ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > རྩོམ་རིག > དཔྱད་རྩོམ།

བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་བྱེ་བྲག་གནོད་སྦྱིན་ཙིའུ་དམར་པོའི་སྐོར་གླེང་བ།

སྤེལ་དུས 2019-11-14 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། གྲ་བཞི་མིག་དམར་ཚེ་རིང་།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་གནོད་སྦྱིན་ཙིའུ་དམར་པོའི་འབྱུང་ཁུངས་དང་། བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་དུ་གྱུར་ཚུལ། མིང་གི་རྣམ་གྲངས་དང་འཁོར་གྱི་སྐོར། སྐུའི་ཁྱད་ཆོས། བསམ་ཡས་གཙུག་ལག་ཁང་དབར་གྱི་འབྲེལ་བ། པེ་ཧར་རྒྱལ་པོ་དབར་གྱི་འབྲེལ་བ། གནས་ཡུལ་གཞན་འགའ་ཞིག་བཅས་ཀྱི་སྐོར་གླེང་བར་བྱས་ཡོད།
[བརྡ་ཆད་གཙོ་བོ།]གནོད་སྦྱིན་ཙིའུ་དམར་པོ། བསམ་ཡས་གཙུག་ལག་ཁང་། པེ་ཧར་རྒྱལ་པོ། འབྲེལ་བ། གནས་ཡུལ། 
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]B946.6 
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2013)01-0062-15   
        བོད་དུ་གདོད་མའི་ཆོས་ལུགས་ཀྱི་བག་ཆགས་ཀྱིས་རྐྱེན་པས་ཡུལ་ལུང་གང་སར་ཡུལ་ལྷ་གཞི་བདག་ལ་དད་པ་བྱེད་སྲོལ་དར་ཁྱབ་ཆེ་བ་མ་ཟད། མི་རྣམས་ལ་བར་ཆད་དང་ན་ཚ་སོགས་འཕྲད་དུས་ཡུལ་ལྷ་གསོལ་བའི་ལུགས་སྲོལ་ནི་རྡོ་ལ་རི་མོ་བརྐོས་པ་བཞིན་གནས། བོད་མིས་འཇིག་རྟེན་ཁམས་ཀྱི་མངོན་མིན་གྱི་སྟོབས་ཤུགས་ལ་ཞེ་སྣང་དང་དད་པ་ཅིག་ཅར་དུ་སྐྱེས་ཤིང་།  དེ་རྣམས་ལ་རིགས་དབྱེ་སྲོལ་ཡོད་དེ།  “སྟོང་གསུམ་སྲིད་པའི་འཇིག་རྟེན་ཁམས༔  ཡུལ་རིས་ས་ཕྱོགས་འདི་དག་ལ  གནས་པའི་ས་བདག་ཀླུ་དང་གཉན༔ ཡུལ་ལྷ་གཞི་བདག་འཁོར་བཅས་རྣམས༔ རྣལ་འབྱོར་བདག་གིས་སྤྱན་འདྲེན་ནོ༔①   ཞེས་ལྷ་ཀླུ་གཉན་སོགས་ཡོད་པར་ངོས་འཛིན་བྱས་ཏེ་ལྷ་སྲིན་སྡེ་བརྒྱད་ཀྱི་ཁོངས་སུ་གཏོགས་ཤིང་། མིག་གིས་མཐོང་རྒྱུ་མེད་པར་གནམ་ས་བར་སྣང་ཀུན་ལ་དབང་བྱེད་པའི་རིགས་སུ་བརྩི་བ་ཡིན། དེ་ཡང་ལྷ་སྲིན་སྡེ་བརྒྱད་ཀྱི་སྐོར་ལ་ཀློང་རྡོལ་ངག་དབང་བློ་བཟང་གིས་མཛད་པའི་《བསྟན་སྲུང་དམ་ཅན་རྒྱ་མཚོའི་མཚན་ཐོ་》ལས། “བོད་རྣམས་ཀྱིས་འདོད་པའི་སྡེ་བརྒྱད་ནི།  དཀར་པོ་ལྷ་ཡི་སྡེ།  དམར་པོ་བཙན་གྱི་སྡེ། ནག་པོ་བདུད་ཀྱི་སྡེ། ཁྲ་བོ་གཟའ་ཡི་སྡེ།  སྨུག་པོ་དམུ་ཡི་སྡེ།  ཤ་ཟ་སྲིན་པོའི་སྡེ།  དཀོར་བདག་རྒྱལ་པོའི་སྡེ།   ནད་བདག་མ་མོའི་སྡེ་རྣམས་དང་བརྒྱད་དོ་”②ཞེས་འཇིག་རྟེན་འཁོར་བ་དང་སྲིད་པར་འཁྱམས་པའི་སྡེ་བརྒྱད་ཀྱི་རྣམ་གྲངས་གསལ་པོར་བསྟན་འདུག མ་ཟད་བོད་མིའི་བསམ་པའི་འདུ་ཤེས་ལས་གནམ་སའི་བར་སྣང་དུ་སྟེང་ལ་ལྷ་དང་།  འོག་ཏུ་ཀླུ།  བར་དུ་བཙན་གནས་ཤིང་། བཙན་གྱི་སྐོར་ལ་ངག་རྒྱུན་དུ“མི་ཤི་བཙན་སྐྱེས་”ཞེས་མི་ཤི་ནས་བཙན་ལ་སྐྱེས་པ་དང་། བཙན་ལ་རང་སོ་སོའི་འགྲོ་ལམ་ཡོད་པ། གལ་ཏེ་འགྲོ་ལམ་འདིའི་སྟེང་དུ་མི་ཞིག་བཙན་དང་གདོང་ཐུག་བརྒྱབ་ན་དེ་མ་ཐག་ཏུ་བརྒྱལ་འགྲོ་བ་དང་། ནད་ཀྱིས་མནར་བ། ཐ་ན་ཚེ་སྲོག་ལ་བར་ཆད་འཕྲད་པ་སོགས་ཀྱི་གནོད་འཚེ་ཡོང་བའི་ཤོད་སྲོལ་ནི་དམངས་ཁྲོད་དུ་དར་ཁྱབ་ཆེ་བ་ཡིན།  
        གནམ་སའི་བར་དུ་གནས་པའི་བཙན་གྱི་རིགས་ལ་《ལྷ་འདྲེ་བཀའི་ཐང་ཡིག་》ཏུ།  “ལྷ་བཙན་རིགས་བྱེད་མང་པོ་དང་༔    ཀླུ་བཙན་རིགས་བྱེད་མང་པོ་དང་༔   བདུད་བཙན་རིགས་བྱེད་མང་པོ་དང་༔   གཟའ་བཙན་རིགས་བྱེད་མང་པོ་དང་༔  ཡ་བདུན་རིགས་བྱེད་མང་པོ་དང་༔  ཀླུ་བདུད་རིགས་བྱེད་མང་པོ་དང་༔  མ་བདུད་རིགས་བྱེད་མང་པོ་དང་༔   བར་ཆད་བྱེད་པའི་གདོན་བགེགས་མང་༔”③ཞེས་དང་།   ཡང་《བཙན་མཆོད་》ལས།  “བཙན་དམར་འབུམ་གྱི་འཁོར་གྱིས་བསྐོར།  །ཀྱེ་ཁྱེད་ཀྱི་འཁོར་གྱི་ཕོ་ཉ་བ།  །ལ་བཙན་དང་ནི་ལུང་བཙན་དང་།  །བྲག་བཙན་དང་ནི་ཆུ་བཙན་དང་།  །གངས་བཙན་དང་ནི་གཡའ་བཙན་དང་།  །རླུང་བཙན་དང་ནི་ཤིང་བཙན་དང་།།”④  ཞེས་ལྷ་བཙན་དང་།  ཀླུ་བཙན།  བདུད་བཙན།  གཟའ་བཙན་སོགས་རིགས་མང་པོ་ཡོད་ཅིང་།  གནས་སའི་ཡུལ་གྱི་ཁྱད་པར་གྱིས་ལ་བཙན་ལུང་བཙན་བྲག་བཙན་སོགས་ཕྱོགས་བཞི་མཚམས་བརྒྱད་དུ་བཙན་སྣ་ཚོགས་གནས་པ་ཡིན།   
འདིར་གླེང་བར་བྱ་བ་ནི་བོད་བརྒྱུད་ནང་བསྟན་གྱི་ལྷ་ཚོགས་ཁྲོད་འཇིག་རྟེན་པའི་སྲུང་མའི་བྱེ་བྲག་བཙན་གྱི་རིགས་སུ་གཏོགས་ཤིང་། ལྷ་སྲིན་སྡེ་བརྒྱད་བྲན་ལ་འཁོལ་བའི་གནོད་སྦྱིན་ཆེན་པོ་ཙིའུ་དམར་པོའི་སྐོར་ཡིན།
        དང་པོ། ཙིའུ་དམར་པོའི་ཐོག་མའི་འབྱུང་ཁུངས་བསྟན་པ།  
        གནོད་སྦྱིན་ཙིའུ་དམར་པོ་འདི་ཉིད་ཀྱི་བྱུང་བའི་སྐོར་ལ་གཏེར་སྟོན་པདྲ་དབང་རྒྱལ་གྱིས་བསམ་ཡས་མཆིམས་ཕུ་བེ་ཙེའི་གླིང་ནས་སྤྱན་དྲངས་པའི་གཏེར་ཡིག་《སྤུ་གྲི་དམར་པོ་སྙིང་གི་རྒྱུད་》ལས། “སྔོན་ཚེ་བསྐལ་པ་རྫོགས་ལྡན་ལ༔  འོད་སྲུང་བསྟན་པ་ནུབ་ཁ་རུ༔  ལྷོ་ཡི་འཛམ་གླིང་བྱང་ཕྱོགས་སུ༔    བདེ་སྐྱིད་ནོར་བུའི་ཞིང་ཁམས་ན༔ ཕ་ནི་ལི་རྗེ་གསང་བ་ཡིན༔ མ་ནི་ཨུཏྤལ་རྒྱན་ཞེས་བྱ༔  སྲས་ནི་ལི་སྲས་འཕྱོར་བར་བྱ༔  སྲས་དེ་དད་པའི་སེམས་གཡོས་ནས༔  དགེ་སློང་ཙནྡྲ་བྷ་དྲ་ལ༔  སོ་སོར་ཐར་པའི་སྡོམ་པ་ཞུས༔”⑤ ཞེས་ཅིའུ་དམར་པོ་ཐོག་མར་བདེ་སྐྱིད་ནོར་བུའི་ཞིང་ཁམས་སམ་ལི་ཡུལ་ལྕང་ར་སྨུག་པོར་རྒྱལ་སྲས་ལི་སྲས་འཕྱོར་བར་འཁྲུངས་ཤིང་ཆོས་སྒོར་ཞུགས་པ་དང་།   ཡང་།   “ནགས་ཚལ་གཅིག་ན་གནས་པ་ལས༔ ཡུལ་ཕྱོགས་དེ་ཡི་གྲོང་ཁྱེར་ན༔ རྒྱལ་པོ་དྷརྨ་ཤིའི་སྲས་མོ་སྟེ༔  ལྷ་ལྕམ་དེ་མ་བྱིན་ཞེས་བྱ༔  ཁྲུས་རྫིང་བདེ་ལ་གནས་པ་ལ༔ དུག་སྦྲུལ་གདུག་པས་བདས་པ་ལས༔ དགེ་སློང་ཅན་གྱིས་དེ་གཟིགས་ནས༔ སྤོས་ཀྱི་ལྡེ་གུ་འཐོར་ཞིང་སྐྱབས༔  མི་གཉན་ལུས་ལ་བྱུག་པ་བྱས༔  དེ་ལ་གཡེམ་ཁ་དགའ་བ་ཡི༔  བློན་པོ་གདུག་ཅན་གཉིས་ཀྱིས་མཐོང་༔   ཁ་ན་མ་ཐོ་རྗེ་ལ་བསྒྲགས༔ རྒྱལ་པོ་ཐུགས་ཁྲོས་གཡོག་འཁོར་སྦྲན༔    དགེ་སློང་གསོད་དུ་ཆས་པ་ལས༔  ལྷ་ལྕམ་དེ་ཡིས་ལོ་རྒྱུས་བསྙད༔ བཀའ་ཆབ་བློན་འཁོར་མ་ཉན་པས༔    གདུག་སེམས་སྨོན་ལམ་ངན་པ་བཏབ༔  གཡང་ལ་ལྷུངས་ཏེ་ལྕེབས་པ་ལས༔  དགེ་སློང་སྙན་དུ་དེ་བསྐུལ་བའི༔  ཤུགས་ཅན་གསེར་ལྡན་ཞོན་ཏེ་བྲོས༔  གདུག་བསམ་ངན་པས་སྦྱོར་བ་ལོག༔  ཁ་བ་ཅན་གྱི་རི་ལ་གཏད༔ རྒྱལ་པོ་དེ་ཡི་ཡུལ་ཁམས་སུ༔ ཕོ་རིགས་བསད་ཅིང་མོ་རིགས་སྦྱོར༔   དེ་ནས་ནམ་ཞིག་དུས་ཀྱི་ཚེ༔  རྒྱལ་པོའི་དམག་གིས་བད་བསྐུལ་ཏེ༔  ལི་སྲས་ལ་འཕྱོར་པ་གྲིས་བཀྲོངས༔  ལོག་པའི་སེམས་ཀྱིས་སྨོན་ལམ་བཏབ༔ བསྐལ་པ་འདི་ཡི་ཕྱི་མ་ལ༔ གདུག་པའི་གནོད་སྦྱིན་རྔམ་པར་གྱུར༔   སྐྱེ་འགྲོ་ཡོངས་ཀྱི་གཤེད་མར་་ཤོག༔”⑥  ཅེས་བློན་པོ་གདུག་པ་ཅན་གྱིས་ཕྲ་མ་བརྗོད་པའི་རྐྱེན་གྱིས་རྒྱལ་པོས་གཡོག་འཁོར་ཁྲིད་དེ་དགེ་སློང་་གསོད་པར་བརྩམས།  དེ་ནས་དགེ་སློང་བྲོས་ཏེ་ཡིད་ཆད་ནས་ཕོ་ཡོད་ཚད་བསད་པ་དང་མོ་ཡོད་ཚད་ལོག་གཡེམ་བྱས་པས་མཐར་དམག་གིས་བཀྲོངས་སོ།།   
        དགེ་སློང་འདི་ཉིད་ཚེ་འཕོས་མ་ཐག་སྐྱེ་བ་ཕྱི་མར་་བཙན་གྱི་གྲས་སུ་འཁྲུངས་པ་ཡིན་ཏེ་《སྤུ་གྲི་དམར་པོ་སྙིང་གི་རྒྱུད་》ལས།  “དེ་བརྗོད་དེ་ཉིད་སྐད་ཅིག་མ༔  ནུབ་ཕྱོགས་འཆོང་རི་ཟངས་མཚོ་ལ༔  གདུང་དྲག་རྨུ་རྗེ་ལེགས་པ་ལས༔  བཙན་རྗེ་ཟླ་བ་ཐོད་དཀར་གྱི༔ སྲས་མོ་གནོད་སྦྱིན་གདོང་དམར་མ༔   གདུང་སེམས་དྲག་པོའི་ཚོགས་པ་ལས༔  ཁྲག་གི་སྒོ་ང་དམར་པོ་སྐྱེས༔  སྒོ་ང་བརྡོལ་བའི་ནང་ཤེད་ན༔   གདུག་པའི་གནོད་སྦྱིན་ཙིའུ་དམར་བྱུང་༔ ཆགས་སྡང་གདུག་སེམས་ཆེ་བ་ཡིས༔ ལུས་ལ་གདུག་པའི་བཙན་དྲུག་བྱུང་༔  མགོ་ལ་བདུད་བཙན་ནག་པོ་བྱུང་༔  རུས་པ་དཀར་ལ་ལྷ་བཙན་བྱུང་༔  དྲོད་དང་མདངས་ལ་བྲག་བཙན་བྱུང་༔  ཁྲག་ལས་གྲི་བཙན་རྩལ་ཐོག་བྱུང་༔  ཆུ་སེར་དག་ལ་ཀླུ་བཙན་བྱུང་༔ ཤ་ཡི་རས་རུལ་ཉལ་ཉོལ་ལ༔  དྲི་བཙན་དམར་པོ་དག་ཏུ་བྱུང་༔ རི་ཐང་དམར་པོར་གནས་བཅས་ནས༔ རི་ཐང་རྔམས་སུ་ཐམས་ཅད་གསོད༔ སྲིད་གསུམ་ཚེ་སྲོག་ཟས་སུ་ཟ༔”⑦ཞེས་རྒྱལ་སྲས་ལི་སྲས་འཕྱོར་བར་དགེ་སློང་གི་ཚུལ་དུ་གནས་དུས་བར་ཆད་ཀྱིས་རྐྱེན་པས་དམག་གིས་བཀྲོངས་ཏེ་སྐད་ཅིག་ཙམ་ལ་བཙན་རྗེ་ཟླ་བ་ཐོད་དཀར་དང་་གནོད་སྦྱིན་གདོང་དམར་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཁོང་གི་ལུས་ལས་བཙན་དྲུག་བྱུང་སྟེ་རི་ཐང་དམར་པོར་སེམས་ཅན་ཐམས་ཅད་བསད་ནས་ཤ་ཁྲག་ལ་རོལ། ཡང་གསུང་སྲོལ་གཞན་ཞིག་ལ་“ལི་སྲས་འཆོར་པ་བསད་པའི་ལུས་ཀྱི་ཆ་ཤས་དྲུག་ལས་བཙན་དྲུག་བྱུང་བའི་དོན་ཡིན་”⑧ཞེས་སྐུ་བཀྲོངས་རྗེས་ལུས་ཀྱི་ཡན་ལག་ལས་བཙན་དྲུག་སྐྱེས་པར་གསུངས་ཤིང་། ལྟ་བ་འདིར་སླེ་ལུང་བཞད་པའི་རྡོ་རྗེས་“ཕྱི་མ་རང་འཐད་པར་སེམས་སོ་”⑨ཞེས་ཡིད་མོས་གནང་འདུག 
        གཉིས་པ། བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་དུ་གྱུར་ཚུལ།  
        ཙིའུ་དམར་པོ་འདི་ཉིད་ཐོག་མར་དམ་ལ་བཏགས་པའི་སྐོར་ལ་《སྤུ་གྲི་དམར་པོ་སྙིང་གི་རྒྱུད་》ལས། “སྲིད་གསུམ་ཕུང་བར་བྱེད་པ་ལ༔ སྔོན་གྱི་ཐུགས་རྗེ་འབྲེལ་བའི་རྔམ་སྒྲ་སྒྲོགས༔ དྲེགས་པ་འཁོར་བཅས་མདུན་དུ་ལྷག༔  ཨེ་མ་དཔལ་ཆེན་ལྷ་ཡི་ལྷ༔ བདག་ཅག་འཁོར་དང་བཅས་པ་རྣམས༔ མ་གསང་དཔའ་བོའི་བཀའ་སྩལ་ཉན༔ སྲོག་གི་སྙིང་པོ་འདི་འབུལ་གྱིས༔ ལས་དང་ཟས་སྐལ་བདག་ལ་སྟོན༔  ཅེས་སྲོག་སྙིང་ཕུལ་ལོ༔  ལས་སྐལ་སངས་རྒྱས་བསྟན་པ་བསྲུང་བར་གཏད༔    ཟས་སྐལ་ཤ་ཁྲག་སྲོག་དབུགས་བྱིན༔ སྔོན་གྱི་ལས་དང་བག་ཆགས་ཀྱིས༔ རྒྱལ་རིགས་ཀུན་གྱི་བདུད་དུ་ཆེ༔  ཡ་བ་རྐྱ་བདུན་ལྕམ་མོ་ནི༔  ལྷ་མོ་སྲིང་མོ་སྤྱན་གཅིག་མ༔”⑽ཞེས་སངས་རྒྱས་བསྟན་པ་བསྲུང་བར་ཁས་བླངས་ཤིང་། དེའི་རྒྱུ་མཚན་སྐོར་ལ་སླེ་ལུང་བཞད་པའི་རྡོ་རྗེས་མཛད་པའི་《དམ་ཅན་བསྟན་སྲུང་གི་རྣམ་ཐར་》ལས།  “དེ་ལྟར་སྐུ་མཆེད་བདུན་པོས་དྲེགས་པ་ཐམས་ཅད་བྲན་དུ་བཀོལ་ནས་སྔོན་གྱི་དགྲ་བོ་རྒྱལ་བློན་རྗེ་འབངས་དང་བཅས་པ་ཟོས།  སྐྱེ་འགྲོ་རྣམས་ལ་ལ་མཚོན་གྲིར་བསད། ལ་ལ་འགག་གྲིར་བསད། ལ་ལ་རྡིབ་གྲི། ལ་ལ་ཆུ་གྲི། ལ་ལ་སྦོས་གྲི། ལ་ལ་གཡང་གྲི། ལ་ལ་རྦབ་གྲི།  ལ་ལ་ཐག་གྲི།  ལ་ལ་ལྕེབས་གྲིར་བསད་དེ་སྲིད་གསུམ་ཐམས་ཅད་བརླག་ལ་ཁད་བྱུང་སྟེ།  རྒྱུད་ལས།  གྲི་ཐང་དམར་པོར་གནས་བཅས་ནས༔  གྲི་ཐམས་རྔམས་སུ་ཐམས་ཅད་བསད༔   སྲིད་གསུམ་ཚེ་སྲོག་ཟས་སུ་ཟོས༔ ཞེས་གསུངས།  དེའི་ཚེ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ཞེ་སྡང་དབྱིངས་སུ་དག་པའི་མེ་དཔུང་སྟེང་ན་འབར་བ་འདོད་ཆགས་བདེ་བ་ཆེན་པོར་དག་པའི་རཀྟའི་རྦ་ཀློང་འཁྲུག་པ་དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན་དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ་པོ་རང་སྣང་ལས་སྤྲུལ་པའི་སྡེ་བརྒྱད་ཀྱི་སྡེ་དཔོན་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་བདེ་བྱེད་རང་གི་སྟན་ལས་བཞེངས་ཏེ་དཔལ་རྟ་མགྲིན་ལ་འདི་སྐད་ཅེས་གསོལ་ཏོ།  ཨེ་མ་ཧོ༔  བཅོམ་ལྡན་འདས་དབང་གི་རྒྱལ་པོ༔  གདུག་སེམས་དྲེགས་པའི་རྫུ་འཕྲུལ་གྱི༔  སྲིད་པ་གསུམ་ཡང་བརླག་བྱེད་ན༔    ཐུགས་རྗེའི་བདག་པོས་བཀའ་གནང་མཛོད༔  ཅེས་བསྐུལ་བས་དཔལ་རྟ་མགྲིན་གྱིས་བཀའ་སྩལ་པ།    འཇིག་རྟེན་དྲེགས་པའི་ལྷ་འདྲེ་རྣམས༔  རང་རིག་ཡེ་ཤེས་མ་ཤར་བས༔  མ་རིག་ཉོན་མོངས་འཁྲུལ་པའི་རྒྱུ༔ ས་བོན་རྩུབ་མོའི་རྐྱེན་གྱིས་འབངས༔ འཇིག་རྟེན་དྲག་པོ་བདག་གིས་དབང་དུ་སྡུད༔  ཅེས་འདུལ་བའི་དུས་ལ་བབས་པར་གཟིགས་ནས་དྲག་པོའི་སྐུར་བཞེངས་ནས་ཁྲོས་པའི་སྤྱན་བགྲད་རྔམས་པའི་ང་རོ་བསྒྲགས་ནས་གནོད་སྦྱིན་འཁོར་བཅས་མདུན་དུ་བཀུག་ནས་དམ་ལ་བཏགས་⑾”ཞེས་ཙིའུ་དམར་པོས་སྐྱེ་བ་སྔ་མའི་དགྲ་བོ་རྒྱལ་བློན་རྗེ་འབངས་རྣམས་ལ་དགྲ་ཤ་བླངས་ཏེ་སྐྱེ་འགྲོ་ཡོད་ཚད་སྡུག་ལ་སྦྱར་བས་རྟ་མགྲིན་གྱིས་མ་བཟོད་པར་སྲོག་སྙིང་འདུས་ཏེ་དམ་ལ་བཏགས་པ་ཡིན།   
        ཡང་གསུང་སྲོལ་གཞན་ཡོད་དེ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་《རྟ་མགྲིན་གསང་བ་འདུས་པའི་བཀའ་སྲུང་གནོད་སྦྱིན་ཤན་པ་དམར་ནག་གི་འཕྲིན་ལས་རྗེས་གནང་དང་བཅས་པ་གློག་ཞགས་འཁྱིལ་བ་》ལས།  “དེ་ལ་ཆོས་སྐྱོང་ཆེན་པོ་འདི་ཉིད་ཕྱི་ལྟར་ན་ལྷ་སྲིན་སྡེ་བརྒྱད་ཀྱི་རྗེ་བོ།   ནང་ལྟར་རྣམ་སྲས་མདུང་དམར་ཅན།   གསང་བ་གཟའ་རྒོད་མིག་དམར་ཏེ་སྤྲུལ་པའི་ཆོ་འཕྲུལ་ཡང་སྟོན་པ་ཡིན་ལ།  གསང་ཆེན་རྡོ་རྗེ་རྩེ་མོའི་བསྟན་པ་སྲུང་བའི་ཕྱིར་དུ་དྲེགས་པ་རང་རྒྱུད་པའི་ཚུལ་ཡང་བཟུང་བར་མཛད་དེ། གུ་རུ་རིན་པོ་ཆེ་ཉིད་དུར་ཁྲོད་བསིལ་བ་ཚལ་གྱི་ནུབ་བྱང་ཧེ་ཆེན་བརྡལ་བ་ན་ཤཱནྟ་རཀྴཏ་ཞེས་བྱ་བའི་མཚན་བཟུང་ནས་སྦྱོར་སྒྲོལ་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་མཛད་པའི་སྐབས་སུ་འདི་ཉིད་་གནོད་སྦྱིན་རཀྴ་གདོང་དམར་ཞེས་བྱ་བར་གྱུར་པ་དང་སྤུན་དང་གྲོགས་སུ་སྦྲེལ་བ་དེ་ཚེ་འཕོས་ནས་གནོད་སྦྱིན་རཀྴ་འབར་བྱེད་དང་སྲིན་མོ་དམར་ཤམ་མའི་བུ་ཕུང་བྱེད་ཤན་པ་དམར་ནག་བྱ་བར་སྐྱེས་ཏེ་མཐུ་སྟོབས་རྫུ་འཕྲུལ་ཤིན་ཏུ་ཆེ་བས་སྡེ་བརྒྱད་ཡོངས་ཀྱི་རྗེ་དཔོན་ཏུ་གྱུར་བའི་ཚེ།  བཅོམ་ལྡན་འདས་གསང་བའི་བདག་པོས་སྲོག་སྙིང་བླངས་ཏེ་དམ་ལ་བཞག   སངས་རྒྱས་ཀྱི་བསྟན་པ་སྲུང་བའི་གཉེར་གཏད།    གནོད་སྦྱིན་རང་གིས་ཀྱང་རྒྱུད་མདོངས་གསོལ་དུ་ཕུལ།   ཕྱིས་སློབ་དཔོན་ཆེན་པོ་བལ་ཡུལ་ཡང་ལེ་ཤོད་དུ་བཞུགས་པའི་ཚེ་ཁོ་རང་དངོས་སུ་འོང་ནས་སྲོག་སྙིང་དང་རང་གི་རྒྱུད་ཀྱང་ཕུལ་ནས་བསྟན་པ་སྲུང་བར་ཁས་བླངས།  གུ་རུ་རིན་པོ་ཆེ་ཉིད་ཀྱིས་ཀྱང་ཐུན་མོང་མ་ཡིན་པའི་བསྟན་སྲུང་དུ་བསྐོས།  སྒྲུབ་ཐབས་རྒྱས་བསྡུས་མང་དུ་མཛད་ནས་གཏེར་ཁ་རྣམས་སུ་སྦས་པ་ལས་⑿ཞེས་འཁོད་འདུག   
དེ་ལྟར་གོང་དུ་གནོད་སྦྱིན་ཙིའུ་དམར་པོ་དམ་ལ་བཏགས་པའི་སྐོར་ལ་བརྗོད་སྲོལ་ཅུང་མི་འདྲ་བ་ཡོད་མོད། གོང་འོག་གུང་བསྒྲིགས་ནས་བརྗོད་ན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་《དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་བཀའ་སྲུང་་དང་བཅས་པའི་བྱོན་ཚུལ་ལེགས་པར་བཤད་པ་ཆོས་སྐྱོང་ཡིད་བཞིན་ནོར་བུ་དགེས་པར་བྱེད་པའི་ཡིད་འཕྲོག་ལྷའི་རོལ་མོ་དགོས་འདོད་ཀུན་འབྱུང་》ལས། “ཐོག་མར་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱིས་ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་ཆོས་སྐྱོང་ཆེན་པོ་འདི་ཉིད་ཀྱི་སྤུ་གྲི་དམར་པོ་སྙིང་གི་རྒྱུད་གསུངས་ཤིང་བསྟན་པའི་སྲུང་མར་བཀའ་བསྒོས་ཤིང་ཞལ་གྱིས་བཞེས།  བར་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རྒྱ་གར་མེ་འབར་གྱི་དུས་ཁྲོད་དུ་སླར་ཡང་དམ་ཚིག་ཕོག་ཅིང་རྒྱུད་ཀྱང་གཏེར་ནས་བཞེས་ཏེ་བཀའ་སྲུང་དུ་མངའ་གསོལ་⒀ཞེས་སྔ་ཕྱིར་རྟ་མགྲིན་དང་སློབ་དཔོན་པདྲ་འབྱུང་གནས་ཀྱིས་དམ་ལ་བཏགས་ཚུལ་་བསྟན།   
        གང་ལྟར་ཀྱང་གནོད་སྦྱིན་ཙིའུ་དམར་པོ་ནི་ཚེ་སྔོན་གྱི་བག་ཆགས་ཀྱིས་རྐྱེན་པས་བཙན་གྱི་རྗེ་བོར་འཁྲུངས་་ཤིང་། ཐོག་མར་སྟོན་པ་བཅོམ་ལྡན་འདས་ཀྱིས་རྟ་མགྲིན་གྱི་རྣམ་པས་སྲོག་སྙིང་བླངས་ནས་དམ་ལ་བཏགས་པ་དང་།  དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དབང་བསྐུར་མཛད་ནས་སླར་ཡང་དམ་ལ་བཏགས་ཏེ་སངས་རྒྱས་བསྟན་པའི་བསྟན་སྲུང་དུ་གྱུར་བ་ཡིན། 
        གསུམ་པ། ཙིའུ་དམར་པོའི་མིང་གི་རྣམ་གྲངས་དང་འཁོར་གྱི་སྐོར།   
        ཙིའུ་དམར་པོ་ནི་གནོད་སྦྱིན་ཆེན་པོ་འདི་ཉིད་ཀྱི་ཡོངས་གྲགས་ཀྱི་མཚན་ཡིན་ཏེ་《དམ་ཅན་བསྟན་སྲུང་གི་རྣམ་ཐར་》ལས།    “གནོད་སྦྱིན་ཆེན་པོ་སྤུ་གྲི་དམར་པོའམ་ཙིཏྟ་དམར་པོ་དེང་སང་ཡོངས་སུ་གྲགས་པ་ཙིའུ་་དམར་པོ་ཞེས་སྤྱི་མཚན་དུ་གྲགས་⒁ཞེས་འཁོད་འདུག   དེ་ཡང་གནོད་སྦྱིན་ཙིའུ་དམར་པོའི་མཚན་གྱི་རྣམ་གྲངས་སྐོར་ལ་གོང་གི་ཡིག་ཆ་ལས། “དེ་ལྟ་བུའི་གནོད་སྦྱིན་འདི་ལ།  ལྷ་བཙན་དགྲ་ལྷའི་རྒྱལ་པོའམ།  ཡང་ལེར་བེར་དུ་གྲགས་ཏེ།   ལྷ་བཙུན་རྣམ་རྒྱལ་གྲགས་པ་རིན་ཆེན་གྱིས་བསམ་ཡས་བུ་ཚལ་དུ་གསུངས་པའི་གནོད་སྦྱིན་ཆེན་པོའི་དྲག་བསྐུལ་ལས།   སློབ་དཔོན་པདྨ་འབྱུང་གནས་ཀྱིས།།  བསམ་ཡས་དབུས་སུ་མཚན་གསོལ་བ།།  གནོད་སྦྱིན་རྒྱལ་པོ་ཙི་དམར་ཡིན།། བོན་པོ་སྟག་ལྷ་མེ་འབར་གྱིས།། ར་ས་འཛིན་དུ་མཚན་གསོལ་བ།།  ལྷ་བཙན་དགྲ་ལྷའི་རྒྱལ་པོ་ལགས།། བྱང་སེམས་ཟླ་བ་རྒྱལ་མཚན་གྱིས།། མངའ་རིས་སྟོད་དུ་མཚན་གསོལ་བ།།   གནོད་སྦྱིན་རྒྱལ་པོ་ཡང་ལེ་བེར།།”⒂ཞེས་བསྟན་པ་དང་།   ཡང་《བོད་ཀྱི་ལྷ་འདྲེ་གདོན་བགེགས་》ཞེས་པའི་དཔེ་ཆའི་ནང་། “ཙིའུ་དམར་པོ་ནི་འཇིག་རྟེན་པའི་སྲུང་མ་འགངས་པོ་ཆེ་ཞིག་ཡིན་ཞིང་། པེ་ཧར་རྒྱལ་པོའི་རྗེས་སུ་བསམ་ཡས་ཀྱི་བསྟན་སྲུང་གཙོ་བོར་གྱུར་བ་ཡིན།   ཙིའུ་དམར་པོར་བརྗོད་སྲོལ་མི་འདྲ་བ་ཡོད་དེ། རྩེའུ་དམར་པོ། རྩེ་དམར་པོ། རྩེ་མ་ར།  ཙི་དམར་བ།  ཆོས་སྐྱོང་གནོད་སྦྱིན་དམར་པོ་སོགས་ཡོད་”⒃ཅེས་ཙིའུ་དམར་པོའི་འབྲི་སྲོལ་མི་འདྲ་བ་འཁོད་འདུག   
        གནོད་སྦྱིན་ཙིའུ་དམར་པོ་ལ་བྱེ་བྲག་ཏུ་མཆེད་་བདུན་ལས་ཡ་བ་སྐྱ་བདུན་དང་རོལ་པ་སྐྱ་བདུན་དུ་འབོད་སྲོལ་ཡོད་ཅིང་། ཟེར་སྲོལ་གཞན་ལ་ཙིའུ་དམར་པོ་ནི་བཙན་རྒོད་འབར་བ་སྤུན་བདུན་ཞེས་པའི་ལྷ་ཚོགས་ཀྱི་སྤྱི་དཔོན་དུ་གྲགས།   ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་སྒྲོས་ལས།  “བཙན་རྒོད་འབར་བ་སྤུན་བདུན་ནི།  གནོད་སྦྱིན་ཙིའུ་དམར་པོ། སྐྱིད་ཤོད་རྫོང་བཙན། སུམ་རིང་གྲི་བཙན། ཀང་ཀ་ནག་གི་ཀླུ་བཙན། ཙ་ལ་ཐོག་རྒྱུག་གིང་བཙན། ཧོར་བོད་ཀྱི་རྗེ་བཙན། སྐུ་ལ་ཞལ་གྱི་བཙན་རྣམས་ཡིན་ཟེར།   ཡང་བཙན་རྒོད་ཡམ་ཤུད་དམར་པོ།  བཙན་རོལ་པ་སྐྱ་བདུན།   བོད་ཁམས་ཡོངས་ཀྱི་བཙན་ཡིན་ཟེར། ཁ་ཅིག་གིས་འགོང་པོ་སྤུན་བདུན་གྱི་ནང་ཚན་དུ་ཡོད་དེ། སྤུན་བདུན་ནི། དཀར་པོ་སྤྱན་གཅིག གཟའ་ཐེ་ལྗང་ཁུ། བྱེ་བ་གུང་རིང་། གནམ་ཐེ་དཀར་པོ། ཡམ་ཤུད་དམར་པོ། ཐེ་སེ་ནག་པོ། ལེ་གུ་ལག་རིང་བདུན་ལ་བྱེད་དོ་ཟེར་”⒄  ཞེས་འབར་བ་སྤུན་བདུན་གང་ཡིན་གསལ་པོར་འཁོད་ཅིང་།  ཡང་《གཏེར་ཆོས་གནོད་སྦྱིན་བཙན་རྒོད་རོལ་པ་སྐྱ་བདུན་གྱི་གཉེར་གཏད་བཅོལ་གཏམ་ཡིད་བཞིན་འཁོར་ལོ་》ཞེས་པའི་ནང་།   “དབུ་ནག་བོད་ཀྱི་ཡུལ་ལྷ་ཆེན་པོ༔   ཨོ་རྒྱན་ཆེན་པོའི་བཀའ་ཉན༔  གནོད་སྦྱིན་ཙིའུ་དམར་པོ༔  སྐྱེས་བུ་རོལ་པ་སྐྱ་བདུན་འཁོར་དང་བཅས་པ་དགོངས་སུ་གསོལ༔”⒅ཞེས་རོལ་པ་སྐྱ་བདུན་ནི་གནོད་སྦྱིན་ཙིའུ་དམར་པོའི་འཁོར་་ཡིན་པར་བསྟན།  
        དམངས་ཁྲོད་ཀྱི་ཤོད་སྲོལ་ལ་རྒྱལ་རྩེ་ནས་ལྷ་སར་བསྐྱོད་པའི་ལམ་བར་དུ་བཙན་མཁར་བདུན་ཡོད་ཅིང་།  དེ་དག་ནི་བཙན་རྒོད་འབར་བ་སྤུན་བདུན་གྱི་སྐུ་མཁར་ཡིན།   མི་རྣམས་སྐུ་མཁར་གནས་སར་སླེབས་དུས་ངེས་པར་དུ་རྟ་ནས་འབབ་པ་དང་།   རྟའི་དྲིལ་བུ་དཀྲོལ་བ། དབུ་ཞྭ་ཕུད་པ་སོགས་བྱས་ཏེ་གུས་ལུགས་མཚོན་དགོས།  ངག་རྒྱུན་ལ། “སྔར་སྐྱིད་ཆུའི་བྱང་ཕྱོགས་ཀྱི་རྐྱང་ཐང་ན་ག་ཡོད་ས་དེ་ནས་བཙན་ཁང་ངམ་རྫོང་བཙན་གྱི་ཕོ་བྲང་དམར་ལྡི་རྒྱག་གོག་དེ་མཇལ་མ་ཉིད་དུ་ལམ་སེང་རྟ་ཐོག་ནས་བབས་ཤིང་དབུ་ཞྭ་མ་ཕུད་ཚེ་རང་བཞིན་གྱིས་བརྒྱལ་གཟེར་རྒྱག་གི་ཡོད་⒆ཅེས་པའི་ཤོད་སྲོལ་ཡོད།  
        བཞི་བ། ཅིའུ་དམར་པོའི་སྐུའི་ཁྱད་ཆོས་མདོར་བསྡུས།   
        གནོད་སྦྱིན་ཙིའུ་དམར་པོ་ནི་བོད་བརྒྱུད་ནང་བསྟན་གྱི་བསྟན་སྲུང་གལ་ཆེན་ཞིག་ཡིན་པ་མ་ཟད།   ཁྱིམ་པ་རྣམས་ཀྱིས་རྟག་ཏུ་བསྟེན་པའི་ལྷ་ཞིག་ཡིན་སྟབས།  མང་ཚོགས་ཁྲོད་དུ་གོ་གནས་ཤིན་ཏུ་མཐོ་ཞིང་གཙིགས་ཆེ་བར་ཡིན། དེ་ཡང་བསྟན་སྲུང་འདི་ཉིད་ཀྱི་སྐུའི་ཆ་བྱད་སྐོར་ལ་བླ་མ་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་《ཙིའུ་དམར་་པོའི་གཏོར་བསྔོ་བསྡུས་པ་》ལས།  “བསྟན་སྲུང་ཆེན་པོ་ཙིའུ་དམར་པོ་སྐུ་མདོག་དམར་ནག་རབ་ཏུ་ཁྲོས་པའི་ཉམས་ཅན་སྤྱན་གསུམ་སྡང་མིག་ཏུ་གཟིགས་ཤིང་།  ཞལ་དམར་ཨམ་གཙིགས་བསྡམས་པ།  སྨ་ར་ཨག་ཚོམ་མེ་ལྟར་འབར་བ།  དམ་ཉམས་ལ་ཁྲོས་པའི་ཁྲོ་གཉེར་དཔྲལ་བར་བསྡུས་པ།  སྐུ་ལ་བསེ་ཁྲབ་དམར་པོ་སྟིག་པའི་ལུས་ཅན་གྱིས་གང་བ་གསོལ་ཞིང་སྦྲུལ་ནག་པོ་དང་གསེར་གྱི་སྐ་བོ་ཆེ་བཅིངས་པ། སྣང་སྲིད་གསལ་བའི་མེ་ལོང་ལ་དར་སྣས་བརྒྱན་པ།  དབུ་ལ་བསེ་རྨོག་དམར་པོ་སྣོད་ཀྱི་ལྡེམ་འཕྲུ་ཅན་ལ་དར་དམར་གྱི་ཅོད་པཎ་འཕུར་བ། མུ་མེན་དང་བྱུ་རུའི་དོ་ཤལ་ཅན་སྟག་དོང་དང་གཟིག་ཤུབས་འཆང་བ།  ཞབས་ལ་པགས་ལྷམ་ཡུ་རིང་གསོལ་བ།  ཆིབས་སུ་བྲ་བོ་འགབ་ནག་གཡུ་སྔོན་རིན་པོ་ཆེའི་སྒ་སྲབ་ཀྱིས་བརྒྱན་པ་ལ་ཆིབས་པ།   ཕྱག་གཡས་མདུང་དམར་འཕྱར་བས་སྡེ་བརྒྱད་ཀྱི་དམག་དཔུང་སྡུད་ཅིང་།  གཡོན་བཙན་ཞགས་གློག་ལྟར་འཁྱུག་པས་དམ་ཉམས་ཀྱི་བླ་སྲོག་འགུགས་པ།  བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་དུ་སྤྲུལ་པའི་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་མངོན་སུམ་ལྟ་བུར་བཞུགས་པར་གྱུར་⒇ཞེས་བསྟན་འདུག  
        དེ་ཡང་བསམ་གཞིག་བྱ་དགོས་པ་ཞིག་ལ།  གནོད་སྦྱིན་འདི་ཉིད་རྒྱ་གར་གྱི་སྲུང་མ་ཡིན་པར་གྲགས་མོད། འདི་ཉིད་ཀྱིས་ལུས་ལ་བསེ་ཁྲབ་གྱོན་པ་དང་།  སྐ་རགས་བཅིངས་པ། དར་སྣས་རྒྱན་པ། དབུ་ལ་བསེ་རྨོག་གྱོན་པ། ད་དུང་མུ་མེན་དང་བྱུ་རུའི་དོ་ཤལ་ཅན་ཡིན་པ།  ཞབས་ལ་པགས་ལྷམ་གྱོན་པ་སོགས་ནི་ཕལ་མོ་ཆེར་བོད་མིའི་ཆ་ལུགས་ཀྱི་ཁྱད་ཆོས་ཡིན་ཞིང་།  རྒྱ་གར་ཚ་དྲོད་ཆེ་བའི་ས་རུ་པགས་ལྷམ་གྱོན་པ་སོགས་ནི་ཆོས་ཉིད་དང་མཐུན་ཐབས་བྲལ།  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། “རྒྱལ་ཁམས་སོ་སོའི་ཡུལ་ལྷ་རྣམས་ནི་ཡུལ་དེ་དང་དེའི་སྔོན་གྱི་མི་གཙོ་བོ་དག་གི་ཆ་ལུགས་སུ་ཡོད་པ་ཡིན་ལ། དེས་ན་རང་རེ་རྣམས་ཀྱིས་ཀྱང་བཙན་དང་རྒྱལ་པོ་ཞང་བློན་སོགས་སུ་འབོད་པའི་ཡུལ་ལྷ་འདི་དག་ལ་བལྟས་ནས། སྔོན་གྱི་བཙན་པོ་དང་རྒྱལ་པོ་རྣམས་དྲག་པོ་གཡུལ་གྱི་ཆ་ལུགས་ཇི་ལྟར་མཛད་པའི་རྣམ་པ་རགས་ཙམ་ཞིག་དཔྱད་ན་མི་འཚམ་པ་ཆེར་མེད་པར་སེམས་(21)ཞེས་དང་།“ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་དཔྱད་པ་བྱས་པ་འདི་འདྲ་ལ།   མང་པོ་དག་བྱིས་པའི་རིག་པ་ལྟ་བུར་སེམས་ངེས་མོད་ཀྱི།  རྒྱ་གར་གྱི་གངྒཱའི་ལྷ་མོས་རྐང་གདུབ་གྱོན་པ་ནས།  ཨ་མདོའི་རྨ་རྒྱལ་སྤོམ་རྭས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡུན་ཕུ་སཱས་བེར་སྔོན་གྱོན་པའི་བར་ཞིབ་ཏུ་ལྟོས་དང་།  ཡུལ་མིའི་ཆ་ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ་”(22)ཞེས་ཡུལ་ལྷའི་ཆ་བྱད་ནི་རང་གནས་སའི་མི་རིགས་དང་ཁོར་ཡུག་གི་ཁྱད་ཆོས་ལྡན་པ་ནི་སྨོས་མི་དགོས་པ་ཞིག་རེད།  དེར་བརྟེན།  གནོད་སྦྱིན་ཙིའུ་དམར་པོ་ནི་ཐོག་མར་རྒྱ་གར་ཡུལ་གྱི་ལྷ་ཞིག་ཡིན་མོད།  ཕྱིས་སུ་སངས་རྒྱས་བསྟན་པ་བོད་དུ་དར་བ་དང་མཉམ་དུ་དར་ཞིང་།  ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ལྷ་ཡི་ཆ་བྱད་ནི་རིམ་བཞིན་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཆ་ལུགས་སུ་གྱུར་བ་ཡིན། 
        ལྔ་བ། ཙིའུ་དམར་པོ་དང་བསམ་ཡས་གཙུག་ལག་ཁང་དབར་གྱི་འབྲེལ་བའི་སྐོར།   
        གནོད་སྦྱིན་འདི་ཉིད་ཀྱི་མིང་ཐོས་པ་ཙམ་གྱིས་མི་རྣམས་ཀྱིས་བསམ་ཡས་ཆོས་སྐྱོང་ཆེན་པོ་ཞེས་ཡིད་ལ་འཆར་སྲིད་ཅིང་།  འདི་ནི་སྲུང་མ་འདི་ཉིད་བསམ་ཡས་གཙུག་ལག་ཁང་གི་ཆོས་སྐྱོང་གཙིགས་ཆེན་ཞིག་ཡིན་པའི་ཕྱིར། བསམ་ཡས་གཙུག་ལག་ཁང་ནི་བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་ནས་མཁན་པོ་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་་སྤྱན་དྲངས་ཏེ་བོད་ཡུལ་དུ་སངས་རྒྱས་བསྟན་པ་རྒྱ་ཆེར་སྤེལ་དུས་ཕྱག་བཏབ་ཅིང་།   ད་བར་ལོ་ངོ་གཅིག་སྟོང་གཉིས་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་དགོན་པ་ཁྱད་དུ་འཕགས་པ་ཞིག་ཡིན།  ལྷག་པར་དུ་སངས་རྒྱས་བསྟན་པ་བོད་དུ་དར་བར་ནུས་པ་གལ་ཆེན་ཐོན་པ་མ་ཟད།  བོད་ཀྱི་ལོ་རྒྱུས་ཐོག་ཏུ་དཀོན་མཆོག་གསུམ་ཡོངས་སུ་རྫོགས་པའི་དགོན་པ་ཐོག་མར་འདི་ཡིན། གཙུག་ལག་ཁང་ཕྱག་བཏབ་རྗེས་དགོན་པའི་ལྷ་ཁང་ཁག་ལ་སྲུང་མ་མི་འདྲ་བ་བསྐོས་པ་ཡིན་ཏེ་《སྦ་བཞེད་》ལས།“པར་ཁང་གི་ཆོས་སྐྱོང་རྒྱལ་པོ་ཤིང་བྱ་ཅན་ལ་གཏད་”(23)ཅེས་དང་། གཞན་བསྐོས་པའི་སྲུང་མ་རྣམས་ཀྱི་མཚན་ཐོ་མདོར་བསྡུས་ཤིག་བཀོད་ན།  རྒྱལ་པོ་ཟངས་མའི་འབོར་ལོག་ཅན།  གནོད་སྦྱིན་ལག་ན་དབྱུག་པ་ཐོགས་པ་མཆེད་གསུམ།   ཨ་ཙརྱ་ལག་ན་སྤུ་གྲི་ཐོགས་པ་མཆེད་གསུམ།གཤིན་རྗེ་ལག་ན་བེ་ཅོན་ཐོགས་པ་མཆེད་གསུམ།   ཀླུའི་རྒྱལ་པོ་ཨཱ་ནནྟ་ཨུ་ལི།   ཚངས་པ་དཀར་པོ་དུང་གི་ཐོར་ཚུགས་ཅན།  གཤིན་རྗེ་གཤེད་གཉིས།  གཤིན་རྗེའི་མོའི་བོར་ལོ་ཅན། འབྲུག་གི་ཀློག་པ་ཅན། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད།   དྲང་སྲོང་རྡ་མ་ར་འཁོར་ལོང་པ་རྒྱ་འབྲེལ།  གནོད་སྦྱིན་ར་ཏོ། གནོད་སྦྱིན་གླང་གི་མགོ་ཅན། མཁའ་འགྲོ་མ་གུ་ལིང་གི་གོས་ཅན།  རྒྱལ་པོ་དངུལ་གྱི་མགོ་ཅན།  རྒྱལ་པོ་བསེ་ཁྲབ་ཅན།   མཁའ་འགྲོ་མ་སེང་གེའི་འགྲོས་ཅན། དཔེ་ཧར། ཐང་ལྷ་གང་པ་བཟང་པོ། གནོད་སྦྱིན་ནོར་བུ་བཟང་པོ། གནོད་སྦྱིན་ལག་ན་མྱུ་གུ་ཐོགས། ཆོས་སྐྱོང་ལག་ན་དབྱུག་པ་ཐོགས་པ།   ཀླུ་ཆེན་བརྒྱད་སོགས་བསམ་ཡས་གཙུག་ལག་ཁང་གི་བྱེ་བྲག་ལྷ་ཁང་ཁག་དང་མཐའ་འཁོར་དུ་ཡོད་པའི་མཆོད་རྟེན་དང་ལྷ་ཁང་རྣམས་ཀྱི་སྲུང་མར་བསྐོས་ཤིང་།  དེ་དག་གི་ཁྲོད་དུ་ཙིའུ་དམར་པོ་ནི་སྲུང་མའི་གྲས་སུ་མཐོང་རྒྱུ་མེད་པ་ཡིན།   
        དེ་ཡང་ས་སྐྱ་པའི་ངོས་ནས་བརྗོད་ན།  ཙིའུ་དམར་པོ་ནི་བསྟན་སྲུང་གལ་ཆེན་ཞིག་ཡིན་ཏེ་《ས་སྐྱ་པའི་ཆོས་སྐྱོང་སྤྱིའི་གསེར་སྐྱེམས་》ལས། “འཕགས་ཡུལ་དུར་ཁྲོད་ཆེན་པོ་མེ་འབར་དང་། །ཨཽ་ཌི་ཡ་ན་བྱང་ཕྱོགས་ཤམྦྷ་ལ། །བོད་ཀྱི་ཟན་ཡངས་སྤྲུལ་པའི་གཙུག་ལག་ནས།   །རྩིའུ་དམར་འཁོར་བཅས་འདིར་བྱོན་གསེར་སྐྱེམས་བཞེས།།”(24)ཞེས་ས་སྐྱ་པའི་ཆོས་སྐྱོང་གཙོ་བོ་རྣམས་ལ་གསེར་སྐྱེམས་འབུལ་བའི་གྲས་སུ་རྩིའུ་དམར་པོའམ་ཙིའུ་དམར་པོ་འདི་ཉིད་བཞུགས་ཡོད་ཅིང་།   གྲུབ་མཐའ་འདི་ཉིད་ཀྱི་སྲུང་མ་གཙོ་བོ་ཞིག་ཡིན་ཏེ།  པེ་ཧར་རྒྱལ་པོའི་ཕྱིས་སུ་བསམ་ཡས་གཙུག་ལག་ཁང་གི་སྲུང་མར་གྱུར་བ་ཡིན།   འདིའི་སྐོར་ལ་ལྷོ་ཁ་སྲིད་གྲོས་ནས་རྩོམ་སྒྲིག་གནང་བའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་དེབ་གསུམ་པའི་ནང་དུ་བཞུགས་པའི་དགེ་འདུན་རྒྱ་མཚོས་བརྩམས་གནང་བའི་《བསམ་ཡས་དབུགས་ཁང་ལས་འཕྲོས་པའི་གཏམ་》ཞེས་པའི་ནང་།   “ལྟེ་བའི་སྲུང་མ་ཁང་ནི་བསམ་ཡས་ལྕོག་ནང་རྒྱལ་པོ་པེ་ཧར་བཞུགས་པའི་མགོན་ཁང་ཡིན་ཞིང་དེའི་རྒྱ་ཁྱོན་ལ་ཤར་ནུབ་ཀ་བཞི་དང་ལྷོ་བྱང་ཀ་བ་གཉིས། བསྡོམས་ཀ་བ་བརྒྱད་ཡོད་པའི་མདུན་གྲལ་དུ་འཛམ་གླིང་སྲོག་བདག་གནོད་སྦྱིན་ཙིའུ་དམར་པོ་བཞུགས་སུ་གསོལ་ཡོད།  སྲུང་མ་དེ་ཡང་དཔལ་ས་སྐྱའི་ལུགས་ཀྱི་སྲུང་མ་གཙོ་བོ་ཡིན་པས།  ས་སྐྱ་བདག་ཆེན་གྱིས་བསམ་ཡས་དགོན་པ་བདག་གིར་བཟུང་རྗེས་ཙིའུ་དམར་པོ་ཡང་བསམ་ཡས་དགོན་པའི་གཙོ་བོའི་སྲུང་མར་འགྱུར་”(25)ཞེས་འཁོད་འདུག   
        གནོད་སྦྱིན་ཙིའུ་དམར་པོ་ནི་བསམ་ཡས་ལྕོག་ཏུ་བཞུགས་ཤིང་།  ལྕོག་གི་འོག་ཏུ་བསམ་ཡས་དབུགས་ཁང་ཞེས་མི་ཤི་རྗེས་དབུགས་དང་རྣམ་ཤེས་འགྲོ་སའི་ཁང་པ་ཞིག་ཡོད། དེའི་སྐོར་ལ་ཤོད་སྲོལ་འདྲ་མིན་སྣ་ཚོགས་ཡོད་དེ་《བསམ་ཡས་དབུགས་ཁང་ལས་འཕྲོས་པའི་གཏམ་》ལས། “བསམ་ཡས་དབུགས་ཁང་ནི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་སྤྲུལ་པའི་གཙུག་ལག་ཁང་གི་བྱང་ཤར་དུ་གནས་པའི་བསམ་ཡས་ལྕོག་ཅེས་པེ་ཧར་རྒྱལ་པོའི་ཕོ་བྲང་ཞིག་ཡོད་པའི་འོག་ཐོག་ཏུ་ཆགས་ཡོད་པ་དང་།  དབུགས་ཁང་གི་སྒོ་འགྲམ་དུ་དབུགས་རྐྱལ་བཏགས་ཡོད་པས་མཐོང་མ་ཐག་སེམས་ལ་ཆེ་ཆུང་མ་ལྟོས་པའི་གནོན་ཤུགས་ཤིག་དབང་མེད་དུ་སྤྲོད་ཀྱི་ཡོད།  བསམ་ཡས་ལྕོག་ནི་གླིང་བཞི་གླིང་ཕྲན་བརྒྱད་ལས་གླིང་ཕྲན་གྱི་ཁོངས་དབང་དྲག་རོལ་པའི་གླིང་ཞེས་བྱ་བ་དེ་ཡིན་ལ་ངག་རྒྱུན་དུ་མཚན་གཞན་པེ་ཧར་རྒྱལ་པོ་ཕོ་བྲང་དང་། བསམ་ཡས་དབུགས་ཁང་།  ཆོས་སྐྱོང་ཆེན་པོའི་བཞུགས་གནས་ཞེས་ཀྱང་ཟེར་(26)ཞེས་ཡོངས་གྲགས་ཀྱི་བསམ་ཡས་དབུགས་ཁང་གི་གནས་ཡུལ་དང་མིང་གི་རྣམ་གྲངས་འཁོད་འདུགཡང་འཇིགས་སུ་རུང་བའི་དབུགས་ཁང་གི་ནུས་པའི་སྐོར་ལ་གོང་གི་རྩོམ་ཡིག་ལས།  “སྲུང་མ་ཁང་ནི་བར་ཐོག་ཏུ་གནས་ཡོད་པ་དང་།  ཐོག་རྩེག་གསུམ་པ་ནི་འབག་ཁང་ཡིན་པ་དང་། འོག་ཐོག་ནི་བསམ་ཡས་དབུགས་ཁང་ཡིན་ཞིང་།    དེར་སྒོ་ཆུང་ཞིག་བཏོན་ཡོད་པའི་སྒོའི་གཡས་གཡོན་དུ་དབུགས་རྐྱལ་ཆེན་པོ་རེ་བཀལ་ཡོད་ལ།   སྒོའི་ཐོད་དུ་ཁྲ་ཁུང་ཞིག་རྟོལ་ཡོད་པ་ལས་ནང་དུ་མུན་པ་ནག་ཅིང་།   ཀ་བའི་ཐོག་ཏུ་སྲོག་ཆགས་ཆེ་ཆུང་སྣ་ཚོགས་ཀྱི་གསོབ་མངོན་སུམ་བཟོས་ནས་བཀལ་ཡོད་པ་དང་།   དེ་སྔོན་ད་དུང་ཁྲག་མཚོ་འཁོལ་མོ་ཡང་ཡོད་སྐད། རྣམ་ཀུན་སྒོ་དེར་ཕྱེ་རྒྱག་བྱེད་པའི་སྲོལ་མེད།  འོན་ཀྱང་ལོ་འཁོར་བཅུ་གཉིས་རེར་ས་སྐྱའི་བདག་ཆེན་སྐུ་ངོ་མ་བསམ་ཡས་དགོན་དུ་ཞབས་བཅར་གྱིས་སྒོ་ཐེངས་རེར་ཕྱེ་ནས་བྱི་དོར་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད། དེ་གར་འཇིགས་སྣང་ཤིན་ཏུ་ཆེ་རུང་མི་རྣམས་ཀྱིས་དད་པའི་སྤུ་ལོང་་དབང་མེད་དུ་རྒྱས་བཞིན་ངེས་པར་གནས་དེ་མཇལ་ཐུབ་པ་བྱེད་ཀྱི་ཡོད།  དེ་ཅི་ཡིན་ཞེ་ན།  དེ་གར་བསམ་ཡས་ཆོས་སྐྱོང་ཙིའུ་དམར་པོ་བཞུགས་ཡོད་པ་མ་ཟད།  འཛམ་གླིང་སྲོག་བདག་གནོད་སྦྱིན་ཙིའུ་དམར་པོ་བཞུགས་ཡོད་ལ།  བྱིན་གྱིས་བརླབས་པའི་དབུགས་ཁང་ནི་འཛམ་གླིང་སྲོག་ལྡན་ཐམས་ཅད་ཀྱི་དབུགས་འདུ་ས་དང་། རྣམ་ཤེས་ཡར་འདྲེན་ཞུ་ས་བཅས་གནས་ཁྱད་པར་ཅན་ཞིག་ཡིན་ལ། སྐྱེ་འགྲོ་ཀུན་གྱི་འདི་ཕྱི་གཉིས་ཀྱི་བསམ་དོན་འགྲུབ་ཡུལ་ཡིན་པས་རེད།   འཛམ་གླིང་ཐོག་སྐྱེས་ཕོ་མོ་མི་འདྲ་བ་དང་། རིགས་མཐོ་དམན་སྣ་ཚོགས་དང་དབུལ་ཕྱུག་དོ་མི་སྙོམས་པ་ཅི་འདྲ་ཡིན་རུང་།    ཚང་མ་སྐྱེ་རྒ་ན་འཆིའི་འཇིག་རྟེན་ཆོས་ཉིད་ལས་བཟློག་ཏུ་མེད་པར་ནམ་ཞིག་་འཇིག་རྟེན་ཕ་རོལ་དུ་བསྐྱོད་དགོས་པ་སྨོས་མེད་ལ་སྐྱེ་འགྲོ་ཚང་མའི་དབུགས་ནི་འཛམ་གླིང་སྲོག་བདག་མདུན་གྱི་དབུགས་ཁང་ནང་འདུས་ཏེ་དབུགས་རྐྱལ་ཆེན་པོའི་ནང་བླུགས་དགོས་ཤིང་།   དབུགས་རྐྱལ་འགྲམ་དུ་ཡོད་པའི་ཚོན་སྣ་ལྔའི་དར་ལྕོག་མཐོང་བ་ཙམ་གྱིས་རང་གི་རྣམ་ཤེས་བར་དོའི་གནས་ལས་གྲོལ་ཏེ་མཐོ་རིས་སུ་ཡར་འདྲེན་ཐུབ་ཀྱི་ཡོད་(27)ཅེས་འཛམ་གླིང་སྐྱེ་འགྲོ་ཐམས་ཅད་ཤི་རྗེས་དབུགས་ཁང་དུ་དབུགས་འདུས་ཏེ་མཐོ་རིས་སུ་སྐྱེ་བའི་རེ་བ་འགྲུབ་ཐུབ་པའི་ནུས་པ་ལྡན་པའི་རྐྱེན་གྱིས་བསམ་ཡས་དབུགས་ཁང་ཞེས་སྙན་གྲགས་ཆེ་ཞིང་མི་རྣམས་ཀྱིས་དད་པ་དང་ཞེ་སྣང་ཅིག་ཅར་དུ་བྱས་པ་ཡིན།  
        ད་དུང་བོད་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་ལོ་གཅིག་དུས་གཅིག་གི་གླུད་འགོང་རྒྱལ་པོ་བྱ་བའི་དུས་མཆོད་སྤེལ་སྲོལ་ཡོད་ཅིང་།  གསང་སྔགས་བྱང་ཆུབ་གླིང་གི་ཚོགས་ཡོངས་ནས་རྙིང་མའི་ལུགས་ཀྱིས་གཏོར་སྒྲུབ་དང་འབྲེལ་བའི་སྐུ་གླུད་དུ་མི་གསོན་པོའི་གླུད་འགོང་རྒྱལ་པོའི་གཟུགས་གཉིས་དང་སྐུ་གླུད་གཏོར་བཟློག་བཅས་རྒྱག་སྲོལ་ཡོད།   བྱང་ཆུབ་གླིང་གི་སློབ་དཔོན་དང་གླུད་འགོང་གཉིས་ཤོ་མིག་འགྲན་བསྡུར་བྱས་རྗེས་གླུད་འགོང་དེ་དག་ཁྲོ་བོའི་ཞལ་འབག་གྱོན་པའི་ཧ་ལ་རྣམས་ཀྱིས་དེད་དེ་གླུད་འགོང་རྫོངས་དགོས་ཤིང་།    གླུད་འགོང་གཉིས་ལས་གཅིག་ནི་འཕན་པོའི་ཕྱོགས་སུ་རྫོངས་པ་དང་། གཅིག་ནི་བསམ་ཡས་ཕྱོགས་སུ་གཏོང་བ་ཡིན་ཏེ་རྒྱལ་པོ་པེ་ཧར་ལ་འབུལ་བའི་མདོས་དེ་བསམ་ཡས་དགོན་པའི་པེ་ཧར་དཀོར་མཛོད་གླིང་ངམ་གོང་དུ་ཞུས་པའི་བསམ་ཡས་ལྕོག་གམ་དབུགས་ཁང་གནས་སའི་ལྷ་ཁང་གི་ནང་དུ་འཇོག་པ་ཡིན།
        དྲུག་པ། གནོད་སྦྱིན་ཙིའུ་དམར་པོ་དང་པེ་ཧར་རྒྱལ་པོ་དབར་གྱི་འབྲེལ་བའི་སྐོར།  
        དེ་ཡང་གནོད་སྦྱིན་ཙིའུ་དམར་པོ་དང་པེ་ཧར་རྒྱལ་པོའི་དབར་གྱི་འབྲེལ་བའི་སྐོར་ལ་དོན་གཅིག་མིང་གི་རྣམ་གྲངས་སམ་ངོ་བོ་གཅིག་པར་སྨྲ་བ་དང་དཔོན་བློན་གྱི་འབྲེལ་བ་སྟེ་ཐ་དད་ཡིན་པར་སྨྲ་བ་བརྗོད་སྲོལ་གཉིས་ཡོད།   
        སྲུང་མ་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་སྐོར་ལ་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་སྒྲོས་ལས།  ཙིའུ་དམར་པོ་“འདིའི་མཚན་གྱི་རྣམ་གྲངས་ནི། ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲས་གསོལ་བའི་མཚན་རྒྱལ་པོ་སྟག་མགོ་ཅན་ཞེས་ཀྱང་བྱ། བལ་པོའི་སློབ་དཔོན་ཧཱུྃ་ཀ་རས་གསོལ་བའི་མཚན་སེར་ཆགས་ཡོངས་ཀྱི་དགྲ་ལྷ་ཞེས་ཀྱང་བྱ།  རྒྱ་ནག་གི་སློབ་དཔོན་མ་ཧཱ་ཡ་ནས་གསོལ་བའི་མཚན་བདུད་རྗེ་བཙན་པོ་ཞེས་ཀྱང་བྱ།  ཧོར་ཡུལ་གྱི་སློབ་དཔོན་ལྷ་རྗེ་འོད་དཀར་གྱིས་གསོལ་བའི་མཚན་རྒྱལ་པོ་ཤིང་བྱ་ཅན་ཞེས་ཀྱང་བྱ།    གཞན་ཡང་བདུད་མ་ཞེར་ནག་པོ་ཞེས་ཀྱང་བྱ། གནོད་སྦྱིན་གྱི་རྒྱལ་པོ་ཙིའུ་དམར་པོ་ཞེས་ཀྱང་བྱ།  རྒྱལ་པོ་ཆེན་པོ་པེ་ཧར་ཞེས་ཀྱང་བྱ་(28)ཞེས་རྒྱལ་པོ་པེ་ཧར་དང་ཙིའུ་དམར་པོ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་གསུངས་འདུགགཞན་ད་དུང་《དམ་ཅན་བསྟན་སྲུང་གི་རྣམ་ཐར་》ལས་ཆོས་སྐྱོང་བའི་རྒྱལ་པོ་པེ་ཧར་གྱི་ལེ་ཚན་ནང་དུ། “དེ་ནས་ཡང་བཙན་གྱི་རྒྱལ་པོ་ཡམ་ཤུད་དམར་པོས་རང་གི་འཁོར་དུ་མ་དང་བཅས་པས་རྒྱལ་པོ་ལི་བྱིན་ཧ་ར་ལ་འདི་སྐད་ཅེས་གསོལ་ཏོ།   བདག་ནི་ཐོག་མ་ནས་སྲིད་པའི་སེམས་ཅན་ལ་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་དང་ཐོབ་ཤོར་མང་པོ་གཏོང་བ་ལགས་ཏེ། དེ་ལྟ་བུའི་ནུས་པ་རྣམས་ཀྱང་རྒྱལ་པོ་ཆེན་པོས་མངའ་གསོལ་བར་བགྱི། བྱིན་གྱིས་བརླབས་པར་བགྱི། ནུས་པའི་མཐུ་བསྐྱེད་པར་བགྱིའོ། དེ་ཅིའི་ཕྱིར་ཞེ་ན།  ཡམ་ཤུད་དམར་པོ་ཞེས་བྱ་བ་ཡང་རྒྱལ་པོ་ཁྱོད་ཉིད་དུ་གྱུར་པ་ལགས་(29)ཞེས་ཡམ་ཤུད་དམར་པོ་དང་པེ་ཧར་རྒྱལ་པོ་ངོ་བོ་གཅིག་ཡིན་པར་སྨྲ་བ་དང་། ཡང་《བོད་ཀྱི་ལྷ་འདྲེ་གདོན་བགེགས་》ལས།   “བོད་མི་མང་པོས་ང་ཚོས་གོང་དུ་ཞུས་པའི་ཡམ་ཤུད་དམར་པོ་ནི་ཙིའུ་དམར་པོའི་སྤྲུལ་པ་ཞིག་ཡིན་པར་གྲགས་”(30)ཞེས་ཡམ་ཤུད་དམར་པོ་དང་ཙིའུ་དམར་པོ་ངོ་བོ་གཅིག་ཡིན་པར་གསུངས་པས།    རྒྱལ་པོ་པེ་ཧར་དང་གནོད་སྦྱིན་ཅིའུ་དམར་པོ་ངོ་བོ་གཅིག་ཡིན་པ་རིག་པས་སྒྲུབ་ཐུབ།   
        འོན་ཀྱང་གནོད་སྦྱིན་ཙིའུ་དམར་པོ་དང་པེ་ཧར་རྒྱལ་པོ་གཉིས་ཀྱི་ཐོག་མའི་འབྱུང་ཁུངས་དང་དམ་ལ་བཏགས་ཚུལ་སོགས་ཀྱི་སྐོར་ལ་ཡིག་ཆ་ཁག་གི་ནང་དུ་མི་གཅིག་པ་ཡིན་ཞིང་། སྐུའི་ཆ་བྱད་སོགས་ཀྱང་ཐ་དད་ཡིན་མོད།   ད་ལྟའི་བསམ་ཡས་པེ་ཧར་ལྕོག་ཏུ་ལྷ་དེ་གཉིས་མཉམ་དུ་བཞུགས་ཡོད་པས་ངོ་བོ་གཅིག་ཡིན་པར་ཁས་ལེན་དཀའ་བ་ཡིན།   ལྷག་པར་དུ་བསྟན་སྲུང་གི་སྐོར་འཁོད་པའི་ཡིག་ཆའི་ནང་དུ་པེ་ཧར་རྒྱལ་པོ་དང་གནོད་སྦྱིན་ཙིའུ་དམར་པོ་ནི་ཐ་དད་ཀྱི་ཚུལ་དུ་འཁོད་ཅིང་། ནང་དོན་ཕན་ཚུན་བསྡུར་བ་བཏང་སྐབས་སྤྱིར་བཏང་ནས་ཐ་དད་ཡིན་པར་ར་སྤྲོད་ཐུབ། མ་ཟད་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་《ཟ་ཧོར་གྱི་བན་དེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་》ནང་དུ།   “ཁྱད་པར་རྒྱལ་པོ་པེ་ཧར་དང་གནོད་སྦྱིན་ཙིའུ་དམར་བས་ཐོག་དྲངས་གཙུག་ལག་ཁང་གི་སྲུང་མ་རྙིང་པ་ཀུན་ལ་གཏོར་མ་ཕུལ་ཞིང་ཆོས་འཁོར་སྐྱོང་བར་ཡང་སྐྱོར་དུ་དམ་བསྒྲིགས་(31)ཞེས་ཐ་དད་ཀྱི་ཚུལ་དུ་འཁོད་འདུག  གཞན་སྲུང་མ་འདི་གཉིས་ཐ་དད་ཡིན་ཞིང་དཔོན་བློན་གྱི་འབྲེལ་བ་ཡིན་པའི་སྐོར་ལ་《པེ་ཧར་དཔོན་བློན་གྱི་གསོལ་མཆོད་》ལས།   “ཧཱུཾ། འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་གྲུ་འཛིན་པ།   །དྲེགས་པའི་སྡེ་དཔོན་སུམ་ཅུའི་ནང་ཚན་ནས། །དཔེ་ཧར་རྒྱལ་པོ་སྐུ་ལྔ་གསང་ཡུམ་དང་།  །བློན་པོ་འཁོར་ཚོགས་རྒྱ་མཚོ་ད་ཚུར་བྱོན། །ཁྱད་པར་དགྲ་ལྷ་སྐྱེས་གཅིག་གསུང་གི་རྒྱལ། །བློན་པོ་རྡོ་རྗེ་གྲགས་ལྡན་མཐུ་རྩལ་ཅན། །སྐུ་ལྔའི་རྣམ་རོལ་གཅིག་ཏུ་མ་ངེས་པར།  །སྟོན་མཛད་སྤྲུལ་པའི་ཆོས་རྒྱལ་གནས་འདིར་གཤེགས།   །ཁྲག་གི་སྒོ་ང་བདུན་ལས་ཉེར་བརྡོལ་བའི།  །བཙན་རྒོད་དམག་དཔོན་འབར་བ་སྤུན་བདུན་དང་།   །ཁྱད་པར་ཙིའུ་དམར་པོ་ཡང་ལེ་བེར།  །ཕོ་ཉ་མངགས་གཞུག་འཁོར་བཅས་གནས་འདིར་བྱོན།།”(32)ཞེས་ཙིའུ་དམར་པོས་གཙོས་པའི་བཙན་རྒོད་འབར་བ་སྤུན་བདུན་ནི་པེ་ཧར་རྒྱལ་པོའི་བློན་པོ་ཡིན་པར་བསྟན།   
འོན་ཀྱང་ས་སྐྱའི་བླ་མ་ངག་དབང་ཀུན་དགའ་བསོད་ནམས་སོགས་སྐྱེས་ཆེན་དམ་པ་ཁ་ཅིག་གིས་གནོད་སྦྱིན་ཙིའུ་དམར་པོ་དང་པེ་ཧར་རྒྱལ་པོ་འདི་གཉིས་བསམ་ཡས་གཙུག་ལག་ཁང་གི་སྲུང་མར་གྱུར་ཚུལ་རྟོགས་བརྗོད་ལྟ་བུ་གཅིག་མཚུངས་ཀྱི་ཚུལ་དུ་བཀོད་འབྲི་བྱས་པ་ནི་ཕལ་ཆེར་སྲུང་མ་ཕན་ཚུན་རྒྱབ་རྟེན་དང་གཙིགས་ཆེ་ཆུང་འདྲ་མཉམ་གཏོང་བའི་ཆེད་དུ་ཡིན་པར་སེམས།  མ་ཟད་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞེས་པ་ཡང་སངས་རྒྱས་རྣམས་རང་ཉིད་སངས་རྒྱས་ཟིན་པའི་རྗེས་སུ་སེམས་ཅན་གྱི་དོན་དུ་གང་ལ་གང་འཚམས་པའི་སྤྲུལ་པ་སྣ་ཚོགས་བསྟན་ནས་དོན་མཛད་པ་ཡིན་ཞིང་། སྤྲུལ་པས་ཀྱང་སྤྲུལ་པ་གཞན་ལ་སྤྲུལ་ཏེ་ཡང་སྤྲུལ་གྱི་རྣམ་པ་བསྟན་པ་ཡིན་པས།   གནོད་སྦྱིན་ཙིའུ་དམར་པོ་དང་པེ་ཧར་རྒྱལ་པོའི་དབར་གྱི་འབྲེལ་བ་རྙོག་འཛིན་ཆེ་བ་ཡང་ཕལ་མོ་ཆེར་དེའི་ཁྱད་ཆོས་ཡིན་པར་སྣང་། 
        བདུན་པ། ཙིའུ་དམར་པོའི་གནས་ཡུལ་གཞན་འགའ་ཞིག་བསྟན་པ།   
        གནོད་སྦྱིན་ཙིའུ་དམར་པོའི་སྐུ་སྐྱེ་གོང་མ་འདི་ཐོག་མར་ལྷོ་འཛམ་བུ་གླིང་བྱང་ཕྱོགས་ཀྱི་བདེ་སྐྱིད་ནོར་བུའི་ཞིང་ཁམས་སམ་ལི་ཡུལ་ལྕང་ར་སྨུག་པོར་འཁྲུངས་ཤིང་།  སྐུ་བཀྲོངས་པའི་རྗེས་སུ་ཙིའུ་དམར་པོར་སྐྱེས་ཏེ་རྒྱ་གར་མེ་འབར་གྱི་དུར་ཁྲོད་ཆེན་པོར་གནས་པ་དང་།  བོད་དུ་ཕེབས་རྗེས་སྔ་ཕྱིར་ས་སྐྱ་པ་དང་བསམ་ཡས་གཙུག་ལག་ཁང་གི་སྲུང་མ་མཛད་པ་ཡིན། དེར་བརྟེན་ཀུན་དགའ་བློ་གྲོས་ཀྱི་གསུང་སྒྲོས་ལས། “དེའི་དཔྲལ་བར་ཨོཾ།  མགྲིན་པར་ཨཱཿ  ཐུགས་ཀར་ཧཱུྃ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་ཨུ་རྒྱན་མཁའ་འགྲོའི་གླིང་དང་།    དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། འཕགས་ཡུལ་མེ་འབར་གྱི་དུར་ཁྲོད། ལི་ཡུལ་ལྕང་ར་སྨུག་པོ།  དཔལ་ས་སྐྱའི་གཙུག་ལག་ཁང་ལ་སོགས་པ”(33)ཞེས་ཙིའུ་དམར་པོའི་གནས་ཡུལ་གསལ་པོར་བསྟན་འདུག  
        1.ལི་ཡུལ་ལྕང་ར་སྨུག་པོ་ནི་《གཏེར་ཡིག་སྤུ་གྲི་དམར་པོ་སྙིང་གི་རྒྱུད་》དུ་འཁོད་པའི་ལྷོ་འཛམ་བུ་གླིང་གི་བྱང་ཕྱོགས་སུ་གནས་པའི་བདེ་སྐྱིད་ནོར་བུའི་ཞིང་ཁམས་ལ་ཟེར་བ་ཡིན།  དེ་ཡང་དུས་རྒྱུན་དུ་ལི་ཡུལ་ཞེས་ཐོས་པ་ཙམ་གྱིས་མི་རྣམས་ཀྱིས་བོད་ཀྱི་བྱང་ཕྱོགས་སུ་ཡོད་པའི་ཡུལ་ལ་གོ་བ་ཡིན་ཏེ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་《དེབ་ཐེར་དཀར་པོ་》ཡི་ནང་། “དེས་ན་ལི་ཡུལ་དེ་ནི་བོད་ཀྱི་བྱང་རྒྱབ་དང་། ཨུ་རུ་སུའི་ལྷོ་མཐར་ཆགས་པའི་ཡུལ།  རྒྱ་གར་སྐད་དུ་ཀཾ་ས་དེ་ཤ།  ཡུལ་གཞན་དུ་ཏུར་ཀི་སྠཱན་དང་།  རྒྱ་ནག་པས་སིན་ཇང་དུ་འབོད་པ་འདི་ཡིན་ཏེ།   འདིའི་ཤར་མཐའ་མཚོ་སྔོན་པོའི་བྱང་རྒྱབ་དང་འབྲེལ་ཞིང་། ནུབ་ཀྱི་མཐའ་ནི་མངའ་རིས་བླ་དྭགས་ཕྱོགས་དང་ཚོང་འགྲུལ་ཡོད་པའི་ཡར་ཀན་བྱ་བ་དེ་ཡིན་ལ། སྔར་ཕྱོགས་འདིར་བསྟན་པ་རྒྱ་ཆེར་དར་བ་ལས།   སྲོང་བཙན་གྱི་སྐུ་དུས་ཙམ་ན་ཆོས་བསྣུབས་ཏེ།   དགེ་སློང་རྣམས་བོད་དང་རྒྱ་གར་དུ་བྲོས། དེ་ནས་བཟུང་ཀླ་ཀློའི་རྒྱལ་ཁམས་ཀྱི་ལྟེ་བ་ལྟ་བུར་གྱུར་ཏེ་ཡོད་ཅིང་། ད་དུང་ཡང་གོ་ཤྲངྒོ་གླང་རུའི་གཙུག་ལག་ཁང་གི་ཤུལ་དང་། གཞན་ཡང་མཆོད་རྟེན་ཞིག་པོ་དང་སྔོན་གྱི་དགོན་རོ་ཤིན་ཏུ་མང་བ་ཡོད་འདུག    ཡུལ་འདིའི་མི་རིགས་རྣམས་སོག་རྒྱུད་ཡིན་པས།  ཀུན་མཁྱེན་ཀློང་ཆེན་པས།    ལྕང་རྭ་སྨུག་པོ་ལ་སོགས་པའི་སོག་ཡུལ་ཞེས་གསུངས་པ་ཡིན་”(34)ཞེས་ལི་ཡུལ་གྱི་ཁྱབ་ཁོངས་དང་སངས་རྒྱས་བསྟན་པ་དེ་སྔོན་དར་ཁྱབ་ཆེ་བའི་སྐོར་འཁོད་འདུག  གནོད་སྦྱིན་ཙིའུ་དམར་པོའི་སྐྱེ་བ་གོང་མ་ལི་ཡུལ་གྱི་རྒྱལ་པོ་གསང་བ་ཡི་སྲས་སུ་སྐུ་འཁྲུངས་ཤིང་།  མིང་ལ་ལི་སྲས་འཕྱོར་བ་ཞེས་བཏགས་པ་ཡིན། རྒྱལ་སྲས་ནི་དད་པའི་སེམས་ཀྱིས་གཡོས་ཏེ་དགེ་སློང་ཙནྡྲ་བྷ་དྲའི་དྲུང་དུ་སོ་ཐར་གྱི་སྡོམ་པ་མནོས། དེ་ལྟར་སྙན་འཇེབས་ལྡན་པའི་སྒྲུང་གི་ནང་དུ་འཁོད་པའི་ས་མིང་ནི་ལོ་རྒྱུས་ཐོག་དོན་དངོས་བྱུང་མྱོང་བ་ཡིན་ཞིང་། སྐབས་དེ་དུས་ཡུལ་འདིར་སངས་རྒྱས་བསྟན་པ་དར་ཁྱབ་ཤིན་ཏུ་ཆེ་བ་ཡིན་སྟབས།  ལྷ་ཡི་འབྱུང་ཁུངས་བསྟན་པའི་སྐབས་སུ་སངས་རྒྱས་བསྟན་པ་དར་ཁྱབ་ཆེ་བའི་ས་ཆ་ཞིག་འདེམས་ཏེ་གཏམ་རྒྱུད་ལྟ་བུར་གྲགས་པ་ནི་ཕལ་ཆེར་ལུགས་དང་མཐུན་པར་སེམས།  
        2.རྒྱ་གར་མེ་འབར་གྱི་དུར་ཁྲོད་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་པ་གནང་སའི་གནས་ཤིག་ཡིན་ཏེ། གཉའ་རི་དམར་ནག་ཟུར་གསུམ་གྱི་མདུན་དང་།   སྲིན་མཚོ་ཁོལ་མ་མེ་ལྕེ་རིས་ཀྱི་འགྲམ་དུ་བྲག་དམར་པོ་སྲིན་པོ་ལང་པ་འདྲ་བ་ཅིག་ཡོད་པ་འདི་ཡིན།  སློབ་དཔོན་གྱིས་དུར་ཁྲོད་འདི་ཉིད་དུ་གནོད་སྦྱིན་ཙིའུ་དམར་པོ་སླར་ཡང་དམ་ལ་བཏགས་པ་ཡིན་ཏེ་ངག་དབང་ཀུན་དགའ་བསོད་ནམས་ཀྱིས།  “གསང་སྔགས་ཟབ་མའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་དགོངས་པ་མཛད་ཀྱིན་བཞུགས་པ་ལས་དུས་ཅིག་གི་ཚེ་ནམ་གྱི་སྲོད་ལ་བབས་པ་ན་གནོད་སྦྱིན་ཙིའུ་དམར་གྱི་སྤྲུལ་པ།   སྤྱང་ཁྱི་ཆེན་པོ་ཁྲག་གི་རལ་པ་ཅན་བདུན་བྱུང་སྟེ།   དེ་དག་ངུ་ཞིང་སློབ་དཔོན་ལ་བར་དུ་གཅོད་པའི་ཆོ་འཕྲུལ་སྣ་ཚོགས་བྱེད་དུ་བྱུང་བ་ན།  སློབ་དཔོན་གྱིས་དཔལ་རྟ་མགྲིན་གྱི་ཏིང་ངེ་འཛིན་དུ་བཞུགས་ཏེ།   ཕྱག་གཡས་ཀྱི་རྡོ་རྗེ་འཕྱར་ཞིང་སྟིགས་པར་མཛད་པས།   སྔར་གྱི་སྤྱང་ཁྱི་བདུན་པོ་དེ་རྟ་པ་བདུན་དུ་གྱུར་ནས།  སློབ་དཔོན་ལ་ཕྱག་འཚལ་ཞིང་བཟོད་གསོལ་བྱེད་དུ་བྱུང་ངོ”(35)ཞེས་དང་། “སློབ་དཔོན་རབ་ཏུ་དགེས་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་རྒྱས་པར་བསྐུར་བར་མཛད་ནས་གསང་མཚན་བཏགས་པ་ནི་ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ་ཞེས་བྱའོ།   དེ་ནས་སློབ་དཔོན་གྱི་སྤུ་གྲི་དམར་པོ་སྙིང་གི་རྒྱུད་ལེའུ་བདུན་གྱི་བདག་ཉིད་ཅན་གཏེར་ནས་བཞེས་ཏེ་གནོད་སྦྱིན་རྒྱལ་པོ་འདི་ཉིད་སློབ་་དཔོན་གྱི་ཆོས་སྐྱོང་བའི་སྲུང་མར་མཛད་ཅིང་མངའ་གསོལ་ལོ་”(36)ཞེས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་མེ་འབར་དུར་ཁྲོད་དུ་གནོད་སྦྱིན་ཙིའུ་དམར་པོ་སླར་ཡང་དམ་ལ་བཏགས་པ་ཡིན།  
        3.ནོད་སྦྱིན་ཙིའུ་དམར་པོ་ནི་བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ལམ་འབྲས་སམ་ས་སྐྱ་པའི་བསྟན་སྲུང་གལ་ཆེན་ཞིག་ཡིན་ཏེ་《དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་བཀའ་སྲུང་དང་བཅས་པའི་བྱོན་ཚུལ་ལེགས་པར་བཤད་པ་ཆོས་སྐྱོང་ཡིད་བཞིན་ནོར་བུ་དགེས་པར་བྱེད་པའི་ཡིད་འཕྲོག་ལྷའི་རོལ་མོ་དགོས་འདོད་ཀུན་འབྱུང་》ལས། “དེ་ལྟར་འཇམ་དབྱངས་མི་ཡི་གཟུགས་འཛིན་པའི།།   སྐྱེས་མཆོག་མཆེད་ལའང་མཐུ་ལྡན་གནོད་སྦྱིན་ཁྱོད།།  རྟག་ཏུ་འཕྲིན་ལས་སྒྲུབ་ལ་བྲན་བཞིན་གྱུར།།   དེས་ན་དང་པོ་བཅོམ་ལྡན་རྟ་མགྲིན་དང་།།   བར་དུ་སློབ་དཔོན་པདྨ་འབྱུང་གནས་ཞབས།།    ཐ་མར་འཁོན་སྟོན་ས་སྐྱའི་རྗེ་བཙུན་མཆོག།  རིམ་པར་བྱོན་པ་རྣམས་དང་ཁྱད་པར་དུ། འགྲན་བྲལ་སྤྲུལ་པའི་སྐྱེས་མཆོག་སྔགས་འཆང་རྗེ།།”(37)ཞེས་ས་སྐྱའི་རྗེ་བཙུན་མཆོག་གིས་བསྟེན་པའི་སྐོར་འཁོད་ཅིང་།   དེ་ལྟར་བསྟེན་དགོས་པའི་བརྒྱུད་རིམ་དང་རྒྱུ་མཚན་སྐོར་ལ་གོང་གི་ཡིག་ཆ་ལས། “ཁྱད་པར་མཁན་པོ་བོ་དྷེ་སཏྭ་ཉིད་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་།  དཔལ་བསམ་ཡས་ཉམས་པ་གསོ་བ་ལ་བསམ་བཞིན་དུ་བྱོན་པའི་འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནས་བཟུང་།    སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་དམ་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཡབ་སྲས་ཀྱི་བར་དུ་བྱོན་པའི་ས་སྐྱ་པའི་གདུང་བརྒྱུད་འཁྲུལ་པའི་དྲི་མ་དང་བྲལ་བ་ཐམས་ཅད་ཀྱི་གསུང་ལས་ཀྱང་།   བསམ་ཡས་ཆོས་སྐྱོང་ཆེན་པོ་འདི།   ས་སྐྱ་པའི་འཕྲིན་ལས་ཀྱི་མགོན་པོ་པུ་ཏྲ་དམར་པོ་ཡིན་ཞེས་མགྲིན་གཅིག་ཏུ་བཀའ་སྩོལ་བར་མཛད་པ་དང་།  མདོར་ན་ཆོས་སྐྱོང་ཆེན་པོ་འདི་ཉིད་ནི་སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་བསྟན་པ།  བསྟན་འཛིན།  གཙུག་ལག་ཁང་དང་བཅས་པའི་སྐོར་སྲུང་མཛད་ཅིང་བརྟན་པར་བཞུགས་པར་ཡོངས་སུ་གྲགས་ཤིང་མངོན་སུམ་དུ་གྲུབ་པ་འདིས་ཕྱིར”(38)ཞེས་ས་སྐྱའི་བླ་མ་བསོད་ནམས་རྒྱལ་མཚན་ནས་བཟུང་གནོད་སྦྱིན་ཙིའུ་དམར་པོ་འདི་ཉིད་བསྟེན་པ་ཡིན་ཞིང་། མཚན་གཞན་མགོན་པོ་པུ་ཏྲ་དམར་པོ་ཞེས་འབོད་པ་ཡིན།  
        4.བསྟན་རྒྱས་གླིང་ནི་ལྷ་སའི་གླིང་བཞིའི་ཡ་གྱལ་ཡིན་ཞིང་། ད་ལྟའི་ཆར་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ནུབ་ངོས་དང་ལྗོངས་སྨན་རྩིས་ཁང་གི་རྒྱབ་ངོས་སུ་ཆགས་ཡོད།  གླིང་འདི་ཉིད་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ལོ་སྟེ་སྤྱི་ལོ་672ལོར་དེ་མོ་བདེ་ལེགས་འཇམ་དཔལ་རྒྱ་མཚོས་བོད་ཀྱི་སྲིད་སྐྱོང་གནང་བའི་སྐབས་སུ་ཕྱག་བཏབ་ཅིང་།   མཚན་ལ་དགའ་ལྡན་གསང་སྔགས་དགའ་ཚལ་ཞེས་བཏགས།  ཕྱིས་སུ་གོང་མ་ཆན་ལུང་གིས་བསྟན་རྒྱས་གླིང་ཞེས་མཚན་གསོལ།    ལྷ་སའི་གླིང་ཁག་གཞན་ཚེ་སྨོན་གླིང་དང་།  ཀུན་བདེ་གླིང་། ཚེ་མཆོག་གླིང་མཉམ་དུ་ལྷ་སའི་གླིང་བཞི་ཞེས་གྲགས།  ལྷ་ས་བ་ཞིག་ཡིན་ཕྱིན་བསྟན་རྒྱས་གླིང་གི་བསམ་ཡས་ཙིའུ་དམར་པོ་ཞེས་ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་རྒྱས་ཤིང་།  ཆང་དང་ཨ་རག་བསྣམས་ཏེ་ལྷ་ལ་གསོལ་མཆོད་འབུལ་བའི་ལུགས་སྲོལ་དར་ཁྱབ་ཆེ་བ་ཡིན།   ད་ལྟ་བསྟན་རྒྱས་གླིང་ནི་བསམ་ཡས་དགོན་པའི་དགོན་ལག་ཡིན་ཞིང་།   ལོ་ལྟར་བསམ་ཡས་ནས་དགེ་འདུན་པ་བཏང་སྟེ་སྲུང་མར་འཕྲིན་བཅོལ་མཛད་པ་དང་།  དགེ་འདུན་པ་ནི་ལོ་རེར་ཐེངས་གཅིག་བརྗེ་སྲོལ་ཡོད།   
        དེ་ཡང་གོང་དུ་ཞུས་པའི་གནས་དང་དགོན་པ་ཁག་ལ་གནོད་སྦྱིན་ཙིའུ་དམར་པོ་བཞུགས་པའི་སྐོར་ནི་དམིགས་སུ་བཀར་ནས་གླེང་བ་ཙམ་ལས། གཞན་ད་དུང་དགོན་པ་མང་པོར་བསྟེན་སྲོལ་ཡོད་དེ།  ཀུན་བདེ་གླིང་དང་སེ་ར་ཐེག་ཆེན་གླིང་སོགས་སུ་ཡང་སྲུང་མ་འདི་ཉིད་བཞུགས་པ་མ་ཟད།  འཕྲིན་བཅོལ་བ་སྲོལ་ཡང་ཡོད་པ་ཡིན།   
        མདོར་ན། གནོད་སྦྱིན་ཙིའུ་དམར་པོ་ནི་འཇིག་རྟེན་པའི་ལྷ་གཙོ་བོ་ཞིག་ཡིན་ཞིང་།   པེ་ཧར་རྒྱལ་པོའི་ཕྱིས་སུ་བསམ་ཡས་གཙུག་ལག་ཁང་གི་བསྟན་སྲུང་གཙོ་བོར་གྱུར་བ་ཡིན།  འོན་ཀྱང་།  སྲུང་མ་འདི་ཉིད་ཀྱི་ལོ་རྒྱུས་རྙོག་འཛིན་ཆེ་བ་མ་ཟད།  གོ་བ་ལེན་དཀའ་བ་ཡིན།  དེར་བརྟེན།  ཁོ་བོས་《གཏེར་ཡིག་སྤུ་གྲི་དམར་པོ་སྙིང་གི་རྒྱུད་》དང་སླེ་ལུང་བཞད་པའི་རྡོ་རྗེའི་《དམ་ཅན་བསྟན་སྲུང་གི་རྣམ་ཐར་》སོགས་གཙོ་བོར་བཟུང་བ་དང་། གཞན་སྲུང་མའི་བསྐང་གསོ་ཁ་ཅིག་དང་དམངས་ཁྲོད་ཀྱི་ཤོད་སྲོལ་དབར་འབྲེལ་བ་བྱས་ཏེ་བསྟན་སྲུང་འདི་ཉིད་ཀྱི་སྐོར་ལ་རང་ནུས་གང་དཔོག་གིས་གླེང་ཁུལ་བྱས་ཡོད།།
མཆན་འགྲེལ་དང་དཔྱད་གཞིའི་ཡིག་རིགས།   
①ནོར་བྲང་ཨོ་རྒྱན་གྱིས་ཕྱོགས་བསྒྲིགས་ཞུས། 《རྙིང་མའི་ཞལ་འདོན་ཕྱོགས་བསྒྲིགས་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011.  P75.   
②⒄ཀློང་རྡོལ་ངག་དབང་བློ་བཟང་།  《བསྟན་སྲུང་དམ་ཅན་རྒྱ་མཚོའི་མཚན་ཐོ་》 ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ།   པོད་2བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2002.P454. P457.དེ་ཡང་ལྷ་སྲིན་སྡེ་བརྒྱད་ཀྱི་སྐོར་ལ་ལྷ་འདྲེ་བཀའི་ཐང་ཡིག་ནང་། ཕྱི་ནང་གསང་བའི་ལྷ་མ་སྲིན་སྡེ་བརྒྱད༔ སྦས་ཡུལ་གཤོང་པོ་ཧོང་པོར་ཚོགས་ཤིང་འདུས༔ ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་མྱུར་མགྱོགས་བརྒྱད༔ འགོང་པོ༔  ཐེའུ་བྲང་༔  ང་ཡམ༔  ས་བདག༔  ཡུལ་ལྷ༔  སྨན༔ བཙན༔ ཀླུ་དང་བརྒྱད་དོ༔ ནང་གི་ལྷ་མ་སྲིན་སྡེ་བརྒྱད་རང་རྒྱུད་བརྒྱད༔ སྲོག་བདག༔ མ་མོ༔  གཤིན་རྗེ༔ བདུད༔  གནོད་སྦྱིན༔ དམུ༔  དགྲ་ལྷ༔ དགོང་པོ་དང་བརྒྱད་དོ༔ གསང་བའི་ལྷ་མ་སྲིན་སྡེ་བརྒྱད༔ གཟའ་མཆོག་བྱི་ཏྲི་པ་ཏ་དང་༔ ལྗང་སྔོན་དྲག་པོ༔ དུ་བ་མཇུག་རིངས༔ འབར་བ་ར་ཙ༔ སྒྲ་གཅན་འཛིན༔ བྱི་ནུ་ར་ཙ༔ རཱ་ཧུ་ལ༔ ཁྱབ་འཇུག་ཆེན་པོ་དང་བརྒྱད་དོ༔ ཞེས་འཇིག་རྟེན་དྲེགས་པའི་ལྷ་སྲིན་སྡེ་བརྒྱད་ལ་ཕྱི་ནང་གསང་གསུམ་དུ་དབྱེ་བ་ཡིན་པ་གསལ་པོར་བསྟན་འདུག   
③ཨུ་རྒྱན་གླིང་པས་གཏེར་ནས་བཏོན། 《བཀའ་ཐང་སྡེ་ལྔ་》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011.P46.   
④མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ལྟེ་གནས་ཞབས་ཞུ་ཁང་གིས་བསྒྲིགས། 《རྙིང་མ་བའི་ཞལ་འདོན་གཅེས་བཏུས》 2003.P166.  
⑤⑥⑦⑩པདྨ་དབང་རྒྱལ་གྱིས་གཏེར་ནས་བཏོན། 《སྤུ་གྲི་དམར་པོ་སྙིང་གི་རྒྱུད་》 གཏེར་ཡིག   
⑧⑨⑾⒁⒂(29) སླེ་ལུང་བཞད་པའི་རྡོ་རྗེ། 《དམ་ཅན་བསྟན་སྲུང་གི་རྣམ་ཐར་》 མི་རིགས་དཔེ་སྐྲུན་ཁང་། 2003.P375. P376. P378. P371. P380. P330.   
⑿པདྨ་གར་དབང་བློ་གྲོས་མཐའ་ཡས། 《རྟ་མགྲིན་གསང་བ་འདུས་པའི་བཀའ་སྲུང་གནོད་སྦྱིན་ཤན་པ་དམར་ནག་གི་འཕྲིན་ལས་རྗེས་གནང་དང་བཅས་པ་གློག་ཞགས་འཁྱིལ་བ་》རིན་ཆེན་གཏེར་མཛོད་ཆེན་མོ་པོད་61ཤིང་དཔར།   
⒀(28)(35)(36)(37)(38)ངག་དབང་ཀུན་དགའ་བསོད་ནམས།《དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་བཀའ་སྲུང་དང་བཅས་པའི་བྱོན་ཚུལ་ལེགས་པར་བཤད་པ་ཆོས་སྐྱོང་ཡིད་བཞིན་ནོར་བུ་དགེས་པར་བྱེད་པའི་ཡིད་འཕྲོག་ལྷའི་རོལ་མོ་དགོས་འདོད་ཀུན་འབྱུང་》ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ།  པོད་4ཤིང་དཔར།  གནོད་སྦྱིན་ཙིའུ་དམར་པོ་བྷ་ཏ་ཧོར་གྱི་སྦོམ་གྲྭ་ནས་བསམ་ཡས་སུ་སྤྱན་དྲངས་པའི་སྐོར་ལ་དེ་ལྟར་འཁོད་ཡོད་དེ། “དེ་ནས་གྲུ་ཁུ་དང་རྒྱ་ནག་གི་རྒྱལ་ཁམས་ཐམས་ཅད་བཅོམ། ཧོར་གྱི་སྒོམ་གྲྭ་བར་ལ་བཅོམ་ནས། བ་སའི་ལྷ་ཁང་དང་། ཤིང་དུང་དཀར་པོ་རྒྱང་གྲགས་དང་། ཅ་ལང་དང་། དྲེ་རྔོག་ལ་སོགས་པ་སྐོར་ཆས་ཐམས་ཅད་ཁྱེར། རྒྱལ་པོ་པེ་དཀར་གྱི་སྐུ་དང་།  ཤེལ་གྱི་སེང་གེ་དང་།  སྦལ་པ་ལ་སོགས་པ་རིན་པོ་ཆེའི་སྤྱད་པ་རྒྱལ་པོ་ཆགས་པའི་རྟེན་རྣམས་དང་།  འཆམ་སྐུ་བསེ་འབག་དམར་པོ་གདན་དྲངས།  དམག་རྫས་ཆེན་པོ་དང་བཅས་རྒྱལ་བུ་ཡར་བྱོན་པའི་དུས་སུ་དམག་དཔོན་རྣམས་ཀྱི་ནང་ནས་ནང་བློན་ཆེན་པོ་ལྷ་བཟང་ཀླུ་དཔལ་དམག་སྡེ་དང་བཅས་པ་ཁྲི་བསྟན་འདུལ་བ་ལ་བསྐོས་སོ།  རྒྱལ་བུས་ཡར་བྱོན་ཏེ་ཕྱག་རྫས་རྣམས་ཡབ་རྒྱལ་པོ་ལ་ཕུལ་ལོ།  དེ་ནས་དགུང་ལོ་སུམ་ཅུ་སོ་ལྔ་ལ་མཆིང་ཕུ་བྲག་དམར་གྱེའུ་གོང་དུ་སློབ་དཔོན་ཆེན་པོ་པདྨའི་སྤྱན་སྔར་སྟིག་པ་ཐམས་ཅད་བཤགས།  རྡོ་རྗེ་གཞོན་ནུའི་དབང་དང་མན་ངག་གི་ངོ་སྤྲོད་ཞུས་ཏེ་ཉམས་སུ་བླངས་པ་ལས། རྡོ་རྗེ་གཞོན་ནུའི་ཞལ་གཟིགས།   རྒྱལ་པོ་ཡབ་སྲས་ཀྱི་ཐུགས་དགོངས་མཐར་ཕྱིན་ནས་རྒྱལ་ཁམས་བདེ་བ་ལ་བཀོད།    དེ་ལྟར་བྷ་ཏ་ཧོར་གྱི་བསྒོམ་གྲྭ་ནས་ཁྱེར་བའི་གོང་དུ་བཤད་པ་ལྟར་གྱི་ཀ་ཅ་རྣམས་ཀྱི་རྗེས་སུ་འབྲངས་པའི་ཚུལ་གྱིས་ཆོས་སྐྱོང་ཆེན་པོ་འདི་ཉིད་དཔལ་བསམ་ཡས་སུ་བྱོན་པ་ཡིན་” ཞེས་བསམ་ཡས་གཙུག་ལག་ཁང་གི་བསྟན་སྲུང་དུ་བསྐོས་པ་ཡིན།    ⒃(30)沃杰科维茨, 谢继胜译:《西藏的神灵和鬼怪 怪》 , 拉萨: 西藏人民出版社, 1996年, 第89、191页.  此处引文为笔者翻译。   
⒅《གནོད་སྦྱིན་བཙན་རྒོད་རོལ་པ་སྐྱ་བདུན་གྱི་གཉེར་གཏད་བཅོལ་གཏམ་ཡིད་བཞིན་འཁོར་ལོ་》 བདུད་འཇོམས་གླིང་པ། པོད་9གཏེར་ཡིག   
⒆གུ་གེ་ཚེ་རིང་རྒྱལ་པོ། 《ལྷ་སའི་གྲིབ་རྫོང་བཙན་གྱི་སྐོར་རགས་ཙམ་གླེང་བ》 《གུ་གེ་ཚེ་རིང་རྒྱལ་པོའི་ཆེད་རྩོམ་ཕྱོགས་བསྒྲིགས་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2005.P353 .  
⒇(33)ཀུན་དགའ་བློ་གྲོས།  《 ཙིའུ་དམར་པོའི་གཏོར་བསྔོ་བསྡུས་པ་》 ཀུན་དགའ་བློ་གྲོས་ཀྱི་གསུང་འབུམ།    པོད་6ཤིང་དཔར།   
(21)(22)(34)དགེ་འདུན་ཆོས་འཕེལ། 《དེབ་ཐེར་དཀར་པོ》《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།》   པོད་3བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2008.  P217.  P220.P221.   
(23)སྦ་གསལ་སྣང་།   《སྦ་བཞེད་》 ཞེས་པའི་ནང་དོན་བྱེ་བྲག  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010.P 111.  
(24)ནོར་བྲང་ཨོ་རྒྱན་གྱིས་ཕྱོགས་བསྒྲིགས་ཞུས།  《ས་སྐྱའི་ཞལ་འདོན་ཕྱོགས་བསྒྲིགས་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2009. P494.   
(25)(26)(27)དགེ་འདུན་རྒྱ་མཚོ།  《བསམ་ཡས་དབུགས་ཁང་ལས་འཕྲོས་པའི་གཏམ》 《ལྷོ་ཁའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་》 འདོན་ཐེངས་གསུམ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006.P57-58. P54-55.P58 – 59.   
(31)ངག་དབང་བློ་བཟང་རྒྱ་མཚོ།  《ཟ་ཧོར་གྱི་བན་དེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང་》 གླེགས་བམ་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989. P629.   
(32)《སེ་ར་ཐེག་ཆེན་གླིང་གི་ཆོས་སྤྱོད་ཕྱོགས་བསྒྲིགས་》སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།2007. P541. – 542.