ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

“ནང་འདྲེན་དངོས་མང་སྟོན་ཚོགས”ཐོག་གི་བོད་རིགས་ཕོ་གཞོན་ཞིག

སྤེལ་དུས 2019-11-13 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཏེ་ཧྭ་ཡི་རྫ་དང་དཀར་ཡོལ་དང་། ཧྲོའུ་ཧྲན་གྱི་རྡོ་བརྐོས། ཀྲང་ཀྲོའུ་ཡི་ཐམ་མཚལ། ཧྥུའུ་ཀྲོའུ་ཡི་ཚོན་རྫས་སོགས་འགྲེམས་སྟོན་བྱེད་ཡུལ་འདི་ནི་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་གསར་དུ་བཙུགས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་ཁུལ་ཧྥུའུ་ཅན་འགྲེམས་ཁང་རེད། བོད་ཆས་གྱོན་པའི་རིན་ཆེན་རྣམ་རྒྱལ་གྱིས་རང་ཉིད་འདི་གའི་ལས་དོན་པ་ཞིག་ཡིན་པའི་སྐོར་བརྗོད་སྐབས་མི་རྣམས་ཀྱིས་ཡ་མཚན་བྱེད་བཞིན་འདུག
          རིན་ཆེན་རྣམ་རྒྱལ་གྱི་རྒྱབ་ཀྱི་གྱང་ངོས་སུ་ཐང་ཀ་ཞིག་བཀལ་འདུག ཐང་ཀ་དེ་ནི་སྲོལ་རྒྱུན་གྱི་ཐང་ཀ་དང་མི་འདྲ་བར་པར་སྒྲོམ་ནང་དུ་བསྒྲིགས་འདུག ཞིབ་པར་ལྟ་སྐབས་མཐོང་སྣང་དོད་པའི་ཐང་ཀ་དེ་སྣུམ་ཞག་དོད་ལ། དབེན་འཇམ་ཁྲོད་ནས་ཞི་དུལ་བབ་ཆགས་ཀྱི་ཉམས་ཤིག་མངོན་ཡོང་གི་འདུག
          ད་བྱེད་དུས་དེ་ནི་ཧྥུའུ་ཅན་གྱི་སྲོལ་རྒྱུན་གྱི་བཀྲག་རྩིའི་རི་མོའི་ལག་རྩལ་ལ་བརྟེན་ནས་བྲིས་པའི་ཐང་ཀ་ཞིག་ཡིན་ཞིང་། ལོ་ངོ་སྟོང་གི་གངས་ལྗོངས་ཀྱི་སྲོལ་རྒྱུན་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཤར་ལྷོའི་རིག་གནས་མཉམ་འདྲེས་ལས་གསར་གཏོད་ཀྱི་མེ་ཏོག་ཅིག་འཆར་བ་ཡིན་འདུག
          “ངའི་ཧྥུའུ་ཅན་གྱི་རྒན་ལགས་ཀྱིས་དེ་ནི་ལོ་རྒྱུས་ཐོག་བཀྲག་རྩིའི་རི་མོའི་ཐང་ཀ་ནང་འདྲེན་དངོས་མང་སྟོན་ཚོགས་ལྟ་བུའི་རྒྱལ་སྤྱིའི་གར་སྟེགས་ཐོག་ཐོན་ཐེངས་དང་པོ་རེད་ཅེས་གསུང་གི་འདུག ངས་ཐང་ཀ་འདིའི་འབྲི་བཞེངས་ནང་དངོས་སུ་ཞུགས་པ་ཡིན”ཞེས་རིན་ཆེན་རྣམ་རྒྱལ་གྱིས་གསར་འགོད་པར་བཤད།
          ལོ་20ལ་སླེབས་པའི་རིན་ཆེན་རྣམ་རྒྱལ་བོད་ལྗོངས་ཆབ་མདོའི་ལྷ་འབྲི་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། ཁོང་གི་ཕ་ཡུལ་དུ་བོད་ཀྱི་ཐང་ཀའི་འབྲི་རྒྱུན་ཞིག་དར་ཁྱབ་ཆེ་བས། ལོ་7ནས་བཟུང་ཕའི་དྲུང་ནས་ཐང་ཀ་འབྲི་རྩལ་སྦྱོང་འགོ་ཚུགས། ལོ་གཅིག་གོང་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་ཁོང་ཧྥུའུ་ཅན་ཞིང་ཆེན་སྒྱུ་རྩལ་ཁང་གིས་ཞ་མོན་དུ་གཉེར་བའི་ཀྲུང་གོའི་བཀྲག་རྩིའི་རི་མོའི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོར་སློབ་སྦྱོང་བྱེད་པར་བཏང་།
          ཧྥུའུ་ཅན་ཞིང་ཆེན་སྒྱུ་རྩལ་ཁང་གི་ཀོན་ཀྲང་ཁྲེན་ཤིའུ་མེ་ཡིས་གསར་འགོད་པར་བཀྲག་རྩིའི་རི་མོའི་ལག་རྩལ་དང་སོ་ནམ་པའི་རི་མོ་ཟུང་འབྲེལ་བྱས་པ་དེ་ནི་ཉེ་བའི་ལོ་གསུམ་རིང་ཧྥུའུ་ཅན་དུ་གསར་དུ་ཐོན་ཙམ་གྱི་གནས་ཚུལ་གསར་པ་ཞིག་རེད། དེས་སོ་ནམ་པའི་རི་མོའི་འཚོ་གནས་ཁོར་ཡུག་སྔར་བས་རྒྱ་ཆེར་ཕྱིན་ཏེ། སོ་ནམ་པའི་རི་མོ་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འཕེལ་རྒྱས་དཔེ་མི་སྲིད་པ་བྱུང་ཡོད། ཧྥུའུ་ཅན་དང་ཆབ་མདོ་ནི་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་ཡིན་པས། རིན་ཆེན་རྣམ་རྒྱལ་ནི་ཐང་ཀ་དང་བཀྲག་རྩིའི་རི་མོ་ཟུང་འབྲེལ་བྱེད་སྟངས་འཚོལ་ཞིབ་བྱེད་མཁན་དང་པོར་གྱུར་ཡོད་ཅེས་བརྗོད།
          ཐང་ཀའི་སྒྱུ་རྩལ་པའི་ལྷིང་འཇགས་བག་ཕེབས་ཀྱི་གཤིས་ཀ་དང་ཧྥུའུ་ཅན་གྱི་དགེ་རྒན་གྱི་སློབ་སྟོན་ཟབ་མོའི་འོག་ཞ་མོན་དུ་ཉིན་40གསོ་སྦྱོང་དང་ནང་སྦྱོང་ལ་ཞུགས་རྗེས་རིན་ཆེན་རྣམ་རྒྱལ་གྱི་མིག་རྒྱང་ཡངས་སུ་ཕྱིན་ནས། བཀྲག་རྩིའི་རི་མོ་དང་ཐང་ཀ་ཟུང་འབྲེལ་གྱི་སྒོ་མོའང་ཕྱེ་ཐུབ་ཡོད།
          “བཀྲག་རྩིའི་རྒྱུ་ཆ་གསར་པ་སྤྱད་པས་ཐང་ཀར་བཞའ་ཚན་དང་ཧམ་སྤུ་རྒྱག་དོགས་སེམས་ཁྲལ་བྱེད་དགོས་མི་འདུག ཕྲ་འདེབས་པ་སོགས་ལག་རྩལ་སྤྱད་པས་ཐང་ཀ་དེ་བས་ཉམས་དང་ལྡན་པ་ཞིག་ཡོང་གི་འདུག ངས་བཀྲག་རྩིའི་རི་མོ་འབྲི་རྩལ་སྤྱད་ནས་བྲིས་པའི་ཐང་ཀ་སྤོ་བོ་དང་ཨ་ཕར་བསྟན་སྐབས། ཁོང་ཚོས་དེར་ལྟ་བས་མི་ངོམས་པའི་མཛེས་ཉམས་ཤིག་འདུག་ཅེས་བརྗོད་པ་དང་ང་ལ་མུ་མཐུད་ནས་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་སྐུལ་ལྕག་བྱས་བྱུང”ཞེས་རིན་ཆེན་རྣམ་རྒྱལ་གྱིས་བརྗོད།
          ཐང་ཀའི་སྒྱུ་རྩལ་རྒྱལ་ཡོངས་མཛེས་རྩལ་ལས་རིགས་ཀྱི་ཆུ་ཚད་མཐོ་ཤོས་ཀྱི་གྲས་སུ་སླེབས་པ་བྱ་རྒྱུ་དེ་ནི་རིན་ཆེན་རྣམ་རྒྱལ་གྱི་ཕུགས་བསམ་ཡིན་ལ། “ཐང་ཀ་འབྲི་མཁན་མང་དག་ཅིག་གི་འདུན་པའང་རེད”
          སྒྱུ་རྩལ་པའི་ཉམས་ཀྱིས་ཕྱུག་པའི་ཁམས་པའི་ཕོ་གཞོན་དེས་བཀྲག་རྩིའི་ཐང་ཀ་འབྲི་སྟངས་ཀྱི་ལམ་བུའི་ཐོག་གོམ་སྟབས་མགྱོགས་པོས་བསྐྱོད་བཞིན་མཆིས། འདི་ལོའི་ཟླ་7པར་ཧྥུའུ་ཅན་ཞིང་ཆེན་སྒྱུ་རྩལ་ཁང་གིས་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་དང་མཉམ་འབྲེལ་ཐོག་བཀྲག་རྩིའི་རི་མོའི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། རིན་ཆེན་རྣམ་རྒྱལ་གྱིས་ཧྥུའུ་ཅན་གྱི་རི་མོའི་དགེ་རྒན་གཉིས་ཀྱི་ལས་རོགས་དགེ་རྒན་བྱས། ཟླ་གཅིག་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། གསོ་སྦྱོང་ནང་ཞུགས་མཁན་ཆབ་མདོའི་ན་གཞོན་ལྷ་འབྲི་བ་10སློབ་མཇུག་སྒྲིལ་ནས་ཧྥུའུ་ཅན་དང་ཆབ་མདོས་ལག་གདང་སྦྲེལ་ནས་གཉེར་བའི་ས་ཁུལ་སྒྲོལ་བའི་སྒྱུ་རྩལ་ཤེས་ལྡན་པར་གྱུར་ཡོད། ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ཐོག་འགྲེམས་སྟོན་བྱས་པའི་ཐང་ཀའི་བརྩམས་ཆོས་འདི་ཉིད་ཆབ་མདོའི་ན་གཞོན་ལྷ་འབྲི་བ་10ཡི་སློབ་མཇུག་སྒྲིལ་བའི་བརྩམས་ཆོས་ཁྲོད་ཀྱི་སྣེ་གཅིག་རེད།
          ཧྥུའུ་ཅན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ལིན་ཧྲོའུ་ཆིང་གིས་རྒྱལ་སྤྱིའི་གར་སྟེགས་སྟེང་ཐོག་མར་བཤམས་པའི་བཀྲག་རྩིའི་རི་མོའི་ཐང་ཀ་དེ་ནི་མི་གཅིག་གི་བརྩམས་ཆོས་མིན་པ་དང་ས་ཁུལ་སྒྲོལ་བའི་སྒྱུ་རྩལ་གྱི་གསར་གཏོད་ཁོ་ནའང་མིན་པར། དེ་ནི་ཀྲུང་གོའི་དུས་རབས་གསར་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། གལ་ཏེ་ཀྲུང་གོར་ཡུན་རིང་བརྟན་ལྷིང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མེད་པ་དང་། མི་རིགས་ཁག་དབར་སྤུན་ཟླ་ལྟར་གྱི་མཐུན་སྒྲིལ་རོགས་རེས་ཀྱི་བརྩེ་བ་མེད་པ། མངོན་མིན་རིག་གནས་ཤུལ་བཞག་གིས་གཙོས་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་མེད་ན། བཀྲག་རྩིའི་རི་མོའི་ཐང་ཀ་ནི་ཐོན་ཐབས་བྲལ་བ་ཞིག་རེད་ཅེས་བརྗོད།
          “རིན་ཆེན་རྣམ་རྒྱལ་གྱི‘ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འགྲུལ་བཞུད’ནི་དུས་དང་མཐུན་པ་དང་ཆ་རྐྱེན་འཛོམས་ན་བྱ་བ་ལྷུན་གྱིས་གྲུབ་པ་ལྟ་བུ་རེད”ཅེས་ལིན་ཧྲོའུ་ཆིང་གིས་བརྗོད།
རྩོམ་སྒྲིག་པ། བདེ་སྒྲོལ།