ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཐང་གཞི་དགོན་པ།

སྤེལ་དུས 2019-11-13 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།
            1 ངོ་སྤྲོད།
            དགོན་སྡེ་འདི་ནི་རབ་བྱུང་བཅུ་དྲུག་པ་གསར་ཚེས་ཀྱི་མེ་མོ་ཡོས(སྤྱི་ལོ1927)ལོར་ཁ་སྒང་དཔོན་པོ་ལྷ་རྒྱལ་གྱིས་དགེ་ལྡན་བསྟན་པའི་ཆུ་མགོ་དཔལ་ལྡན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་ནས་བྱ་ཁྱུང་དགེ་བཤེས་ཚང་གདན་ཞུས་ཏེ་དགོན་སར་གཟིགས་པ་ན། སྔོན་ཨ་རིག་དགེ་བཤེས་ཆེན་མོ་དང་འགྲོ་བའི་མགོན་པོ་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་སྐྱེས་ཆེན་དུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། འབའ་སྟོད་ཀྱི་མཐོན་པོ་བཅུ་གསུམ་གྱི་གྲས་པདྨའི་དགེ་བསྙེན་ལྷུན་པོའི་ཉེ་འདབས། ཁྱད་པར་དུ་ཨ་རིག་དགེ་བཤེས་ཆེན་མོའི་སྐུ་གདུང་ཞག་གཅིག་ལ་བཞུགས་མྱོང་བ་འཇིག་རྟེན་བྱེད་པོས་ཆེད་དུ་བཟོས་པ་ལྟ་བུའི་གནས་ཁྱད་པར་ཅན་ནགས་དམར་མཚམས་ཁང་དུ་འབོད་པ་དེར་རྟགས་ཀྱི་མཚན་མ་བཀོད་ནས། ཁ་སྒང་ནས་ལས་དཔོན་དང་སེར་སྐྱ་མང་བོས་ཕྱི་མཁར་ར་བ་ཆེན་པོ་ཞིག་བསྐྱིལ་ཏེ་གནས་སྐབས་རིང་གྲྭ་བ་རྣམས་སྤྱི་ཤག་ཏུ་བཞུགས་ཏེ་སྒྲུབ་པ་ཉམས་བཞེས་མཛད། དུས་དེར་དགེ་འདུན་པ་རྗེ་འོད་ཟེར་ཚང་དང་ཁོང་ཚང་གི་སློབ་བུ་ཟླ་གྲགས་དང་ཀླུ་སྒྲུབ། ཨ་ཁུ་གུ་རུ་སྐྱབས། རྗེ་འོད་ཟེར་ཆུང་བ་ཚང་དང་། རྗེ་བྱ་ཁྱུང་ཚང་དང་ཁོང་གི་སློབ་བུ་བློ་བཟང་ཆོས་དར། བློ་བཟང་རིན་ཆེན། སྦྱིན་པ་དང་བྱམས་པ་རྒྱ་མཚོ་སོགས་གྲྭ་བཙུན་བཅུ་ཕྲག་ལྷག་བཞུགས། དཔོན་པོ་ལྷ་རྒྱལ་གྱིས་རྒྱུ་འབྱོར་ཕོན་ཆེ་བ་བསྟབས་ནས་དགེ་འདུན་གྱི་སྡེ་འདི་ཡར་ལྡན་གྱི་ལམ་ལ་བསྟུན་པ་ཆེར་བསྐྱེད་བགྱིས་ནའང་རྐྱེན་ཞིག་གི་དབང་གིས་དགོན་སྡེ་འདི་གནས་སྤོར་དགོས་པ་བྱུང་ངོ་།།
            རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་སྤྲེལ(སྤྱི་ལོ1944)ལོར་གནས་བརྟན་འདུལ་འཛིན་རྗེ་རབ་འབྱོར་ཚང་གཙོ་མཛད་པ་དང་ཁོའི་སློབ་བུ་ཤེས་རབ་དང་། བརྩོན་འགྲུས་རྒྱ་མཚོ། དགེ་འདུན་འཕེལ་རྒྱས་སོགས་ཀྱིས་རང་ཡུལ་དང་ཉེ་སའི་དགོན་འདི་སླར་གསོ་བྱེད་གྲབས་བྱས། རྗེས་སུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཚན་སྙན་གྱི་བ་དན་དཀར་པོ་སྲིད་པ་གསུམ་ན་ལྷང་ལྷང་དུ་གྲགས་པ། སྐྱེ་རྒུ་ཀུན་གྱི་བསོད་ནམས་ཀྱི་དཔལ་དུ་ཤར་བ་ངེས་པ་དོན་གྱི་སྐྱབས་མགོན་དམ་པ་རྗེ་བློ་བཟང་འཕྲིན་ལས་དཔལ་བཟང་བོ་ལ་གྲྭ་བཙུན་དང་ལྷ་འབངས་ཡོངས་ཀྱིས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་ལ་བརྟེན་ནས་ཁོང་ཉིད་ཀྱིས་ཀྱང་བདག་པོར་བཞེས་ཏེ། རབ་བྱུང་བཅུ་དྲུག་པའི་ཤིང་མོ་བྱ(སྤྱི་ལོ1945)ཡར་ངོའི་ཟླ་ཚེས་བཟང་བོ་ལ་ཀླུ་སྨན་པ་ཞེས་ས་དཔྱད་ལ་དབང་བརྙེས་པ་དེ་གདན་དྲངས་ཏེ། དགོན་ས་བཙལ་བ་ན་གནས་ཐང་གཞི་ཟེར་བ་འདི་ལེགས་པོ་རེད་འདི་ལས་ལྷག་པ་མེད་དགོན་པའི་གཞི་ཚུགས་སོང་ན་བསྟན་འཛིན་གྱི་སྐྱེས་བུ་གསེར་གྱི་ཕྲེང་བ་བཞིན་འབྱུང་ངེས་རེད་གསུང་ནས་ཐམས་ཅད་དགོན་ས་འདིར་འཆམས་པ་དང་། ལྷ་འབངས་ཡོངས་ཀྱིས་དཀའ་བ་དང་དུ་བླངས་ངལ་བ་ཕྲག་ལ་ཁུར་ནས་གཞི་རིང་ཟེར་བའི་ར་བ་ཆེན་པོ་ཞིག་བསྐྱིལ་ཏེ་གང་འཚམས་ལྟར་བཅད་ནས་གྲྭ་ཤག་བྱས། སེར་སྐྱ་མང་པོའི་ངལ་བ་བརྒྱ་ཕྲག་ལ་བརྟེན་ནས་བཞེངས་པའི་དགོན་འདིའི་མིང་ལ་ཐང་གཞི་དགོན་བཀྲ་ཤིས་འཁོར་གླིང་ཞེས་ཁོང་རྡོ་རྗེ་འཆང་གིས་མཚན་གསོལ་བ་དང་། འདོན་རྟ་དབྱངས་གསུམ་དང་བཅའ་ཁ་ཕྱག་བཞེས་ཡོངས་རྫོགས་རྭ་རྒྱའི་ཕྱག་ལེན་བཞིན་མཛད་པ་དང་སྐབས་དེར་གྲྭ་བཙུན་ཉེར་ལྔ་ཙམ་འདུས་ཏེ་རྒྱུན་གྱི་ཆོས་ཐོག་དང་ཆོས་སྤྱོད་ཀྱི་བྱ་བ་གཅིག་ཏུ་བརྩོན་པ་མཛད་དོ།། སྐྱབས་རྗེ་དམ་པ་ཁོང་གི་ཕྱག་དངུལ་དང་ནོམ་པ་ཡོངས་རྫོགས་དགོན་པ་བཞེངས་ཐེབས་སུ་བསྐྲུན་ནས་བགྲང་བྱ་བཅུ་ལྷག་འདས་ནའང་འགྲིམ་འགྲིལ་དང་ཁྱད་པར་དུ་འཐུང་ཆུ་ཤིན་ཏུ་དཀོན་ཕྱིར་ཆུ་ལེན་ལ་ཉིན་ཕྱེད་ཙམ་གྱི་དུས་འཁྱོལ་བས་དགོན་གནས་སླར་ཡང་སྤོ་བའི་གྲབས་མཛད་དོ།།
            གསེར་འཕྱང་ཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་མོ་བྱ(སྤྱི་ལོ1957)ལོར། མདོ་སྨད་ཀྱི་རྭ་སྒྲེང་གཉིས་པ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་གླིང་གི་གཙོ་རི་སྐུ་ཕྲེང་གསུམ་པ་རྗེ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་དཔལ་བཟང་བོ་གདན་དྲངས་ཏེ་ཐར་བ་ལུང་དུ་ས་བརྟག་མཛད་དུ་བཅུག་པ་ན། ཁོང་གི་ཞལ་ནས། རྒྱབ་རི་འགྲིག་ན་མདུན་རི་ལ་མི་འགྲིག མདུན་རི་འགྲིག་ན་རྒྱབ་རི་ལ་མི་འགྲིག་གསུང་ནས་ཐུགས་ལ་མ་བབས་ཀྱང་ས་རྟགས་ཤིག་བརྒྱབ་པ་དེར་དགོན་པའི་རྨང་བཏིངས། སྐབས་དེར་གྲྭ་བཙུན་ཉེར་གཉིས་ཙམ་འདུས་ཏེ་སྒྲུབ་སྡེ་ཆུང་ངུ་ཞིག་གི་གཞི་ཟིན་ཀྱང་འགྲོ་བའི་སྤྱི་མཐུན་གྱི་ལས་ཀྱིས་བསྟན་པ་ལ་ཆག་གྲུམ་འབྱུང་བའི་ལྟས་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་ཟང་ཟིང་དང་འཇིགས་སྣང་གི་ཁྲོད་ནས་སྣོད་བཅུད་ཀྱི་བཀོད་པ་མཐའ་དག་རླུང་གི་རྒྱལ་མཚན་གྱི་རྗེས་སུ་བསྙེགས་སོ།།
            ལུང་རྟོགས་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་བར་བཞུད་ནས་སླར་ཡང་ཁྱུང་སྔོན་སྐྱེས་ཀྱིས་དྲངས་ཏེ་གངས་དཀར་ལྷུན་པོའི་ཕྲག་གོང་ན་རིས་མེད་ཀྱིས་འགྲོ་བའི་འཇིག་རྟེན་འདིའི་དབུགས་དབྱུང་བའི་སླད་དུ་ཤར་ནས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས་གྲྭ་བ་འགས་ཐར་བ་ལུང་དུ་ཡང་བསྐྱར་བསྟན་པའི་མེ་རོ་གསོ་བའི་དགེ་འདུན་གྱི་འདུས་སྡེ་ཞིག་གི་གནས་བཅོས་པ་ལས། ཕྱིས་སུ་ཨ་ལགས་ཡིད་སྒར་ཚང་ཁ་སྒང་དུ་ཕེབས་པར་བསྟུན། གྲྭ་བཙུན་དང་ཆོས་ལྡན་གྱི་མི་སྣ་སྐོར་ཞིག་གིས་ཁོང་ལ་དགོན་ས་ཞིག་བལྟ་དགོས་ཞེས་བསྐུལ་བ་ལྟར། སྤྱི་ལོ1991ལོའི་སྣྲོན་ཟླ་ར་བའི་དཀར་ཕྱོགས་དགའ་བ་གཉིས་པའི་ཉིན་ཡིད་སྒར་བློ་བཟང་ལེགས་བཤད་བསྟན་པའི་རྒྱལ་མཚན་ཁོང་གཙོ་མཛད་པས། གྲྭ་བཙུན་འགའ་དང་། སྡེ་དཔོན་འཇམ་དབྱངས་དམ་ཆོས་བཅས་དགོན་ས་བཙལ་དུ་ཕྱིན་ནས་ཐང་གཞི་ཀླད་ནི་སྐྱེལ་འདྲེན་གྱི་མཐུན་རྐྱེན་ཞན་པས་མི་ལེགས། ཐར་བ་ལུང་ནི་འབྲོག་པའི་མཚེར་ས་བཟང་བོ་ཞིག་ལའང་མི་དོ་གསུང་ནས་མོ་ཡང་མདོར་སླེབས། འདི་ནི་ཕྱོགས་གང་ཐད་ནས་རྟེན་འབྲེལ་འགྲིག་པས་ཕྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྤྲུལ་བའི་གར་ལ་རྣམ་པར་རོལ་བ་སྐྱབས་རྗེ་དམ་པ་ཆུ་བཟང་རིན་པོ་ཆེའི་ཐུབ་བསྟན་དབང་ཕྱུག་ལགས་ལ་ལུང་བསྟན་ཞུས་ཏེ་དགོན་ས་ཡག་པོ་ཡིན་འདུག་ཀྱང་ས་དགྲ་ཞིག་ཡོད་གསུང་། ཕྱིས་སུ་བཅོས་ཐབས་ཤིག་བྱས་ནས་དགོན་ས་དེར་གཏན་འཁེལ་བྱས་སོ།། དགོན་ས་བཙལ་བའི་ཕྱི་ལོ་ལྷ་འབངས་ཡོངས་ནས་གོང་རིམ་ལ་སྙན་ཞུ་ཕུལ། ཆོས་ལུགས་ཅུའུ་སོགས་ནས་ཀྱང་སླར་གསོ་བྱས་ཆོག་པའི་ཆོག་མཆན་དང་མཚན་བྱང་གནང་། དུས་དེ་ནས་བཟུང་ཡིད་སྒར་བློ་བཟང་ལེགས་བཤད་བསྟན་པའི་རྒྱལ་མཚན་ཚང་གིས་མགོ་འཛིན་མཛད་ཅིང་། ཀ་མདོ་སྤྲུལ་བའི་སྐུ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་བོའི་འགན་བཞེས། ས་ག་ཟླ་བར་འདུ་ཁང་གི་རྨང་འདིངས་པར་གྲོས་འཆམ་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་ཨ་ཁུ་རྣམ་གྲོལ་ཚང་ཞུས་ནས་སྦྱིན་སྲེག་དང་ས་བདག་ལྟོ་འཕྱེའི་ཐིག་བཏབ། དགེ་འདུན་མང་པོས་སླ་ཆོས་སུ་མ་སོང་བར་བསང་རྣམ་དག་མ་དང་བཀྲ་ཤིས་བརྩེགས་པ་སོགས་སྔོན་འགྲོའི་སྦྱོར་བའི་རིམ་པ་ལེགས་པར་གྲུབ་ནས་ཤིང་བཟོ་དང་རྡོ་བཟོ་རྣམས་ཀྱིས་དངོས་སུ་ལས་མགོ་བརྩམས། ཆུ་སྟོད་ཟླ་བར་ཀ་རིང་བསླངས། ཁྲུམས་སྟོན་ཟླ་བར་ཀ་བ་ཉེར་བཞི་ཡོད་པའི་འདུ་ཁང་གི་གདུང་ལྕམ་སོགས་ལེགས་པར་གྲུབ། རྒྱུ་ཆའི་འགྲོ་སོང་གི་ཐད་ལ་ཤིང་ཆ་ཕལ་ཆེ་བ་ལྷ་སྡེ་སོ་སོའི་དུད་ཁྱིམ་ནས་དཀར་ཐིགས་སུ་ཕུལ་བ་དང་། འདུ་ཁང་གི་ཀ་རིང་བཞི་བོ་སྐ་མོ་ཆེའི་བན་དེ་སྦྱིན་བདག་མཛད། ལྷ་སྡེ་རེ་ནས་ཆ་སྙོམས་སྒོར་ཆིག་ཁྲི་ཉིས་སྟོང་རེ་བསྡུས་ཏེ་ལོ་དེར་གཙུག་ལག་ཁང་དང་། རུང་ཁུང་། གྲྭ་ཤག་བཅུ་གཉིས་བཅས་ལེགས་པར་གྲུབ་པ་དང་། སྐབས་དེར་གྲྭ་བཙུན་ཉི་ཤུ་ལྷག་གིས་ཆོས་སྤྱོད་སྤེལ་བའི་ཞིང་སུ་རུ་གྱུར་ཏོ།། 
            2 སྐུ་གསུང་ཐུགས་རྟེན།
            གཙོ་སྐུ་སྟོན་པ་གཙོ་འཁོར་གསུམ་པའི་སྐུ་བརྙན་བྱོན་ལེགས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཚང་གི་བླ་སྐུ་བྱོན་ལེགས། རྗེ་ཡབ་སྲས་གསུམ་དང་བདེ་གསང་འཇིགས་གསུམ། འགྲོ་མགོན་རྣམ་གསུམ། སྒྲོལ་མ་དཀར་སྔོན་དང་རྟ་མགྲིན། མི་འཁྲུགས་པ་སོགས་སྐུ་བརྙན་བྱོན་ལེགས་རེ་དང་། སྨན་བླ་བདེ་གཤེགས་བརྒྱད་ཀྱི་སྐུ་བརྙན། གཞན་ཡང་སྐུ་འབུམ་དགོན་པའི་མཛོད་ཁང་གི་ནང་རྟེན་དུ་གྱུར་བ་བྱིན་རླབས་ཀྱི་ཚན་ཁ་འབར་བའི་རྗེ་དགེ་ལེགས་མའི་དཔར་ལས་སྟོང་སྐུ་སྨན་འདམ་ལས་བཞེངས། རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་ཤིང་སྐུ་བྱོན་ལེགས་ཤིག་ཀྱང་བཞུགས་སོ།།
            གྱན་ཐང་ལ། བླ་ན་མེད་པའི་སངས་རྒྱས་ཀྱི་མཚན་ཆེན་བཅུ་གཉིས་རང་བྱོན་ལྟ་བུའི་ངོ་མཚར་ཅན་དང་། མགོན་པོ་ཆོས་རྒྱལ་ལྷ་མོ་རྣམ་སྲས་དང་། རྒྱལ་ཆེན་རིགས་བཞི་སོགས་གསོན་ཉམས་ལྡན་པ་དག་བཞུགས། གཞན་ཡང་རྒྱལ་བའི་དབང་བོ་བསྟན་འཛིན་རྒྱ་མཚོས་གནང་བའི་སྟོན་པ་གཙོ་འཁོར་གསུམ་དང་། སྤྱན་རས་གཟིགས་ཕྱགས་སྟོང་སྤྱན་སྟོང་གི་ཐང་ག་བྱིན་ཅན་རྣམ་གཉིས་ཀྱང་བཞུགས་སོ།། 
            གསུང་རྟེན་ལ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གསུམ་དང་། བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། གཞན་ཡང་གསུང་འབུམ་གྱི་སྐོར་དང་ཏིང་འཕགས་སྐལ་གསུམ་སོགས་པོ་ཏི་སྟོང་ཕྲག་དུ་མས་ཡོངས་སུ་གཏམས་ཤིང་། གཙུག་ལག་ཁང་གི་ཕྱི་རོལ་དུ་མ་ཎི་དུང་ཕྱུར་ཉེར་ལྔ་ལྷག་པའི་འཁོར་ལོ་བསྐོར་ཡོད་དོ།།
            དགོན་སྡེ་འདི་སྔར་ཐེངས་དུ་མར་གནས་སྤོར་བ་ལ་བརྟེན་ནས་སྒྲུབ་སྡེ་འདི་རྨང་གཞི་ལེགས་པོ་ཞིག་ཆགས་མ་ཐུབ་པ་དང་བསྟན་པ་དང་འགྲོ་བའི་དོན་དུ་བྱོན་པའི་སྐྱེས་བུ་དམ་པ་དག་སྐུ་ཞི་བར་གཤེགས་པའི་ངང་ཚུལ་ལ་གཞོལ་བས། ང་ཚོའི་ཕྱི་རབས་པ་དག་གིས་ཁོང་ཚོའི་ཞལ་མ་ཟིན་པས། གཞོན་སྐྱེས་གྲྭ་བཙུན་དག་གིས་དགོན་འདི་སྐྱོང་དཀའ་བའི་སྐབས་ཉིད་ན། ལྷག་བསམ་གྱི་འོ་མའི་ཀློང་ན་དུས་ནམ་ཡང་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཆོས་ལྡན་གྱི་མི་སྣ་དག་གིས་ལུས་རང་ཡུལ་ན་ཡོད་ཀྱང་སེམས་དགོན་པའི་དོན་ལ་གཞོལ་བས། དགོན་པའི་དགོས་མཁོ་ཐམས་ཅད་དང་ཁྱད་པར་དུ་ཆོས་ཐོག་གི་འགྲོ་སོང་ཡོད་ཚད་ལྷ་སྡེ་རེ་རེ་ནས་ཕུལ་ཏེ། ཆོས་ཐོག་ལ་རྒྱ་ལོ་སྨོན་ལམ་དང་གསུམ་པའི་སྒྲུབ་མཆོད། བཞི་བའི་སྨྱུང་གནས། དགུ་བའི་ཉེར་གཉིས། དགའ་ལྡན་ལྔ་མཆོད་ཆེན་མོ། བོད་ལོ་གཏོར་སྒྲུབ་སོགས་ཀྱི་རྒྱུན་ཀྱང་བཙུགས་པ་དང་། ད་དུང་ཡང་ཆད་མེད་དུ་སྐྱོང་བཞིན་ཡོད་དོ།།
            སྤྱི་ལོ1995ལོར་རྒན་གྲགས་པ་རྒྱ་མཚོ་ལགས་ཞུས་ཏེ། སུམ་རྟགས་དག་གསུམ་དང་སྙན་ངག ལམ་རིམ། བློ་སྦྱོང་སོགས་ཁྲིད་དེ་འཆད་ཉན་གྱི་རྒྱུན་བཙུགས། གྲྭ་བཙུན་རྣམས་ལ་ལོ་འགའི་རིང་ལེགས་པའི་ལམ་གྱི་བསླབ་བྱ་སྣ་ཚོགས་ཀྱིས་བསྐྱངས་པར་མ་ཟད་ལས་གནས་བརྗེ་སྤོར་སོགས་ཀྱི་འགན་ཡང་བཞེས་སོ།།
            རབ་བྱུང་བཅུ་བདུན་པའི་མེ་གླང(སྤྱི་ལོ1997)ལོར་ལྷ་སྡེ་སོ་སོའི་ལས་དཔོན་དང་ཁྱད་པར་དུ་ཆོས་ལྡན་གྱི་མི་སྣ་འདི་དག་གིས་སྣེ་ཁྲིད་དེ་བླ་མའི་གཟིམ་ཁང་དང་གཞུང་ཁང་ཁག་ཅིག་བཞེངས་ནས་དགོན་པ་འདིར་དཔལ་དུས་ཀྱི་འཁོར་ལོའི་དབང་ཞུ་ཆེད་གྲོས་བྱས་ཏེ་ལྷ་འབངས་དང་སེར་སྐྱ་ཡོངས་ནས་གྲོས་འཆམ་སྟེ། 1998ལོའི་ཟླ9བའི་ཚེས10ཉིན་སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི་མིག་ལྟ་བུ་དྲེགས་ལྡན་མཁས་དགུའི་གཙུག་གི་ཡིད་བཞིན་དབང་གི་རྒྱལ་བོ་འདྲེན་མཆོག་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་ཞུ་ན། སྐྱབས་རྗེ་ལ་མོ་ཡོངས་འཛིན་རིན་པོ་ཆེ་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་བོའི་སྤྱན་སྔར་སོང་སྟེ། དཔལ་དུས་ཀྱི་འཁོར་ལོའི་དབང་སོགས་ཀྱིས་བཀའ་དྲིན་སྐྱོང་དགོས་ཚུལ་ཞུས་པ་ན། ཁོང་གི་ཞལ་སྔ་ནས། ཁོའི་འཆར་གཞི་དུས་འཁོར་དབང་ཆེན་བདུན་ཡིན། ཨ་ལགས་གཡེར་སྐྱོང་ཚང་གིས་གཅིག་འགྲུབ་མེད་དེ་ཡང་ངས་གསུང་ཟིན། ད་ང་དེ་འདྲ་མང་པོ་གསུང་བའི་བསོད་ནམས་ཤིག་གང་ན་ཡོད་གསུང་ནས་ཞལ་གྱིས་མ་བཞེས། རྗེས་ནས་ལྷ་བབས་དུས་ཆེན་དང་ཉིན་སྐར་བཟང་བོ་དག་ལ་སོང་སྟེ་ཡང་ཡང་ཞུས་པས། 
            1999ལོའི་ས་ག་ཟླ་བའི་ཡར་ཚེས་བཟང་བོ་ལ་ཞལ་གྱིས་བཞེས་ཏེ་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་འཁོར་བསྐོར་བའི་ཉིན་མོ་ལ་དུས་འཁོར་དབང་གིས་དུས་བཅད་བྱས་སོ།། ཟླ5བའི་ཚེ17ལ་སྐྱབས་རྗེ་དམ་པ་མཆོག་གི་ཞབས་རིས་རྩིབས་སྟོང་འཁོར་ལོའི་རི་མོ་གནས་འདིར་འཁོད་དེ། ས་ཆེན་རྡུལ་གྱི་གྲངས་ལ་རྒོལ་བའི་སྐྱེ་འགྲོ་མཐའ་དག་ལ་དབང་ཁྲིད་མན་ངག་གི་ཆར་རྒྱུན་དབྱིངས་ནས་སྤྲོས་ཏེ། གདུལ་བྱ་བགྲང་གིས་མི་ལང་བ་དག་སྨིན་གྲོལ་གྱི་ལམ་ལ་བཀོད་པ་དང་། གཞན་ཡང་སྐྱེས་ཆེན་བརྒྱ་ཕྲག་དུ་མའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཞིག་ཏུ་གྱུར་རོ།།
            2002ལོར་དགོན་འདིར་གཉོམ་ལག་རྒྱས་པའི་དགེ་འདུན་པ་གྲྭ་བཙུན་རྣམས་ཐོས་བསམ་གྱི་ལས་ལ་བརྩོན་པའི་འདུན་པ་ཤུགས་དྲག་ཏུ་བྱུང་བ་ན། ཡང་སེར་སྐྱ་མང་བོའི་སྐུ་ཚབ་ཏུ། དགོན་པའི་ལས་ཐོག་པ་དགེ་སློང་བཤད་སྒྲུབ་རྒྱ་མཚོ་དང་། སྙིང་རྒྱལ་གཉིས་བྱང་རྒྱུད་བསྟན་པའི་འབྱུང་གནས་དྷི་ཚ་བཀྲ་ཤིས་ཆོས་སྡིངས་སུ་སོང་ནས་དགེ་བའི་བཤེས་གཉེན་འཇམ་དབྱངས་དགེ་ཚོགས་ཡང་ཡང་གདན་ཞུ་བྱས་པ་དང་། ཁོང་གི་བཀའ་དྲིན་གསུམ་ལྡན་གྱི་བླ་མས་ཀྱང་བཀའ་ལུང་སྤྱི་བོར་བསྩལ་བ་མ་ཐེག་པར་ཁོང་ཉིད་གནས་འདིར་ཕེབས། གཞི་གསུམ་གྱི་ཆོ་གའི་རིམ་པ་ཐམས་དག་དྷི་ཚའི་ཕྱག་བཞེས་བཞིན་གྲྭ་མ་ཆག་ཟུར་མ་ཉམས་པའི་སྒོ་ནས་བཙུགས་པ་དང་། རིས་མེད་ཀྱི་སེར་སྐྱ་མང་བོར། སྒྲ། སྙན་ངག སུམ་རྟག་དག་གསུམ། ལམ་རིམ། བློ་སྦྱོང་། བསླབ་བྱ་སྣ་ཚོགས་སོགས་མདོར་ན་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། ལམ་བསླབ་པ་གསུམ་གྱི་ཉམས་ལེན་སོགས་ཚང་ལ་མ་ནོར་བར་འཇམ་མགོན་བསྟན་པའི་སྙིང་བོ་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཕྱོགས་འདིར་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་སྐུ་དྲིན་སྐྱོང་བཞིན་མཆིས་པ་ལགས་སོ།།