ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཁང་དམར་དགོན།

སྤེལ་དུས 2019-10-30 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།
1 དགོན་པའི་མཚན་བྱུང་ཚུལ།
              དགོན་སྡེ་འདིའི་མཚན་ལ་འགྱུར་བ་འགའ་བྱུང་བས། ཐོག་མར་ཚུགས་པའི་སྐབས་ཀྱི་མཚན་ལ་རྒྱལ་དེའུ་དགེ་དགོན་ཚེ་བརྟན་གླིང་ཞེས་གསོལ་བར་གྲགས། དེ་རྗེས་དགོན་གཞི་ལྷ་རྒྱལ་གླིང་དུ་སྤོས་ཏེ་སོ་མང་རྒྱལ་བོའི་ཞབས་བརྟན་གྲྭ་ཚང་བྱས། ཙ་ན་དབོན་པོ་དཀོན་མཆོག་རྣམ་རྒྱལ་གྱིས་འདུལ་ཁྲིམས་སོགས་ལ་དག་ཐེར་གནང་ཞིང་བྲག་འགོ་ཞབས་དྲུང་དཀོན་མཆོག་ཡེ་ཤེས་དཔལ་འབྱོར་ལ་ཞུས་ནས་སོ་མང་རྒྱལ་བོའི་བཀའ་ཤོག་གི་རྣམ་པའི་བཟའ་ཡིག་མཛད་དེ་དགོན་པའི་མཚན་ལ་ཁང་དམར་བཀྲ་ཤིས་ཕུན་ཚོགས་གླིང་ཞེས་གསོལ། དེ་རྗེས་བར་སྐབས་ཤིག་ལ་སོག་དམག་གི་རྐྱེན་སོགས་ཀྱིས་དགོན་རུ་གྲོང་ཀུན་འཐོར་ཞིག་བྱུང་། དེ་རྗེས་སོ་མང་རྒྱལ་བོ་ཤཱཀྱ་རྒྱལ་མཚན་གྱི་བཀའ་བཞིན་ཁྱོམ་ཚ་རབ་འབྱམས་པ་དགེ་འདུན་གྲགས་པས་ཀུན་མཁྱེན་འཇམ་དབྱངས་བཞད་པར་ཞུས་ཏེ། ཁོང་གིས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་ཞལ་བཞེས་ཐུགས་སྨོན་གནང་བ་ལྟར་རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡུས་ཏེ་སྤྱི་ལོ1723ལོར་སོ་མང་རྒྱལ་བོས་གནང་བའི་དགོན་ས་འབྲོང་ལག་གཡུ་རིའི་ཐང་སྟེ་ཁང་དམར་ལུང་བར་སྤོས་ནས་གནས་གཞི་གསར་འདེབས་གནང་། དེ་ནས་རིམ་གྱིས་ཁྱོམ་ཙ་དགེ་འདུན་གྲགས་པའི་སྐ་ཚ་བློ་བཟང་རབ་འབྱམས་པ་དང་། དཀོན་མཆོག་དམ་ཆོས་རྒྱ་མཚོ། ཕ་མཐའ་བློ་བཟང་ཆོས་རྒྱན་སོགས་ཀྱི་དཔལ་ལྡན་སྨད་རྒྱུད་པའི་ཕྱག་སྲོལ་སོགས་བཙུགས། དགོན་མིང་ལ་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་ཞེས་གསོལ། དེ་རྗེས་དྲིན་མཚུངས་མེད་ཙ་ན་སྐལ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཟངས་དཀར་སྲམ་ལུང་གི་གསེར་དེའུ་རི་ཞོལ་ཙ་ནའི་རི་ཁྲོད་དུ་སྤོས་ཏེ་པཎ་ཆེན་ཡོངས་འཛིན་ཨེར་ཏི་ནི་ནོ་མིན་ཧན་ཨོ་ཆོར་དྷ་ར་དང་འཇིགས་མེད་རྒྱ་མཚོ་ཁོང་གཉིས་ཀྱི་ཐུགས་དགོངས་ལྟར་དགོན་པའི་མཚན་ལ་ཁང་དམར་ཨེ་ཝཾ་བདེ་ལྡན་གླིང་ཞེས་གསོལ། 
2 ངོ་སྤྲོད་མདོར་བསྡུས།
              ཁང་དམར་དགོན་ནི་གསེར་ཞུན་ཅོད་པན་འཆང་བའི་དགེ་ལྡན་རིང་ལུགས་པ་དཔལ་ལྡན་སྨད་རྒྱུད་ཀྱི་ཕྱག་སྲོལ་ཉམས་བཞེས་སུ་གནང་བ་ཞིག་གོ།། དགོན་སྡེ་འདི་ལ་འཛིན་གྲྭའི་རྣམ་པ་མེད་ཀྱང་། གསང་བདེ་འཇིགས་གསུམ་གྱི་ཁམས་ཚན་གསུམ་དུ་བྱས་ནས་ཡོད་པ་དང་སྤྱི་ལོ2005ལོར་དགོན་སྡེར་གྲྭ་བ76ཡོད། ཁང་དམར་དགོན་ནི་རྫོང་མཁར་ནས་སྤྱི་ལེ90ལྷག་གི་མཚམས་ཟངས་དཀར་གྱི་ས་ཆ་སྲམ་ལུང་ཞེས་པར་གནས་གཞི་ཆགས་ནས་ཡོད། དགོན་སྡེ་འདི་རབ་བྱུང་བདུན་པ་སྟེ་སྤྱི་ལོ1390ལོར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ཚ་ཁོ་ངག་དབང་གྲགས་པས་གསར་འདེབས་བྱས་པ་དང་། ཁོང་གིས་རབ་བྱུང་བདུན་པའི་ནང་མདོ་སྨད་དུ་དགོན་སྡེ་བརྒྱ་དང་བརྒྱད་ཕྱག་བཏབ་གནང་བའི་གྲས་སོ།། ཐོག་མར་ཚུགས་སྐབས་ཀྱི་མཚན་ལ་རྒྱལ་དེའུ་དགེ་དགོན་ཚེ་བརྟན་གླིང་ཞེས་གསོལ་བར་གྲགས། དེ་རྗེས་སོ་མང་རྒྱལ་བོས་དགོན་གཞི་ལྷ་རྒྱལ་གླིང་དུ་གནས་སྤོ་བྱས། ཡང་རབ་བྱུང་བཅུ་གཉིས་པ་སྤྱི་ལོ1723ལོར་སོ་མང་རྒྱལ་བོས་གནང་བའི་དགོན་ས་འབྲོང་ལག་གཡུ་རིའི་ཐང་སྟེ་ཁང་དམར་ལུང་བར་སྤོས་ནས་གནས་གཞི་གསར་འདེབས་གནང་། དེ་རྗེས་སྤྱི་ལོ1934ལོར་འཁྲུག་རྐྱེན་གྱིས་གཏན་བརླག་བྱས། དེ་རྗེས་ཙ་ན་སྐལ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཚ་རོང་ཁྲོ་ཆུའི་མཁར་བདག་རྣམས་དང་། དགོན་པའི་བླ་སྤྲུལ་རྣམ་པ་དང་། ཡུལ་དཔོན་རྒན་གྲས་ཚོ་དང་གྲོས་མཐུན་གྱིས་རབ་བྱུང་བཅུ་དྲུག་པའི་མེ་གླང་སྟེ་སྤྱི་ལོ1937ལོར་ཟངས་དཀར་སྲམ་ལུང་གི་གསེར་དེའུ་རི་ཞོལ་ཙ་ནའི་རི་ཁྲོད་དུ་སྤོས་ཏེ་བསྐྱར་བསྐྲུན་གཟིགས་སྐྱོང་གནང་པ་དང་་དགོན་མིང་ལ་ཁང་དམར་ཨེ་ཝཾ་བདེ་ལྡན་གླིང་ཞེས་གསོལ། ཡོངས་གྲགས་ལ་ཁང་དམར་དགོན་ནམ་ཚ་ཁོ་ཁང་དམར་དགོན་ཡང་གསོལ། དགོན་སྡེ་འདིའི་གྲུབ་མཐའ་ནི་གསེར་ཞུན་ཅོད་པན་འཆང་བ་དགེ་ལྡན་རིང་ལུགས་པ་དཔལ་ལྡན་སྨད་རྒྱུད་ཀྱི་ཕྱག་སྲོལ་ཉམས་བཞེས་སུ་གནང་བ་ཞིག་ཡིན། འཛིན་གྲྭའི་རྣམ་པ་མེད་ཀྱང་གསང་བདེ་འཇིགས་གསུམ་གྱི་ཁམས་ཚན་གསུམ་དུ་བྱས་ནས་ཡོད། 
3 ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ།
              བཟོ་སྐྲུན་གཙོ་བོ་ནི་འདུ་ཁང་ཆེན་མོ་དང་། བླ་མའི་གཟིམ་ཁང་། བོད་སྨན་ཁང་། བསྟན་སྲུང་ལྷ་ཁང་། ཆོས་རྩོད་ཁང་། གྲྭ་པའི་སྒོམ་སྡེ་དང་འཁོར་ཁང་སོགས་ཡོད། དགོན་པའི་ནང་དུ་འཇམ་བཞད་སྐུ་ཐོག་དང་བོས་གནང་བའི་ཐུབ་སྐུ་ལི་མ་བྱིན་ལྡན། ཧོར་ཚང་གསེར་ཁྲིས་གནང་བའི་མགོན་སྐུ་ཁྱད་འཕགས། ཨ་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་གནང་བའི་སྒྲོལ་ལྗང་། ཁྱོམ་ཚ་རིམ་བྱོན་གྱི་ནང་རྟེན་ཇོ་སྐུ། བལ་བོ་ནས་གདན་དྲང་བའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ལི་མ་སོགས་གསེར་ཟངས་ཀྱི་སྐུ་བརྙན་དུ་མ་དང་། པཎ་ཆེན་སྐུ་ཕྲེང་བཅུ་བས་གནང་བའི་འཇིགས་བྱེད་ཀྱི་སྐུ། སངས་རྒྱས་སྟོང་སྐུ། བྱམས་སྐུ་ཐོག་ཚད་མ། དུས་འཁོར་ལུས་ཚད་མ། དཔལ་ལྡན་ལྷ་མོ་གདོང་ཅན་གཉིས་བཅས་ཀྱི་འཇིམ་སྐུ་སོགས་སྐུ་བརྙན་དུ་མ་བཞུགས། པཎ་ཆེན་སྐུ་ཕྲེང་བཅུ་བ་དང་ཁོང་གི་ཡོངས་འཛིན་ཨ་ཁུ་འཇིགས་མེད་ཚང་རྣམ་གཉིས་ཀྱིས་གནང་བའི་པཎ་ཆེན་ཆོས་ཀྱི་ཉི་མའི་ཚོགས་ཞིང་གི་ཞལ་ཐང་དང་བདེ་བ་འཇམ་དབྱངས་ཐུབ་བསྟན་ཉི་མའི་བླ་མཆོད་ཚོགས་ཞིང་། ལྷ་མོའི་སྐུ་ཐང་ཁྱད་མཚར། སོ་མང་ལྷ་བཟོ་དམ་ཆོས་ཀྱིས་བྲིས་པའི་འཇིགས་བྱེད་རང་བབས་མ། བླ་མཆོད་ཚོགས་ཞིང་། རྗེའི་འཁྲུངས་རབས། སྟོན་པའི་སྐྱེས་རབས་འགའ། མཛད་པ་བཅུ་གཉིས། པཎ་ཆེན་ཡོངས་འཛིན་ཨ་ཁུ་འཇིགས་མེད་རིན་པོ་ཆེས་གནང་བའི་དུས་འཁོར་ཐང་ག་སོགས་ཞལ་ཐང་བརྒྱ་ཕྲག་ལྷག་བཞུགས། ད་དུང་བླ་བྲང་དུས་འཁོར་གྲྭ་ཚང་གིས་དུས་ཁོར་བདག་འཇུག་བླང་ཞིང་ཨ་ལགས་བླ་ཁོ་རིན་པོ་ཆེ་སོགས་ཀྱིས་རབ་གནས་མཛད་པའི་དུས་འཁོར་ཀྱི་དཀྱིལ་འཁོར་རས་བྲིས་མ་ཡང་བཞུགས། མདའ་མཁན་ང་ཞི་ལྷ་སྒྲོན་གྱིས་རྒྱ་གར་ནས་གདན་དྲངས་པའི་རྒྱལ་བའི་བཀའ་འགྱུར་རོ་ཅོག་གིས་གཙོས་བཀའ་བསྟན་ཚར་འགའ་དང་རྗེ་ཡབ་སྲས་ཀྱི་གསུང་འབུམ་སོགས་གསུང་རབ་པོ་ཏི་བརྒྱ་ཕྲག་དུ་མ་བཞུགས་སོ།། ཕ་མཐའ་དཀོན་མཆོག་སེངྒ་དང་རྒྱལ་རོང་སྟོབས་ལྡན་སེངྒ་རྣམ་གཉིས་ཀྱི་སྐུ་གདུང་། ཁྱོམ་ཚ་དང་ཙ་ན་དབལ་ཤུལ་རྣམ་གསུམ་གྱི་སྐུ་གདུང་། སྐུ་གོང་མ་རིན་པོ་ཆེའི་ཕྱག་བརྒྱུད་ཀྱི་བཀའ་གདམས་མཆོད་རྟེན་སོགས་བཞུགས། གཞན་ད་རུང་གུང་ཐང་གསུམ་པའི་དབུ་གདུགས། འཇམ་བཞད་ལྔ་བ་ཆེན་མོའི་སྐུ་གཟན། པཎ་ཆེན་སྐུ་ཕྲེང་བརྒྱད་པའི་ཞབས་ལྷམ། རྒྱལ་དབང་གོང་མའི་དབུ་ཞྭ་སོགས་རྟེན་ཁྱད་འཕགས་མང་བོ་བཞུགས། 
4 ཉམས་གསོའི་ལོ་རྒྱུས།
              སྤྱི་ལོ1934ལོར་འཁྲུག་རྐྱེན་གྱིས་འདུ་ཁང་དང་ལྷ་ཁང་ཡོད་ཚད། གྲྭ་ཁང་ཚང་མ། ཀུན་མཁྱེན་འཇིགས་མེད་དབང་བོས་གནང་བའི་གསེར་ཟངས་ལས་གྲུབ་པའི་འཇིགས་བྱེད་ལྷ་བཅུ་གསུམ་མའི་བློས་བླང་སོགས་ཀྱིས་གཙོས་སྐུ་གསུང་ཐུགས་རྟེན་རྣམས་དང་། ཕྱིའི་འཁོར་ཁྱིམ་ལ་སོགས་པ་མེར་བཏང་ནས་གཏན་བརླག་བྱས། བཀའ་དྲིན་མཚུངས་མེད་ཙ་ན་སྐལ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཚ་རོང་ཁྲོ་ཆུའི་མཁར་བདག་རྣམས་དང་། དགོན་པའི་བླ་སྤྲུལ་རྣམ་པ་དང་། ཡུལ་དཔོན་རྒན་གྲས་ཚོ་དང་གྲོས་མཐུན་གྱིས་རབ་བྱུང་བཅུ་དྲུག་པའི་མེ་གླང་སྟེ་སྤྱི་ལོ1937ལོར་ཟངས་དཀར་སྲམ་ལུང་གི་གསེར་དེའུ་རི་ཞོལ་ཙ་ནའི་རི་ཁྲོད་དུ་སྤོས་ཏེ་བསྐྱར་བསྐྲུན་གཟིགས་སྐྱོང་གནང་བར་མ་ཟད། ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་ལྔ་བ་འདིར་གདན་དྲངས་ནས་དགོན་འགོ་ཕུལ་ཞིང་བཞེས། དགོན་མིང་ལ་ཁང་དམར་ཨེ་ཝཾ་བདེ་ལྡན་གླིང་ཞེས་གསོལ། ཡོངས་གྲགས་ལ་ཁང་དམར་དགོན་ནམ་ཚ་ཁོ་ཁང་དམར་དགོན་ཡང་གསོལ། དམངས་གཙོ་བཅོས་སྒྱུར་དང་རིག་གནས་གསར་བརྗེ་ཆེན་པོ་སྐབས་སུ་ཉམ་ཆག་ཆེན་པོ་བྱུང་། ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཆོས་ལུགས་ཀྱི་སྲིད་ཇུས་དོན་ཁེལ་བྱུང་སྟེ། རྔ་བ་ཁུལ་གྱིས་སྤྱི་ལོ1981ལོར་ཆོས་སྒོ་བསྐྱར་དུ་ཕྱེས་ཏེ་ཆོས་ཀྱི་མཛད་སྒོ་རྣམས་རྒྱུན་སྲོལ་ལྟར་བྱས་པ་དང་དགོན་སྡེ་བསྐྱར་བསྐྲུན་བྱས།