ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

རྒུ་རུ་དགོན་པ།

སྤེལ་དུས 2019-11-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           1 ལོ་རྒྱུས་འཕེལ་རིམ།
           དེ་ཡང་ངེད་རྒུ་རུ་དགོན་པ་བསམ་གཏན་ཆོས་གླིང་གི་ལོར་རྒྱུས་བཤད་པ་ལ་གསུམ་སྟེ།
           དང་པོ་དགོན་པའི་ཆགས་ཡུལ་ནི། ལྷུན་གྱིས་གྲུབ་ཅིང་ལྟ་ན་སྡུག་པའི་གནས་རི་ཆེན་པོ་རྣམ་ཐོས་སྲས་ཀྱི་བླ་རིར་གྲགས་པ་རྡོ་འཐས་རྫ་སྨུག་ལོག་དང་རྫ་རྒན་གྲུ་བཞི་གཉིས་ཀྱི་མདུན་ཕྱོགས། དེ་སྔོན་ཐམས་ཅད་མཁྱེན་པ་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་དམ་པ་ཨེ་ཝ་གཏེར་གཞུང་རིང་མོའམ་པཎ་ཆེན་མཆོག་གིས་བསྟད་པའི་ཨེ་ཝ་གཏེར་གྱི་ལབ་རྩེ་ཞེས་གྲགས་པའི་སར་གཞི་བཅོལ་ཏེ་རྫ་རྒན་གྲུ་བཞིའི་འདབས་སུ་ཆགས་ནས་ཡོད་སྟབས། དགོན་པའི་མཚན་ལ་ཡང་གྲུ་བཞིའི་དགོན་པ་ཞེས་ཀྱང་ཞུ་ལ། ད་ལྟའི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་སྟངས་ལྟར་བཤད་ན། དགོན་པ་འདིའི་ཆགས་ཡུལ་དུ་གྱུར་བའི་རྫ་ནག་གྲུ་བཞི་ནི། མཚོ་ནུབ་ཁུལ་ཏུའུ་ལན་རྫོང་གི་ཤར་ལྷོའི་ཕྱོགས་ཀྱི་ལེ་དབར་བཅོ་བརྒྱད་ཀྱི་མཚམས་སུ་མཆིས་སོ།།
           གཉིས་པ་དགོན་པ་འདི་ཕྱག་འདེབས་གནང་བའི་ལོ་རྒྱུས་བསྡུས་ཙམ་འགོད་པ་ལ། དེ་ཡང་ལོ་ངོ་སུམ་བརྒྱའི་ཡར་སྔོན་ལ་སྟོད་ཀྱི་ཕྱོགས་ནས་མཁས་ཤིང་གྲུབ་པར་མངའ་བརྙེས་པའི་ལྷ་ལུང་དཔལ་རྡོར་གྱི་ཡང་སྤྲུལ་དུ་གྲགས་པའི་བླ་མ་དཔལ་ཆེན་རྡོ་རྗེའམ་བླ་མ་ཐུགས་རྗེ་ཅན་དཔལ་བཟང་པོ་དེ་ཉིད་ལ་དམ་པ་དུ་མས་ལུང་བསྟན་ཏེ། ཁྱོད་ཀྱི་གདུལ་ཞིང་ཁམས་རྨ་སྨད་ཀྱི་ཕྱོགས་སུ་ཡོད་པས། ཡུལ་དེར་བྱོན་ཏེ་དགོན་པ་ཞིག་བཏབ་ན་ཀུན་གྱི་སྐྱབས་མགོན་དུ་འགྱུར་ཞེས་གསུངས་པ་ལྟར།ལྗོངས་འདིར་ཕྱག་ཕེབས་གནང་སྟེ་གསང་སྔགས་སྔ་འགྱུར་གྱི་ཡང་སྙིང་ཀློང་ཆེན་སྙིང་ཐིག་གི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྒུ་རུ་དགོན་པ་བསམ་གཏན་ཆོས་གླིང་རྨང་ཐོག་མར་བཏིངས། རྒུ་རུ་དགོན་པ་ཕྱག་འདེབས་གནང་རྗེས། དུས་ཡུན་ངེས་ཅན་ཞིག་གི་རིང་ལ་ནག་སྒར་གྱི་ཚུལ་དུ་བསྐྱངས།སྔ་ཕྱིར་བླ་མ་ཆེན་པོ་གསུམ་བྱོན་པ་སྟེ། མ་ཅིག་ལབ་ཀྱི་སྒྲོལ་མའི་སྲས་མོ་དམ་ཆོས་མཚོ་མོའི་ཡང་སྤྲུལ་རྒུ་རུ་བླ་མ་ཆོས་མཛད་དམ་རྒུ་རུ་ཨ་ཁུ་ཚང་། ལྷ་ལུང་དཔལ་རྡོར་གྱི་ཡང་སྤྲུལ་བླ་མ་ངག་དབང་དབྱངས་ཅན་ནམ་རྒུ་རུའི་སྐུ་ལོ་ཚང་། དོ་ཚ་སྤྲུལ་སྐུ་ཞོ་བླ་ཚང་བཅས་ཡིན་ཞིང་། རྒུ་རུ་བླ་མ་ཆོས་མཛད་ཚང་ནི་དགོན་པ་འདིའི་དགོན་བདག་གི་བླ་མ་ཡིན་ཞིང་། སྐུ་གོང་མར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བཀའ་ཤོག་དང་ཐམ་ག་གནང་བ་དང་།རྗེས་སོར་གྱི་སྐུ་ཕྲེང་རྣམས་ནི་རྭ་རྒྱ་དགོན་པའི་སྐྱབས་གཅིག་ཤིང་བཟའ་རིམ་བྱོན་གྱིས་ཐུགས་ཐག་གཅོད་པའི་སྲོལ་ཚུགས་པ་དང་། རྒུ་རུའི་བླ་མ་སྐུ་ལོ་ཚང་གི་སྐུ་ཕྲེང་རྣམས་ནི་ཁམས་རྫོགས་ཆེན་དགོན་པའི་བླ་མ་རིམ་བྱོན་གྱིས་ངོས་འཛིན་གནང་བ་ཡིན་ནོ།། དེ་ཡང་དགོན་པ་འདིའི་ཐོག་མའི་བཅའ་ཕྱག་ལེན་རྣམས་དང་གྲུབ་མཐའི་ཆ་ནས་བཤད་ན། ཀ་པད་རྫོགས་གསུམ་ལས་རྫོགས་ཆེན་སྙིང་ཐིག་ཡིན་ལ། གསར་རྙིང་ཇོ་གསུམ་ལས་གསང་སྔགས་རྙིང་མའི་ལུགས་རྣམས་གཙོ་བོར་འཛིན་པས་སྔགས་དགོན་དུ་གཏོགས་ནའང་། རྗེས་སོར་རྒུ་རུ་ཨ་ཁུ་ཚང་གི་སྐུ་ཕྲེང་རྣམས་རྭ་རྒྱའི་ཤིང་བཟའ་རིམ་བྱོན་གྱིས་ཐུགས་ཐག་གཅོད་པ་དང་། བླ་མ་སྐུ་ལོའི་སྐུ་ཕྲེང་རྣམས་རྫོགས་ཆེན་ནས་ངོས་འཛིན་པའི་སྲོལ་ཀ་བྱུང་ཞིང་། བླ་མ་ཞོ་བླ་ཚང་ཡང་ཁམས་ཀྱི་ཡིན་པ་བཅས་ཀྱི་རྐྱེན་པས། དགོན་པ་འདི་ནི་རིམ་གྱིས་གསར་རྙིང་ཟུང་དུ་འབྲེལ་ལམ་གསར་རྙིང་རིས་མེད་ཀྱི་དགོན་པ་ཞིག་ཏུ་གྱུར། ལོ་རྒྱུས་ཐོག་དགོན་པ་འདིའི་བན་སྔགས་རྣམས་རྭ་རྒྱ་དང་རྫོགས་ཆེན་དུ་ཕེབས་ནས་སྡོམ་པ་བཞེས་ཤིང་རབ་བྱུང་སྒྲུབ་པའི་སྲོལ་ཡོད་པ་དང་དུས་དེང་སང་ཡང་སྔ་ལུགས་དེ་རྣམས་ཀྱི་རྒྱུན་མ་ཉམས་པར་སྐྱོང་མུས་སུ་མཆིས། དགོན་པ་འདིའི་མཆོད་གནས་སུ་གྱུར་བའི་ལྷ་གཙོ་བོ་ནི་ཨ་མེས་རྨ་ཆེན་ཡིན་ལ། གཞི་བདག་གཙོ་བོ་ནི་གོ་མཚོན་རྩེ་མི་གཡུ་རྩེ་དང་། ཡི་དམ་གཙོ་བོ་ནི་ཕུར་བ་རྡོ་རྗེ་གཞོན་ནུ། ཆོས་སྐྱོང་གཙོ་བོ་ནི་གནོད་སྦྱིན་ཙི་དམར། བསྟན་པ་ཚུལ་བཞིན་སྐྱོང་བའི་སྲུང་མ་གཙོ་བོ་ནི་ལྷ་མོ་སྔགས་སྲུང་མ་བཅས་ཡིན། རབ་བྱུང་བཅུ་དྲག་པའི་ཤིང་ལུག་ལོ་སྟེ་སྤྱི་ལོ1955ལོར་ལྷ་ཁང་སྒར་ཤག་བཞེངས་པའི་མགོ་ཚུགས་པ་དང་། དུས་དེར་སྒར་ཤག་བཅུ་གཅིག་དང་གྲྭ་ཤག་བཅུ་ལྷག་བཞུགས་པ་དང་། རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོ་སྟེ་སྤྱི་ལོ1958ལོར་དགོན་པར་གཏོར་ཞིག་ཚབས་ཆེན་ཐེབས།
           གསུམ་པ་དགོན་པ་སླར་གསོ་བྱས་ཚུལ་ནི། རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་ལོ་སྟེ་སྤྱི་ལོ1980ལོ་ནས་མེ་སྟག་ལོ་སྟེ་སྤྱི་ལོ1986ལོའི་བར་དགོན་པ་ཉམས་པ་སླར་གསོ་བྱས་ཏེ། ཁང་བ་སོ་དྲུག་གི་ཚད་དང་ལོངས་པའི་འདུ་ཁང་ཉིས་ཐོག་ཅན་དང་། སྒར་ཤག་ཞེ་བདུན་བསྟུད་མར་བཞེངས་པ་དང་། དགོན་པ་འདིའི་རྟེན་དང་བརྟེན་པ་གཙོ་བོ་རྣམས་ནི། གུ་རུའི་ལྷ་ཁང་དང་། པཎ་ཆེན་ལྷ་ཁང་། ཕུར་བའི་སྒྲུབ་ཁང་། རྒུ་རུ་ཨ་ཁུ་ཚང་གི་བླ་བྲང་། བླ་མ་དཔལ་རྡོར་ཚང་གི་བླ་བྲང་སོགས་དང་། གུ་རུ་མཚན་བརྒྱད་དང་། མཁན་སློབ་ཆོས་གསུམ། ཐུགས་རྗེ་ཆེན་པོ་སོགས་ཀྱི་འབག་སྐུ། རྒུ་རུ་ཨ་ཁུ་ཚང་གི་སྐུ་གདུང་དངུལ་གྱི་མཆོད་རྟེན་དང་། བླ་མ་དཀོན་མཆོག་ཆོས་འཕེལ་ཚང་གི་སྐུ་གདུང་གསེར་གྱི་མཆོད་རྟེན། གཞན་ཡང་ཕུར་བ་དང་། རྡོ་རྗེ་སེམས་དཔའ། ཞི་ཁྲོ་སོགས་ཀྱི་ཞལ་ཐང་མང་པོ་བཞུགས་པ་རྣམས་སོ།། དགོན་པའི་ཆོས་ཐོག་གཙོ་བོ་རྣམས་ནི། བཞི་བའི་སེམས་བསྐྱེད་དང་། དྲུག་པའི་དབྱར་གནས། བདུན་པའི་ཚེས་བཅུ། བོད་ལོའི་སྐུ་རིམ་བཅས་སོ།། མེ་སྟག་ལོ་སྟེ་སྤྱི་ལོ1986ལོར་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། དཔལ་རྡོར་སྐུ་ཕྲེང་བཞི་བ་བླ་མ་ཐུབ་བསྟན་དཀར་དབང་གིས་དགོན་བདག་བླ་མའི་ཁུར་བཞེས་པ་དང་། རིག་གྲུབ་ཀྱིས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཏེགས་ཤིང་ཁོངས་མི་བདུན་མཆིས། དགོན་པར་གྲྭ་བ་བསྡོམས་པའི་སོ་བརྒྱད་དང་རྒྱུན་བཞུགས་བན་གྲྭ་བཅུ་ལྷག་ཡོད་ཅིང་། ད་ལྟ་དགོན་སྡེ་ཡོངས་ནས་ཆོས་འདོན་དགེ་སྒྲུབ་དང་དགོན་པའི་འཕེལ་རྒྱས་ཀྱི་ཕྱོགས་ལ་གཞོལ་བཞིན་འདུག་པའི་སྐབས་སོ།།