དང་པོ། ཁག་ཐེངས་དང་རེ་འདུན་ཐོ་འགོད།
1.རྒྱུགས་སྤྲོད་སློབ་མའི་མཐོ་རྒྱུགས་རེ་འདུན་ཐོ་འགོད་ཁྲོད་ཀྱི་ཉེན་ཁ་ཇེ་ཉུང་དུ་གཏོང་བ་དང་། རྒྱུགས་སྤྲོད་སློབ་མའི་རེ་འདུན་ཐོ་འགོད་བྱེད་སྐབས་ཀྱི་སེམས་ཁམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་བ་བཅས་ཀྱི་ཆེད་དུ། 2019ལོར་བོད་རང་སྐྱོང་ལྗོངས་མཐོ་སློབ་དཀྱུས་མའི་སློབ་བསྡུར་“གཅིག་མཚུངས་རེ་འདུན་འགོད་ཐབས” (平行志愿)ལག་བསྟར་བྱ་རྒྱུ།
2.མཐོ་རྒྱུགས་རེ་འདུན་ཐོ་འགོད་ལ་སྔ་སྣུར་ཁེར་རྐྱང་སློབ་བསྡུའི་ཁག་ཐེངས་(དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་ཚུད་པ)དང་། དངོས་གཞིའི་ཁག་ཐེངས་དང་པོ་(གཙོ་གནད་དངོས་གཞིའི་སློབ་གྲྭ་དང་ཁག་ཐེངས་འདིའི་སློབ་བསྡུར་ཞུགས་པར་ཆོག་མཆན་ཐོབ་པའི་དངོས་གཞིའི་སློབ་གྲྭ་དཀྱུས་མ་དང་ཆེད་ལས)དང་། དངོས་གཞི་ཁག་ཐེངས་གཉིས་པ་(དངོས་གཞིའི་སློབ་ཆེན་དཀྱུས་མ་དང་ཁེར་ཚུགས་སློབ་ཆེན་གྱི་དངོས་གཞིའི་ཆེད་ལས་དང་དམངས་གཉེར་སློབ་ཆེན་གྱི་དངོས་གཞིའི་ཆེད་ལས)དང་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་(ཆེད་ལས་ཚན་ཁག)ཡི་ཁག་ཐེངས་བཅས་འདུས།
3. སྔ་སྣུར་ཁེར་རྐྱང་སློབ་བསྡུའི་ཁག་ཐེངས་ལ་སྔར་བཞིན་སྲོལ་རྒྱུན་གྱི་རེ་ཞུ་རྣམ་པ་སྤྱོད་པ་དང་། ཁག་ཐེངས་རེ་ལ་སློབ་ཆེན་གསུམ་གྱི་རེ་ཞུ་བཀོད་སྒྲིག་བྱས་པ་སྟེ། རེ་འདུན་དང་པོ་དང་རེ་འདུན་གཉིས་པ། རེ་འདུན་གསུམ་པ་བཅས་སོ། སློབ་ཆེན་སོ་སོའི་རེ་འདུན་ལ་ཆེད་ལས་བཞི་དང་ཆེད་ལས་དང་ལེན་སྙོམ་སྒྲིག་བཅས་གདམ་ཆོག
4.དངོས་གཞིའི་ཁག་ཐེངས་དང་པོ་དང་དངོས་གཞིའི་ཁག་ཐེངས་གཉིས་པ། མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་(ཆེད་ལས་ཚན་ཁག)བཅས་ལ་“གཅིག་མཚུངས་རེ་འདུན་འགོད་ཐབས”ལག་བསྟར་བྱེད་པ་དང་། ཁག་ཐེངས་རེ་ལ་A.B.C.D.E.F.G.H.I.Jབཅས་སློབ་ཆེན་10ཡི་རེ་འདུན་བཀོད་སྒྲིག་བྱས་ཡོད་པ་དང་། སློབ་ཆེན་སོ་སོར་ཆེད་ལས་ཀྱི་རེ་འདུན་4དང“ཆེད་ལས་དང་ལེན་སྙོམ་སྒྲིག”རེ་འདུན་བཀོད་སྒྲིག་བྱས་ཡོད་པ་ལས། “སློབ་ཆེན་དང་ལེན་སྙོམ་སྒྲིག”གི་རེ་འདུན་བཀོད་སྒྲིག་བྱས་མེད། སློབ་ཆེན་གྱི་འཆར་གཞི་མ་གྲུབ་པ་ཁག་རེ་འདུན་བསྡུ་རུབ་ཀྱི་རྣམ་པས་ཐག་གཅོད་བྱ་རྒྱུ་ཡིན། རེ་འདུན་བསྡུ་རུབ་ལ་ཡང་“གཅིག་མཚུངས་རེ་འདུན་འགོད་ཐབས”ཀྱི་རྣམ་པ་སྤྱོད་པ་དང་། རེ་འདུན་བསྡུ་རུབ་དེ་གནས་ཚུལ་ལ་བལྟས་ནས་ཐེངས་གཅིག་དང་ཐེངས་མང་པོར་བྱས་ཆོག
5. སྔ་སྣུར་ཁེར་རྐྱང་སློབ་བསྡུའི་སློབ་ཆེན་(ཆེད་ལས)དེ་རིགས་བརྒྱད་ལ་དབྱེ་ཆོག་སྟེ། (1)དམག་དཔུང་སློབ་ཆེན་(དྲག་པོའི་ཉེན་རྟོག་པའི་སློབ་ཆེན་ཡང་འདུ)དང་། ཐད་ཀའི་སློབ་བསྡུ་ཆེད་ལས་དམག་སློབ་སློབ་ཆེན། (2)སྤྱི་བདེ་སློབ་ཆེན་དང་། ཁྲིམས་འཛིན་ཉེན་རྟོག་སློབ་ཆེན་དང་སྲིད་ཁྲིམས་སློབ་ཆེན་བཅས་ཀྱི་མྱུལ་ཞིབ་དང་བདེ་འཇགས་བདག་དམ། ཉེས་དོན་ཁྲིམས་འཛིན། སྤྱི་བདེ་སོགས་ཀྱི་ཆེད་ལས།(3)མཚོ་འགྲུལ་སྐོར་གྱི་སློབ་ཆེན་ཆེད་ལས།(4)པེ་ཅིང་སློབ་ཆེན། ཆིན་ཧྭ་སློབ་ཆེན། ཧྥོ་ཏན་སློབ་ཆེན། སློབ་གསོ་པུའུ་ཡི་ཁོངས་གཏོགས་དགེ་འོས་སློབ་ཆེན་གྱི་དགེ་འོས་ཆེད་ལས། པེ་ཅིང་གློག་རྡུལ་ཚན་རྩལ་སློབ་ཆེན་སོགས།(5)ལྗོངས་ནང་ཁུལ་གྱི་སློབ་ཆེན་གྱི་དགེ་འོས་ཆེད་ལས།(6)རྒྱལ་ཁབ་ཀྱི་ཆེད་དོན་འཆར་གཞིའི་སློབ་ཆེན།(7)ས་གནས་ཀྱི་ཆེད་དོན་འཆར་གཞིའི་སློབ་ཆེན།(8)རོལ་མོ་དང་མཛེས་རྩལ། ཞབས་བྲོ། ལུས་རྩལ་ལས་རིགས་ཀྱི་ཆེད་ལས་དང་དེ་མིན་སྒྱུ་རྩལ་དང་ལུས་རྩལ་སྐོར་གྱི་སྐར་གྲངས་ཚད་གཞི་ལྟར་བསྡུ་བའི་ཆེད་ལས།
6.རྒྱུགས་སྤྲོད་སློབ་མ་སོ་སོས་སྔ་སྣུར་ཁེར་རྐྱང་སློབ་བསྡུའི་རེ་འདུན་འགོད་སྐབས། དེའི་གྲས་ནས་སློབ་ཆེན་དང་ཆེད་ལས་(རོལ་མོ། མཛེས་རྩལ། ཞབས་བྲོ་སོགས་ཁྱབ་ཁོངས་བརྒལ་ནས་མཉམ་དུ་གདམ་མི་ཆོག)གཅིག་ལས་གདམ་མི་ཆོག
7.བོད་ལྗོངས་ནས་བསྡུས་པའི་ཀྲུང་དབྱང་གི་པུའུ་ཨུ་སོ་སོའི་ཁོངས་གཏོགས་སློབ་ཆེན་(དམག་དཔུང་སློབ་ཆེན་ཚུད་མེད།)གྱིས་རྩ་དོན་ལྟར་ན་སློབ་ཆེན་ཚད་བཀག་བྱེད་མི་ཆོག
གཉིས་པ། རེ་ཞུ་རེའུ་མིག་སྐོང་ཐབས།
1.རྒྱུགས་སྤྲོད་སློབ་མ་ཚང་མས་ཐོ་འགོད་ཨང་གྲངས་དང་གསང་གྲངས་ལྟར་དྲ་ལམ་ནས་རེ་འདུན་ཐོ་འགོད་བྱེད་དགོས། རྒྱུགས་སྤྲོད་སློབ་མས་རང་གིས་གདམས་པའི་དོན་དངོས་རང་བཞིན་དང་ཡང་དག་རང་བཞིན་ལ་འགན་འཁུར་དགོས།
2.རྒྱུགས་སྤྲོད་སློབ་མས་རང་སྐྱོང་ལྗོངས་སློབ་བསྡུའི་གཞུང་སྒྲུབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་འཆར་གཞི་གཞིར་བཟུང་ནས། རང་གིས་ཐོ་འགོད་བྱས་པའི་ཚན་ཁག་ཁྲོད་སློབ་གྲྭ་དང་ཆེད་ལས་ཀྱི་རེ་འདུན་གདམ་འགོད་བྱེད་དགོས་པར་མ་ཟད། འབྲེལ་ཡོད་ཐག་གཅོད་དང་བླང་བྱ་ལྟར་ཐོ་འགོད་དགོས།
3.རྒྱུགས་སྤྲོད་སློབ་མས་རེ་འདུན་མ་བཀོད་པའི་སྔོན་ལ། ཐོ་འགོད་སློབ་ཆེན་གྱི་སློབ་བསྡུའི་སྒྲིག་ཡིག་ལ་ནན་ཏན་སྒོས་ལྟ་ཀློག་དང་ཡང་ན་ཐད་ཀར་སློབ་གྲྭར་འབྲེལ་བ་བྱས་ཏེ། ཐོ་འགོད་སློབ་ཆེན་གྱི་རིགས་(གཞུང་སྒྲུབ་དང་སྒེར་གཉེར་སོགས།)དང་། སློབ་སྒྲུབ་གནས་ཚུལ། སློབ་སྒྲུབ་ས་གནས། ཐོ་འགོད་བླང་བྱ་དང་སློབ་རིན་ཚད་གཞི་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་དགོས། སྐས་རིམ་གྱི་རེ་འདུན་ཐོ་འགོད་རྣམ་པ་ལྟར་བྱེད་པ་ལས། རྨོངས་ཚོད་ཀྱིས་ཐོ་འགོད་བྱ་མི་རུང་། ས་གནས་(གྲོང་ཁྱེར།)སློབ་བསྡུ་གཞུང་སྒྲུབ་ཁང་དང་རྒྱུགས་སྤྲོད་སློབ་མ་ཡོད་སའི་སློབ་འབྲིང་གིས་རྒྱུགས་སྤྲོད་སློབ་མའི་རེ་འདུན་ཐོ་འགོད་གྱི་མཛུབ་སྟོན་ལ་ཤུགས་སྣོན་དགོས།
4.རྒྱལ་ཡོངས་ཁྱབ་ཁོངས་ཀྱི་སློབ་བསྡུའི་ཁྲོད་དང་ལོགས་སུ་རང་ལྗོངས་ཀྱི་སློབ་བསྡུའི་འཆར་གཞིའི་ནང་མ་བཀོད་པའི་ལྗོངས་ཕྱིའི་མཐོ་སློབ་དཀྱུས་མའི་སྒྱུ་རྩལ་ཆེད་ལས་ཀྱི་སློབ་མ་ཚང་མས་ལོགས་སུ་སྔ་སྣུར་ཁེར་རྐྱང་སློབ་བསྡུའི་རེ་འདུན་འགོད་དགོས་པ་མ་ཟད། རང་སྐྱོང་ལྗོངས་སློབ་བསྡུ་གཞུང་སྒྲུབ་ཁང་ལ་ཆེད་ལས་ཁ་སྣོན་རྒྱུགས་གཞིའི་ཐོབ་སྐར་གྱི་ཚད་ལོན་དཔང་ཡིག་དང་སློབ་བསྡུའི་སློབ་ཆེན་གྱི་འབྲེལ་གཏུག་བྱེད་སྟངས་སོགས་ཀྱི་འབྲེལ་ཡོད་རྒྱུ་ཆ་མཁོ་སྤྲོད་བྱེད་དགོས།
5.རེ་འདུན་ཐོ་འགོད་དེ་ཐོབ་སྐར་དང་སློབ་བསྡུའི་སྐར་གྲངས་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས་རྗེས་གཅིག་གྱུར་སྒོས་བྱ་རྒྱུ་དང་། རང་ལྗོངས་ཀྱིས་ཁག་ཐེངས་ཚང་མའི་རེ་འདུན་དེ་2019ལོའི་ཟླ་6པའི་ཚེས་26ཉིན་ནས་ཟླ་7པའི་ཚེས་1བར་གཅིག་གྱུར་སྒོས་ཐོ་འགོད་བྱེད་པར་བཀོད་སྒྲིག་བྱ་རྒྱུ།
6.རེ་འདུན་བསྡུ་རུབ་ཀྱི་བྱ་བ་དེ་ངེས་པར་དུ་ཡོངས་བསྒྲགས་དང་། དྲང་བདེན། འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁུངས་ཀྱི་རྐྱེན་པས་མ་འགྲུབ་པའི་འཆར་གཞིའི་ཆ་འཕྲིན་ཡོངས་བསྒྲགས་དང་། རེ་འདུན་བསྡུ་རུབ་རྣམ་པ་དང་དུས་ཚོད་སོགས་ཡོངས་བསྒྲགས་བྱེད་དགོས།
7.རང་སྐྱོང་ལྗོངས་སློབ་བསྡུ་གཞུང་སྒྲུབ་ཁང་གིས་སློབ་བསྡུའི་སློབ་ཆེན་གྱི་འཆར་གཞིའི་ལེགས་འགྲུབ་གནས་ཚུལ་དང་སློབ་བསྡུའི་བྱ་བའི་མགྱོགས་ཚད་ཀྱི་བཀོད་སྒྲིག་ལྟར། སློབ་བསྡུ་སློབ་ཆེན་གྱིས་སྐྱེ་ཁུངས་ཀྱི་རྐྱེན་པས་མ་འགྲུབ་པའི་འཆར་གཞི་དེ་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་གི་དྲ་ཚིགས་སུ་ཁྱབ་བསྒྲགས་བྱེད་ངེས།