྔར་འབྱོར་ཏེ་དགོན་པས་སྣེ་ལེན་ཆེན་པོ་བྱས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་གྲུབ་ཆེན་པོ་ངག་དབང་དགེ་ལེགས་ཚང་གི་སྤྲུལ་སྐུ་དང་མཇལ་ཏེ་ཡུལ་དེའི་གནས་འགངས་ཆེན་རྣམས་ལ་ཕྱག་སྐོར་མཛད། དེའི་རྗེས་སུ་ར་ཁོ་ཧོ་ཐོག་ཐུར་ཞལ་མཇལ་དུ་ཕེབས་ཤིང་། ཁོང་གཉིས་ཀྱིས་ལུགས་གཉིས་ཀྱི་གླེང་མོལ་རྒྱ་ཆེར་བྱས་ཏེ་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་འཇམ་དབྱངས་རིགས་ལྔའི་གསོལ་འདེབས་ཞེས་པ་བརྩམས་ཏེ་ཡུལ་དེར་མཁས་པའི་གྲགས་པ་ཆེས་ཆེར་རྒྱས།
          ཟླ་དྲུག་པའི་ཚེས་བཅོ་བརྒྱད་ནས་བཟུང་རི་བོ་རྩེ་ལྔའི་ཆོས་སྲིད་སྤྱི་བདག་ཇ་སག་བླ་མ་རྒྱལ་མཚན་བཟང་བོ་དང་།ཕུ་ས་ཏེན་གྱི་ལོ་ཡེ་སོགས་དང་ཐུགས་གྲོགས་མཛད་དེ།གནས་དེའི་ལྷོ་ནུབ་ཀྱི་མཚམས་ཕུ་ས་ཏེན་གྱི་ལྷ་ཁང་གོང་མའི་གཡས་ཕྱོགས་ཀྱི་ལུང་བ་ཆུང་ཆུང་ཞིག་ཡོད་པའི་གཡོན་ཕྱོགས་ནས་ས་ཉོས་ཏེ། ཁོང་གི་བླ་མ་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོའི་སྐུ་གདུང་ཆེན་མོ་བཞེངས་ཤིང་།ཁོང་གི་ཐུགས་འདུན་ལྟར་ར་ཁོ་རིན་པོ་ཆེ་སོགས་དེ་གའི་བོད་ཀྱི་དགེ་འདུན་པ་རྣམས་དང་། སོག་པོ་དགེ་བཤེས་བདེར་གཤེགས་ཉི་མ་སོགས་སོག་པོའི་གྲྭ་བ་མང་པོ། ཕུ་ས་ཏེན་གྱི་ལོ་ཡེ་གཙོས་རྒྱ་ནག་ཧ་ཤང་གི་ཚོགས། རྫོགས་ཆེན་ཆོས་རྗེ་འཇམ་དབྱངས་དཀོན་མཆོག་དཔལ་བཟང་གི་ཐུགས་འདུན་བཞིན་བཞེངས་པའི་རྙིང་རྒྱུད་ལྷ་ཁང་གི་གྲྭ་བ་དང་ཁོང་ཡབ་སྲས་བཅས་རྒྱ་བོད་སོག་གསུམ་གྱི་དགེ་འདུན་ཐམས་ཅད་ཀྱིས་རང་ལུགས་ལྟར་མཆོད་རྟེན་ལ་རབ་གནས་དང་ཚོགས་རྒྱ་ཆེན་པོ་བསྐོར།
          མི་ཕམ་གྱི་མཆོད་རྟེན་བཞེངས་པའི་བྱ་བ་ཡོངས་སུ་གྲུབ་རྗེས་ཕྱིར་རྒྱལ་ས་པེ་ཅིན་དུ་ཕེབས་ཤིང་། པེ་ཡང་སྲིད་གཞུང་གི་ཙུང་ཐུང་ལི་ཡོན་ཧུང་(黎元洪)དང་ཐེངས་གསུམ་ལ་མཇལ་ཏེ་ཕན་ཚུན་གྱིས་རྒྱ་བོད་མི་རིགས་དང་ཆོས་ལུགས་ཀྱི་དོན་ཆེན་ཐད་བགྲོ་གླེང་གང་མང་མཛད། ཁོང་གི་རྣམ་དཔྱོད་དང་གཞན་དོན་མཛད་པའི་སྤོབས་པས་ཙུང་ཐུང་ལི་ཡོན་ཧུང་གི་ཐུགས་ཡིད་འཕྲོགས་ཤིང་། སྤྱི་ལོ་1917ལོའི་ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན་ཙུང་ཐུང་ལི་ཡོན་ཧུང་གིས་སྔ་འགྱུར་རྙིང་མ་བའི་བསྟན་པའི་སྤྱི་བདག་ཆེན་པོ་དགུ་རོང་ཧུ་ཐོག་ཐུ་རྡོ་རྗེ་འཆང་ཆེན་པོ་ཞེས་པའི་ཆོ་ལོ་རྒྱ་བོད་མན་སོག་བཞིའི་བཀའ་བྱང་ཆེན་མོ་དང་། གསེར་གྱི་ཐམ་ག ཅོ་ཁྲེ་སེར་བོ། དབུ་ཞྭ་ཏོག་ཅན། ན་བཟའ་ཆ་ཚང་དང་། འགྲོ་དྲུག་སྡུག་བསྔལ་ལས་སྒྲོལ་བའི་མཁས་ཆེན་པོ་ཞེས་པ་ཕྱག་བྲིས་གནང་སྟེ་བསྩལ། ཁོང་གི་ཕྲག་ཏུ་སྔར་ལས་ལྷག་པའི་ཁུར་ཆེན་པོ་བབས་པ་ན། ཐུགས་ལ་ཚན་རིག་ལག་རྩལ་ནི་ཕ་ཡུལ་དར་རྒྱས་སུ་འགྲོ་བར་མེད་ཐབས་མེད་པ་ཞིག་ཏུ་སེམས་ཏེ། འཇིགས་བྲལ་ཆོས་དབྱངས་རྡོ་རྗེ་ཁོང་དངོས་སུ་སྨན་ཁང་དང་བཟོ་གྲྭ་ཆེ་ཆུང་། སློབ་གྲྭ་སོགས་སུ་རྟོག་ཞིབ་ཏུ་སོང་། ཁྱད་པར་དུ་པེ་ཅིན་ཡང་ལེ་ཧི་སྨན་ཁང་དུ་ཕེབས་ཏེ་ཉིན་བཅུ་ལྷག་རིང་ལ་དེའི་ནང་གི་སྨན་པ་དང་ནད་པ་མང་པོར་ནད་ཀྱི་འབྱུང་རྐྱེན་དང་བརྟག་ཚུལ། བཅོས་ཐབས། སྨན་སྤྱད་ཡོ་ཆས་འདྲ་མིན་དང་སྨན་ཁང་གི་གྲུབ་ཚུལ་དོ་དམ་སོགས་ལ་རྒྱུས་ལོན་བྱས་པ་དང་། ཡང་ཐེན་ཅིན་དང་ཧྲང་ཧའེ་སོགས་སུ་ཕེབས་ཏེ་བཟོ་གྲྭ་ཆེ་ཆུང་དང་ཚོང་ར། སློབ་གྲྭ་བཅས་ལ་གཟིགས་ཞིབ་མཛད། ཕྱིར་པེ་ཅིན་དུ་ལོག་རྗེས་ལོ་ཙཱ་བ་ཡེ་ཤེས་ཐོགས་མེད་དང་རྒྱའི་ལོ་རྒྱུས་དང་རྒྱ་བོད་གཉིས་ལོ་རྒྱུས་སྟེང་ནས་མཐུན་སྒྲིལ་ཇི་ལྟར་བྱུང་བ། ཐང་ཡིག་གསར་རྙིང་ནང་གི་ཐུ་བྷོད་ཀྱི་སྐོར་སོགས་ཕན་ཚུན་བགྲོ་གླེང་མཛད། ལོ་ཙཱ་བ་ཁོང་སྐུ་གཤེགས་རྗེས་ཙུང་ཐུང་ཆེན་པོའི་ཐུགས་བཀོད་ལྟར་གོང་མའི་ཕོ་བྲང་ནང་གི་ལོ་ཙཱ་བ་ཡེ་ཤེས་ཐོགས་མེད་གཤེགས་པའི་སྔས་མགོ་བླ་མར་གདན་དྲངས། དེའི་རྗེས་སུ་ལྕང་སྐྱ་དང་སྐབས་དེའི་ཚན་རིག་པ་ལིག་ཧྭ་ཅང་དང་ལིས་སྐུ་ཞབས། ཀྲའོ་སྐུ་ཞབས་བཅས་དང་བགྲོ་གླེང་གང་མང་མཛད་ཅིང་། ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་ལ་ཆས།
          ཁོས་ལམ་བར་དུ་རྒྱའི་ཡུལ་གྱི་ལྷ་ཁང་དང་བྲག་ཁུང་།རྡོ་སྐུ་ཆེ་ཆུང་གྲངས་མེད་ཡོད་པར་ཞིབ་མཇལ་མཛད་ཅིང་།ཤིས་ནན་ཙུང་འདུ་དང་ཤིས་ནན་ཏོའུ་ཏོའུ། ལན་ཀྲོའུ་ཙུང་འདུ་སོགས་ཀྱིས་ཟས་སྟོན་རྒྱ་ཆེར་བྱས། ལམ་ཁའི་བདེ་འཇགས་ཀྱི་ཆེད་དུ་དམག་མིས་སྐུ་སྲུང་སྟེ་བསྐྱལ། སྤྱི་ལོ་1918ལོའི་ཟླ་གཉིས་པའི་ཚེས་གཅིག་ཉིན་མ་དཱའི་དགུ་རོང་དགོན་པར་ཞབས་པད་བཀོད་དེ་ལུགས་གཉིས་ཀྱི་དགའ་སྟོན་རྒྱ་ཆེན་པོ་མཛད།
          དགུ་རོང་མཆོག་ཕྱིར་ཕ་ཡུལ་དུ་ཕེབས་རྗེས་མཚོ་སྔོན་ཕྱོགས་ཀྱི་རྙིང་མའི་དགོན་སྡེ་ཁག་དང་། སྐྱ་སེར་བུ་སློབ་རྣམས་ལ་རིག་གནས་དམ་དུ་བཟུང་བར་མ་ཟད། གཅན་ཚ་ཉིན་ཐའི་གཡུ་རྩ་སྡེ་བར་བོད་རིགས་སློབ་གྲྭ་ཞིག་གསར་དུ་བཙུགས་ཏེ་མི་སྣ་གང་མང་སྐྱེད་བསྲིང་བྱས། ནང་ལོག་ས་ཆ་ནས་གྲོ་ནས་ཀྱི་ས་བོན་སྣ་ཚོགས་དང་། རྒུན་འབྲུམ། ལི་སྡོང་སོགས་སིལ་ཏོག་གི་རིགས་དང་། རྒྱ་གར་གཟེ་མ་སོགས་སྨན་ཤིང་གི་རིགས། པད་མ་དང་རྒྱ་བསེ་སོགས་མེ་ཏོག་སྣ་ཚོགས། སྤོས་བྱུར་གྱི་ས་བོན་བཅས་སྐྱེ་དངོས་སྣ་ཚོགས་ནང་འདྲེན་བྱས། ད་དུང་གནམ་རྫོང་དགོན་དུ་སྨན་ཁང་བཙུགས་ཏེ་ཀྲུང་ཕྱིའི་སྨན་པ་དུ་མ་གདན་དྲངས་ཏེ་ནད་བཅོས་དང་སྨན་བཅོས་བྱས་ཤིང་། གཅན་ཚ་བྲག་ཁང་སྣ་ཁར་འཁེལ་འཐག་བཟོ་གྲྭ་ཆུང་ཆུང་ཞིག་བཙུགས་ཏེ་མེ་གཟན་དང་ས་གདན་འཐག་ཐུབ་པར་གྱུར། གཞན་ད་དུང་གློག་སྨན་བཟོ་བ་དང་། སྒྲ་སྡུད། པར་ལེན། པར་སྐྲུན།གསེར་འགྱུར་གྱི་རྩི་སོགས་ཀྱི་ལག་རྩལ་ཁྱབ་བརྡལ་དུ་བཏང་། སྤྱི་ལོ་1920ལོའི་ཡར་སྔོན་དུ། ཟི་ལིང་ས་ཁུལ་དུ་ད་དུང་གློག་སྒྲོན་མེད་པའི་གནས་ཚུལ་འོག དགུ་རོང་འཇིགས་བྲལ་མཆོག་གིས་ས་གནས་གཞན་གྱི་ཉམས་མྱོང་ཤེས་བྱ་གཞིར་བཟུང་སྟེ་ཁོང་གི་བླ་བྲང་ཕྱི་ནང་ལ་མཚན་མོ་གློག་སྒྲོན་གྱི་འོད་སྣང་གིས་ཁྱབ་པར་བྱས།
          བཞི་པ། མིན་གོའི་དུས་སྐབས་སུ་རྒྱ་བོད་འགྲིག་མཐུན་གྱི་ཐད་ལ་མཛད་རྗེས་བཞག་པ།
          དུས་རབས་བཅུ་དགུའི་ནང་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་བོད་ལྗོངས་ལ་བཙན་འཛུལ་བྱས་ཏེ་འདྲ་མཉམ་མིན་པའི་ཆིངས་ཡིག་རབ་དང་རིམ་པ་བཞག་ཅིང་། དུས་རབས་ཉི་ཤུའི་དུས་མགོར་དབྱིན་ཇི་རྒྱལ་ཁབ་ཀྱིས་ལྷ་སར་བཙན་འཛུལ་བྱས། རྒྱལ་ནང་ནས་སྐབས་དེར་ལྕགས་ཕག་ལོའི་གསར་བརྗེ་ལས་འགུལ་གྱི་མགོ་བསླངས་པས། དབྱིན་ཇི་རྒྱལ་ཁབ་ཀྱིས་རྒྱ་བོད་མི་རིགས་བར་ལ་དབྱེན་དཀྲུགས་ཏེ་འགལ་བ་བཟོས་ཤིང་། བོད་རང་བཙན་གྱིས་ཀྲུང་གོའི་མེས་རྒྱལ་ཁ་བྲལ་དུ་གཏོང་རྒྱུའི་བསམ་ངན་བཅངས། སྤྱི་ལོ་1912ལོར་ཀྲུང་ཧྭ་མིན་གོའི་སྲིད་གཞུང་བཙུགས་མོད། སྲིད་གཞུང་སྟོབས་མེད་ཞིག་རལ་དུ་ལུས་ཡོད་པས་ཀྲུང་གོའི་ཡུལ་མཐའི་བདེ་འཇགས་ལ་ཐུགས་ཁུར་བྱེད་མ་ཐུབ། ཡུན་རིང་མ་འགོར་བར་དབྱིན་ཇི་རྒྱལ་ཁབ་ཀྱིས་སིམ་ལའི་གྲོས་ཚོགས་བསྡུས་ཤིང་བོད་རང་བཙན་གྱི་ཐབས་ངན་སྤྱད། རང་རེའི་རྒྱལ་ཁབ་ཀྱིས་སིམ་ལའི་གྲོས་ཚོགས་སྟེང་བཏོན་པའི་ཆིངས་ཡིག་དང་ལེན་མ་བྱས་མོད། དབྱིན་ཇི་རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་བདག་དབང་འཕྲོག་ལེན་བྱེད་པའི་བྱ་སྤྱོད་ནམ་ཡང་མཚམས་བཞག་མ་མྱོང་། གནས་སྐབས་དེར་རང་རེའི་རྒྱལ་ཁབ་ལ་མཚོན་ན་མཚོ་སྔོན་ནི་གནས་ཤིན་ཏུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་སྤྱི་ལོ་1919ལོའི་ཟླ་བཞི་བར་པེ་ཅིན་སྲིད་གཞུང་གི་མི་སྣ་ཁ་ཤས་ཀྱིས་སྙན་ཞུ་ཡི་གེ་བྲིས་ཏེ། མིན་གོའི་སྐབས་ནས་བཟུང་རྒྱ་བོད་བར་དུ་འབྲེལ་འདྲིས་ཉུང་ཞིང་ཕན་ཚུན་ལ་རྒྱུས་ལོན་མེད། གལ་ཏེ་བོད་དོན་ཐག་གཅོད་བྱེད་འདོད་ཚེ་ཆེད་མངག་མི་སྣ་ལྷ་སར་མངགས་ཏེ་ཕན་ཚུན་རྒྱུས་ལོན་གྱིས་ཏཱ་ལའི་བླ་མ་དང་གྲོས་མོལ་བྱ་རྒྱུ་ནི་ཐབས་མཆོག་ཡིན་⒃ཞེས་བཤད། དེའི་རྗེས་སུ་པེ་ཡང་སྲིད་གཞུང་གིས་ཀན་སུའུ་ཡི་དམག་སྤྱི་ཀྲང་ཀོང་ཅན་(张广建)ལ་ལྷ་སར་གྲོས་མོལ་དུ་འགྲོ་བའི་མི་མངགས་དགོས་པའི་བཀའ་ཕབ་ཅིང་། ཀྲང་ཀོང་ཅན་གྱིས་ཀན་སུའུ་དམག་སྤྱིའི་བློ་འདོན་པ་ཆེན་པོ་ལའེ་ཀྲུང་ལེན་ (李仲莲)དང་སྔ་འགྱུར་རྙིང་མའི་ཆབ་སྲིད་ཀྱི་སྤྱི་བདག་པོ་དགུ་རོང་ཧུ་ཐོག་ཐུ། ཀན་སུའུ་དམག་སྤྱིའི་མདུན་ན་འདོན་ཀྲུའུ་ཞུག་(朱绣)དང་ལབ་སྐྱབས་མགོན་སོགས་ཀྱིས་སྣེ་ཁྲིད་པའི་ཀན་སུའུ་སྲིད་དོན་འཐུས་མི་ཚོགས་པ་ལྷ་སར་གླེང་མོལ་དུ་འགྲོ་རྒྱུར་ཐག་བཅད་ཅིང་གྲོས་མོལ་བྱས། མིག་སྔའི་དཔྱད་རྩོམ་དག་ཏུ་ཀན་སུའུ་འཐུས་མི་ཚོགས་པ་ལྷ་སར་མངགས་ཏེ་རྒྱ་བོད་འགྲིག་མཐུན་གྱི་སྐོར་ལ་གྲོས་མོལ་བྱེད་དུ་འཇུག་མཁན་གཙོ་བོ་ནི་མཱ་ཆི་⒄ཡིན་པར་བརྗོད་མོད། ང་ཚོས་བོད་ས་གནས་སྲིད་གཞུང་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་འདྲིས་ལ་བལྟས་ཚེ། ཡོན་རྒྱལ་རབས་ནས་བཟུང་བོད་ཀྱི་བླ་ཆེན་མང་པོར་ཀྲུང་དབྱང་སྲིད་གཞུང་གིས་ཆོ་ལོ་བསྩལ་ཏེ། བོད་ས་གནས་ཞི་འཇགས་དང་མེས་རྒྱལ་གཅིག་གྱུར་ཡོང་རྒྱུ་ནི་ཀྲུང་དབྱང་སྲིད་གཞུང་གི་སྲིད་སྐྱོང་ཐབས་ཤེས་ཤིག་ཡིན། དེ་བས་མིན་གོའི་སྐབས་སུ་རྒྱ་བོད་འགྲིག་མཐུན་གྱི་ཆེད་དུ་དགུ་རོང་སྤྲུལ་སྐུ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ལྷ་སར་མངགས་པ་དེ་ཡང་བོད་ཀྱི་བླ་སྤྲུལ་གྱི་གོ་གནས་བརྒྱུད་དེ་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བདེ་བར་འགོད་པའི་སྔར་ཡོད་ཀྱི་ཐབས་ཤེས་དེ་ཡིན་འདུག མཱ་ཆི་ཡིས་ཀྲུང་དབྱང་སྲིད་གཞུང་ལ་ཡར་ཞུ་ཞུས་པའི་རྒྱུ་མཚན་གཙོ་བོ་ནི་མཱ་ཆིས་རང་གིས་བཟུང་བའི་མཚོ་སྔོན་ཕྱོགས་ཀྱི་གོ་གནས་ཤོར་བར་དོགས་པས་ཡིན་སྙམ། དེ་གཙོ་བོ་མཱ་ཆིས་མཚོ་སྔོན་གྱི་ས་ཆ་བདག་གཉེར་བྱེད་དུས་ཀྱི་དྲག་སྤྱོད་དང་། ནང་བསྟན། དབྱི་སི་ལམ་ཆོས་ལུགས་སོགས་བེད་སྤྱད་དེ་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་དུ་བཏང་བའི་ཐབས་ཇུས་སོགས་ལས་རྟོགས་ཐུབ།
          སྤྱི་ལོ་1918ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ཀྲང་ཀོང་ཅན་གྱིས་དགུ་རོང་འཇིགས་བྲལ་ཆོས་དབྱངས་རྡོ་རྗེ་མཆོག་ལན་ཀྲོའུ་རུ་གདན་དྲངས་ཏེ། རྒྱ་བོད་འགྲིག་མཐུན་ཡོང་བར་ལྷ་སར་གླེང་མོལ་དུ་ཕེབས་པར་ཞུ་བ་ནན་མོ་བྱས་པས།སྤྱི་ལོ་1919ལོའི་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་མཚོ་སྔོན་ཕྱོགས་ཀྱི་རྒྱ་བོད་སོག་གསུམ་གྱི་བླ་སྤྲུལ་དང་། དཔོན་ཁགསྐུ་དྲག་དང་སློབ་མ་རྣམས་ཀྱིས་སྐྱེལ་མ་དང་བཅས་ཁོང་ཚོ་ལྷ་སའི་ཕྱོགས་སུ་ཆིབས་ཁ་བསྒྱུར། དགུ་རོང་འཇིགས་བྲལ་ཆོས་དབྱངས་རྡོ་རྗེ་སོགས་ལམ་ཁར་སྟོང་སྐོར་དང་ཆབ་ཆ། སྒ་སྟོད། ཤུལ་བ། ལབ་ལུང་གཞུང་། སྐྱེ་རྒུ། གེ་སར་འབེན་རྡེའུ། དགེ་རྒྱས། ནགས་ཆུ། རྭ་སྒྲེང་སོགས་བརྒྱུད་དེ་སོང་ཞིང་། ལམ་བར་དུ་དགོན་གནས་ཆེ་ཆུང་མང་པོ་ཕྱག་མཇལ་དང་ཡུལ་ཕྱོགས་སོ་སོའི་སེར་སྐྱ་རྣམས་ལ་དབང་ལུང་གནང་ཞིང་ཚོགས་རྒྱ་ཆེན་པོ་བསྐོར་བ་མ་ཟད། རིག་གནས་དང་གཞུང་ལུགས། ལོ་རྒྱུས་སོགས་སྦྱངས་དགོས་པའི་ལུགས་གཉིས་ཀྱི་བསླབ་བྱ་ཡང་གནང་། གཞན་འདམ་ཅོག་ཙེའི་ལ་མགོར་གཉན་ཆེན་ཐང་ལྷའི་གངས་རིར་སྐུ་འཁོར་ཀུན་གྱིས་ལྷ་བསང་རྒྱ་ཆེན་པོ་ཞིག་ཕུལ་ཏེ་རྒྱ་བོད་འགྲིག་མཐུན་གྱི་འཕྲིན་ལས་བཅོལ། དེ་དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་དུ་ཨོ་རྒྱན་པདྨས་བཀའ་བསྒོས་ཐ་ཚིག་ཅན།། གཉན་ཆེན་ཐང་ལྷ་ཡུམ་སྲས་འཁོར་ཚོགས་བཅས།། དངོས་བཤམས་ཡིད་སྤྲུལ་མཆོད་པ་འདི་བཞེས་ལ།། རྒྱ་བོད་གཉིས་མཐུན་འདོད་དོན་ལྷུན་གྲུབ་མཛོད།། རྒྱ་བོད་གཉིས་མཐུན་རྒྱལ་བའི་བསྟན་པ་དར།། དགེ་འདུན་སྡེ་འཕེལ་འབངས་རྣམས་བདེ་ཞིང་སྐྱིད།། རྨད་བྱུང་རླབས་ཆེན་བྱ་བ་བསྒྲུབ་པ་ལ།། དཀར་ཕྱོགས་ལྷ་ཀླུ་ཀུན་གྱིས་སྡོངས་གྲོགས་མཛོད་⒅ཅེས་བཀོད་ཡོད་ཅིང་། ཁོ་བོས་ཡུལ་དངོས་རྟོག་དཔྱོད་བྱེད་སྐབས་རྙིང་མའི་མཁན་པོ་འགས་མིག་སྔར་དགུ་རོང་ཚང་གི་སློབ་རྒྱུན་གྱི་སྔགས་འཆང་འགས་ད་ལྟ་ད་དུང་ཡང་རྒྱ་བོད་མཐུན་སྒྲིལ་གྱི་བསྐངས་གསོལ་འདི་ཞལ་འདོན་བྱེད་བཞིན་ཡོད་པར་བཤད། སྤྱི་ལོ་1919ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གཞུང་ས་ནས་སེ་ར་རྒྱ་རོང་བ་དང་།རྩེ་དྲུང་བློ་བཟང་ཆོས་འབྱོར་སོགས་བསུ་མི་མང་པོ་མངགས་ཤིང་། ཚེས་ཉེར་ལྔའི་རེ་གཟའ་ཕུར་བུའི་ཆུ་ཚོད་གཅིག་དང་སྐར་མ་གསུམ་གྱི་སྟེང་⒆ དགུ་རོང་འཁོར་དང་བཅས་དབུས་འགྱུར་ལྷ་ལྡན་དུ་འབྱོར།
          ལྷ་སར་འབྱོར་རྗེས་རྒྱ་བོད་མཐུན་སྒྲིལ་གྱི་ཆེད་གྲོས་མོལ་ཐེངས་དུ་མར་མཛད་ཚུལ་པའང་ཡང་བཞེད་ཚུལ་མི་མཐུན་པ་མང་པོ་ཡོད་དེ། རྒྱའི་དཔྱད་རྩོམ་ཁག་གཅིག་ཏུ་ཐེངས་གསུམ་⒇ལ་གྲོས་མོལ་བྱས་ཚུལ་བརྗོད་ཡོད་མོད། དགུ་རོང་སོགས་ལྷ་སར་ཕེབས་པའི་ཉིན་ཐོར་གྲོས་མོལ་ཐེངས་དྲུག་ལ་མཛད་ཚུལ་བཀོད་ཡོད་དེ། དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་དུ་ཚེས་ཉེར་དགུ་ཉིན་རྒྱང་རྩེ་རྩེ་དྲུང་ལོ་ཙཱ་མཁན་ཆུང་བློ་བཟང་འབྱུང་གནས་དང་ལྷ་རམས་པ་ཤེས་རབ་རྒྱ་མཚོ། ལ་གར་ཚོགས་རྣམས་ཕེབས་པར་སྐྱབས་མགོན་རྒྱལ་བའི་དབང་བོ་དང་མཇལ་རྒྱུ་སྐོར་ཐུགས་གྲོས་མཛད་དེ་ཚེས་བཞི་ཉིན་རྩེ་དྲུང་བློ་བཟང་ཆོས་འབྱོར་ཕེབས་ནས་ཚེས་ལྔ་ཉིན་མཇལ་ཐུབ་བའི་བཀའ་ལན་གནང་། ཚེས་བཞིའི་ཉིན་ནོར་བུ་གླིང་གའི་གཟིམས་ཆུང་དུ་གཡས་གྲལ་ནས་ཁོང་ལ་གདན་ཆ་མཐོ་ལེགས་ཤིག་དང་གཡོན་གྲལ་ནས་རྒྱ་དཔོན་དག་འདུག་བཅུག་སྟེ་བཀའ་ལུང་བསྩལ། བོད་རྒྱལ་ཞོལ་ཁང་བ་དང་བཀའ་བློན། བཀའ་བློན་བཞི་བ། ལོ་ཙཱ་བ་ཆེན་མོ་སོགས་ཀྱང་ཕེབས། ཁོང་གིས་རྒྱལ་བའི་དབང་བོ་གཙོས་དེར་འདུས་ཀུན་ལ་རྒྱ་བོད་འགྲིག་མཐུན་གྱི་དོན་ཆེན་བདེ་ལེགས་ཞི་འཇམ་ངང་འགྲུབ་རྒྱུའི་སྐྱབས་འཇུག་ཁ་ཁོག་མེད་པར་ཕུལ་(21)ཞེས་གྲོས་མོལ་ཐེངས་དང་པོར་བྱས་ཚུལ་བཀོད་ཡོད། དེ་ནས་ཚེས་དྲུག་གི་དུས་ཚོད་བཅུ་བར་ཕོ་བྲང་པོ་ཏ་ལའི་རྩེར་བོད་ཀྱི་ས་དབང་དབུ་ཞྭ་མུ་ཏིག་གི་ཏོག་ཅན་མནབས་ཏེ་བཞུགས་པ་དང་མཇལ་འཕྲད་མཛད་དེ་རྒྱ་བོད་དོན་ཆེན་སྐོར་གསུང་གླེང་མཛད། དེ་ནས་ཇོ་ཁང་སྟེང་དུ་བཀའ་བློན་གྲོས་ཚོགས་ལ་ཕེབས་ནས་རྒྱ་བོད་ལས་དོན་སྐོར་ལ་བགྲོ་གླེང་མཛད་(22)པ་དང་། ཡང་ཚེས་བཅུ་བཞི་ཉིན་དགུ་རོང་དང་ལབ་སྐྱབས་མགོན་ཚང་། ཀྲུའུ་ཞིག་དང་ལའེ་ལན་ཀྲོང་གཉིས་སོགས་ནོར་བུ་གླིང་གའི་དམག་སྒར་གྱི་རྒྱ་བོད་གླེང་མོལ་ཚོགས་འདུར་ཕེབས་ཏེ། ཁོང་གིས་རྒྱ་བོད་ལས་དོན་སྐོར་ཞིབ་རྒྱས་ཤིག་གསུང་བཤད་མཛད་པ་ལ་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ཞལ་འཛུམ་བཞད་པ་དང་བཅས་ཐུགས་དགྱེས་པའི་གསུང་གླེང་མང་པོ་བསྩལ་བ་དང་། རྒྱལ་དབང་རིན་པོ་ཆེས་རྒྱ་བོད་གཟུ་བ་ཆེན་པོ་ལ་ཞེས་པ་ཞིག་ཕྱག་བྲིས་གནང་སྟེ་བསྩལ་(23)ཞེས་དང་། ཟླ་དང་པོའི་ཚེས་ཉེར་དགུ་ཉིན་བཀའ་ཤག་ལྷན་རྒྱས་ཚོགས་འདུར་ཕེབས། དེར་སེ་ར་སྐུ་ཚབ་རྩེའི་དྲུང་ཡིག་ཆེན་མོ་བློ་བཟང་ཆོས་དར་དང་ཕྱག་མཛོད་ཆེན་མོ་བློ་བཟང་མཁས་མཆོག རྩེའི་དྲུང་འཁོར་བ་རིམ་བཞིའི་གོ་གནས་འཛིན་པའི་རྟ་ར་མདོ་བ་སྐལ་བཟང་རྒྱལ་མཚན། དྲུང་འཁོར་ཞོལ་བ་རྣམ་རྒྱལ་རྡོ་རྗེ། ལོ་ཙཱ་བ་ཆེན་མོ་སོགས་ལ་ཉིན་གང་བོར་རྒྱ་བོད་ཀྱི་ལས་དོན་བགྲོ་གླེང་ཞལ་ཏ་མཛད་པ་དང་ལབ་སྐྱབས་མགོན་དང་རྒྱ་དཔོན་གཉིས་ཀྱིས་ཀྱང་ཞལ་ཏ་གལ་ཆེན་མང་པོ་བཅས་གནང་མཐར་གཙོ་བོ་དོན་ཆེན་བཞི་(24)རུ་བསྡུས་ཚུལ་ནི་གྲོས་མོལ་ཐེངས་བཞི་བ་ཡིན། ཡང་ཟླ་གཉིས་པའི་ཚེས་བཞི་ཉིན་ཇོ་ཁང་དུ་མཆོད་མཇལ་ལ་ཕེབས། མ་གཅིག་དཔལ་ལྡན་ལྷ་མོ་དང་། ཚེ་རིང་མ་དག་ལ་གསེར་སྐྱེམས་དྲངས་ནས་རྒྱ་བོད་དོན་ཆེན་འགྲུབ་པའི་འཕྲིན་བཅོལ་མཛད། ཕྱི་དྲོ་བཀའ་བློན་ཚོགས་འདུར་ཞུགས་ནས་དོན་རྩ་གལ་ཆེན་རྣམས་ཞིབ་ཆ་མཛད། དེ་ནས་ཚེས་བཅུ་བཞི་ཉིན་ཇོ་ཁང་སྟེང་དུ་ཕེབས་ནས་ཚེ་རིང་མཆེད་ལྔར་རྒྱ་བོད་དོན་ཆེན་གྲུབ་པའི་འཕྲིན་བཅོལ་མཛད། དེ་ནས་བཀའ་བློན་ལྷན་རྒྱས་ཚོགས་འདུར་ཕེབས་ཏེ་ཉིན་ཧྲིལ་བོར་རྒྱ་བོད་ཀྱི་ཡི་གེ་ཤན་སྦྱར་བྱས་ཏེ་བྲིས། དེ་ལྟར་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང་པཎ་ཆེན་ཆོས་ཀྱི་ཉི་མ། བོད་རྒྱལ་ཞོལ་ཁང་བ། བོད་རྒྱལ་ས་དབང་བླ་མ། བཀའ་བློན་ཁྲི་སྨོན་ནོར་བུ་དབང་ཆེན། གདན་ས་གསུམ་གྱི་མཁན་པོ་བཅས་ལྷ་ལྡན་ཡུལ་གྱི་ཆོས་སྲིད་ཀྱི་གདུགས་དཀར་འཛིན་པ་རྣམས་ལ་ཞུ་ཕུལ་དང་ཐུགས་གྲོས་གླེང་མོལ་གང་མང་མཛད་པ་དང་། ལན་ཀྲོའུ་ཙུང་འདུ་དང་པེ་ཡང་སྲིད་གཞུང་ལ་ཐེངས་ལྔར་འཕྲིན་ཡིག་དང་གློག་འཕྲིན་གྱི་སྟེང་ནས་བགྲོ་གླེང་གྲོས་མོལ་མཛད་པ་བརྒྱུད། སྤྱི་ལོ་1920ལོའི་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་བཀའ་ཤག་ཆེན་མོ་ལྷན་རྒྱས་ཚོགས་འདུ་སྟེང་རྒྱ་བོད་འགྲིག་མཐུན་གྱི་འཕྲིན་ལས་གྲུབ་(25)ཅེས་སྔ་རྗེས་སུ་ཐེངས་དྲུག་ལ་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང་པཎ་ཆེན་ཆོས་ཀྱི་ཉི་མ་སོགས་དང་གྲོས་གླེང་མཛད་དེ་མཐར་འགྲིག་མཐུན་གྱི་ལས་དོན་རླབས་ཆེན་གྲུབ། དགུ་རོང་ཚང་གི་ཐམ་ག་ཆེན་མོ་དང་ལབ་སྐྱབས་མགོན་ཚང་གི་ཐམ་ག ལའེ་ཀྲུང་ལེན་དང་ཀྲོའུ་ཞུག་གཉིས་ཀྱི་རང་རང་གི་ཐེལ་ཙེ་བཅས་བརྒྱབ་སྟེ་རྒྱལ་དབང་ཐུབ་བསྟན་རྒྱ་མཚོར་ཕུལ་བས་རྒྱལ་དབང་མཆོག་གིས་གསེར་གྱི་ཐམ་ག་ཆེན་མོ་བཅས་བརྒྱབ་པའི་འགྲིག་མཐུན་གྱི་དམ་བཅའ་ཡི་གེར་བཀོད། དེར་མ་ཟད་ཁོ་ཚོས་ཉི་མ་བཅུ་གཅིག་གིས་ཡི་གེ་དེ་སྐྱེ་རྒུ། དེ་ནས་ཉིན་བཅུ་གསུམ་གྱི་ཟི་ལིང་། དེ་ནས་ཉིན་གཅིག་གིས་ལན་ཀྲོའུ་དང་དེ་ནས་ཉིན་གཅིག་གིས་པེ་ཅིན་ཙུང་ཐུང་ཆེན་མོའི་མདུན་དུ་ཐོན་རྒྱུ་ཐག་ཆོད་བྱས།(26)
          དགུ་རོང་སོགས་ཀྱིས་ཀྲུང་དབྱང་སྲིད་གཞུང་གིས་མངག་བཅོལ་བྱས་པའི་དོན་ཆེན་གྲུབ་རྗེས། བོད་ལྗོངས་ཀྱི་གནས་མཆོག་མང་པོར་ཕྱག་མཇལ་དང་། གདན་ས་གསུམ་སོགས་ཀྱི་བླ་སྤྲུལ་དང་དགེ་བཤེས་མང་པོར་ལུགས་གཉིས་ཀྱི་གླེང་མོལ་མང་པོ་བྱས་པས། འཆད་རྩོད་རྩོམ་གསུམ་ལ་མཁས་པའི་གྲགས་པ་དབུས་གཙང་གི་ཕྱོགས་སུ་ཁྱབ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཁོང་ལ་རྒྱ་བོད་འགྲིན་མཐུན་གྱི་འཕྲིན་ལས་པ་ཆེན་མོ་དགུ་རོང་སྤྲུལ་སྐུ་(27)ཞེས་པའི་གཟེངས་བསྟོད་ཕྱག་ཡིག་སོགས་གནང་། 1920ལོའི་ཟླ་བཞི་བའི་ཚེས་གཉིས་ཉིན་ལྷ་སའི་བླ་སྤྲུལ་ཆེ་ཁག་སྡེ་གཞུང་སྤྱི་དང་དཔོན་ཁག་སོ་སོས་སྐྱེལ་མ་དང་བཅས་ཕྱིར་ཕ་ཡུལ་དུ་ཕེབས་པའི་ལམ་ལ་ཆས། ཁོང་ཚོ་ཟླ་བདུན་པའི་ཚེས་བདུན་ཉིན་ཟི་ལིང་དུ་འབྱོར་ཞིང་ཕ་ཡུལ་ཕྱོགས་ཀྱི་བླ་སྤྲུལ་དང་སློབ་བུ་བཅས་ཀྱིས་བསུ་སྟོན་ཆེན་པོ་བྱས། ཚེས་བཅོ་བརྒྱད་ཉིན་ལན་ཀྲོའུ་རུ་ཕེབས་ཏེ་ཙུང་ཐུང་ཀྲང་ཀོང་ཅན་གཙོས་རྒྱ་བོད་སོག་གསུམ་གྱི་དཔོན་ཁག་རྣམས་ཀྱིས་སྟོན་ཆེན་མཛད་ཅིང་། དགུ་རོང་འཇིགས་བྲལ་རྡོ་རྗེ་ལ་ཀན་ཉིན་སྟོང་དཔོན་(甘宁千户)ཡི་ཆོ་ལོ་གནང་ཞིང་ལན་ཀྲོའུ་ནས་བཞུགས་དགོས་པའི་ཞུ་བ་བྱས་མོད། ཁོང་གིས་ཞལ་མ་བཞེས་པར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ལན་ཀྲོའུ་ཙུང་འདུའི་འུ་ལག་ལ་བརྟེན་ནས་རང་སྒར་མ་དཱའི་སྐྱེལ་ཚལ་དུ་ཕེབས་སོ།།
          མཇུག་སྡོམ།
          དགུ་རོང་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་མཆོག་གིས་ཐོག་མར་མཁས་དབང་མང་པོའི་མདུན་ནས་ཆོས་གཞུང་དང་རིག་གནས་ཀུན་ལ་སློབ་གཉེར་རྒྱ་ཆེར་མཛད་ཅིང་། རིམ་གྱིས་ཆོས་སྲིད་ལུགས་གཉིས་ཀྱི་འགན་ཁུར་ཕྲག་ཏུ་བླངས་ཏེ་མཚོ་སྔོན་གཙོ་བྱས་པའི་ཡུལ་གྲུ་ཀུན་ཏུ་རྙིང་མའི་བསྟན་པ་སྤེལ་བར་མ་ཟད། ཀྲུང་དབྱང་སྲིད་གཞུང་དང་འབྲེལ་བ་ཟབ་མོ་བཙུགས་ཐོག་ནང་ལོག་གི་ཚན་རིག་ལག་རྩལ་ལ་སློབ་སྦྱོང་བྱས་ཏེ་རང་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ་དང་། ཁྱད་པར་དུ་རྒྱ་བོད་འགྲིག་མཐུན་གྱི་ཆེད་དུ་ལྷ་སར་ཕེབས་ཏེ་རྒྱ་བོད་འདུམ་འགྲིག་ཡོང་བའི་གཟུ་བ་བྱས། དེ་ནི་ཆིང་རྒྱལ་རབས་ཀྱི་མཇུག་ཏུ་རྒྱ་བོད་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་གྱུར་བ་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་བར་མངགས་པའི་ཕོ་ཉ་ཐེངས་དང་པོ་རེད། ཁོང་གི་ཐུགས་བསྐྱེད་ཀྱི་སྨོན་ལམ་དང་རྣམ་དཔྱོད་ལ་བསྟེན་ཏེ་རྒྱ་བོད་བར་འདུམ་འགྲིག་ཡོང་ཞིང་། དེས་ཀྲུང་དབྱང་དང་བོད་ས་གནས་སྲིད་གཞུང་བར་གྱི་སྔར་ཡོད་ཀྱི་དོགས་པ་སེལ་ཞིང་རྒྱ་བོད་གཉིས་ཡུན་རིང་ལ་འཆམ་མཐུན་མ་ཡོང་བར་ཁ་གཏད་དུ་བསྡད་པའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་བར་མ་ཟད། དབྱིན་ཇི་རྒྱལ་ཁབ་ཀྱིས་ཀྲུང་གོའི་མེས་རྒྱལ་ཁ་བྲལ་དུ་གཏོང་བའི་ཇུས་ངན་ལ་ཡང་གཏོར་བརླག་ཆེན་པོ་བཟོས་ཡོད་པ་བཅས་སོ།།
          མཆན་འགྲེལ།
①本文系2016年北京市社科基金一般项目“北京藏传佛教寺院的历史地位研究”(项目号:16ZXB011)阶段性研究成果。
②罗绍明:《1913—1933年西藏上层的政治抉择》,《西藏研究》,2013年第2期。
③周融冰:《1919年甘肃代表团赴藏历史背景述略》,《西藏民族学院学报》,2008年第1期。
④李果、喜饶尼玛:《试论民国时期甘肃代表赴藏的缘由及其意义》,《西藏大学学报》,2007年第1期。
⑤王力、郭胜利:《从朱绣入藏观北洋初年对西藏之经营》,《历史教学》,2009年第82期。
⑥杨作山:《马麒对藏政策述论》,《回族研究》,1996年第4期。
⑦牙含章:《达赖喇嘛传》,《华文出版社》,2013年版。
⑧ བསྟན་འཛིན་གྱིས་བསྒྲིགས་ཤིང་བརྩམས་པའི་《དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་དུ་བཀོད་པའི་ཐམ་གའི་ངོས་ཀྱི་ཡི་གེ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོར།
⑨⑩ བསྟན་འཛིན་གྱིས་བསྒྲིགས་ཤིང་བརྩམས། 《དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་པུནྚ་རི་ཀའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོར།ཤོག་ངོས་131 ཤོག་ངོས་1
⑾ བསྟན་འཛིན་གྱིས་བསྒྲིགས་ཤིང་བརྩམས། 《དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་པུནྚ་རི་ཀའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོར། ཤོག་ངོས་150
⑿ སྔགས་པ། ཡུལ་ཕྱོགས་སོ་སོའི་འབོད་སྟངས་མི་འདྲ་སྟེ། གཙོ་བོ་གྲོང་སྔགས། སྔགས་འཆིང་། ཁྱིམ་སྔགས་དང་དཔོན་སོགས་སུ་འབོད།
⒀ བསྟན་འཛིན་གྱིས་བསྒྲིགས་ཤིང་བརྩམས། 《དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་པུནྚ་རི་ཀའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོར། ཤོག་ངོས་167
⒁ བསྟན་འཛིན་གྱིས་བསྒྲིགས་ཤིང་བརྩམས། 《དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་པུནྚ་རི་ཀའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོར། ཤོག་ངོས་167
⒂⒃ བསྟན་འཛིན་གྱིས་བསྒྲིགས་ཤིང་བརྩམས། 《དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་པུནྚ་རི་ཀའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོར། ཤོག་ངོས་210 ཤོག་ངོས་185
⒄ 台湾“中央研究院”近代史研究所档案馆藏北京政府外交部西藏档(简写JSS)。院部处十五委员会呈,1919年4月,JSS,03-28-012-01,西藏议约案(二十九),第59-60页;陆军部说帖,1919年4月22日,JSS,03-28--012-01,西藏议约案(二十九),第90页。转引自朱丽双:《在真实与想象之间:民国政府的西藏特使们(1912-1949》,香港中文大学博士学位论文,2006年,第78页。
⒅ 杨作山:《马麒对藏政策述论》,《回族研究》,1996年第4期;樊前锋:《1919年,马麒一纸“艳电”,保西藏》,中国民族报,2008年5月第7版等。
⒆⒇(21)(22)བསྟན་འཛིན་གྱིས་བསྒྲིགས་ཤིང་བརྩམས། 《དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་པུནྚ་རི་ཀའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོར། ཤོག་ངོས་221ལས་དྲངས། ཤོག་ངོས་224 ཤོག་ངོས་225 ཤོག་ངོས་227
(23)བསྟན་འཛིན་གྱིས་བསྒྲིགས་ཤིང་བརྩམས། 《དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་པུནྚ་རི་ཀའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོར། ཤོག་ངོས་223ལས་དྲངས། ཡང་དཔྱད་རྩོམ་ཁ་ཤས་ནང་1920ལོའི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་ལྷ་སར་འབྱོར་བར་བརྗོད་ཡོད་ཅིང་། གནད་དེ་ཧོར་ཟླ་དང་རྒྱའི་ལི་ཐོའི་བརྩི་ཚུལ་མ་འདྲ་བས་རེད།
(24)任玉贵:《朱锦屏赴藏和谈前后的政治历史背景》,《群文天地》,2011年第9期;王力,郭胜利,《从朱绣入藏观北洋初年对西藏之经营》,《历史教学》,2009年第22期;朱绣:《西藏六十年大事记》,青海人民出版社,1994年。
(25)(26)(27)བསྟན་འཛིན་གྱིས་བསྒྲིགས་ཤིང་བརྩམས། 《དགུ་རོང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར་པུནྚ་རི་ཀའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོར། ཤོག་ངོས་231 ཤོག་ངོས་234ནས་236དུ་གསལ། ཤོག་ངོས་236 ཤོག་ངོས་238