ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལུས་ཕུང་ལ་དབང་སྐྱོན་ཤོར་ཡང་ཕུགས་བསམ་གྱི་ཁ་དོག་མ་ཡལ་པར་བློ་སེམས་རྣལ་མས་ལས་རིགས་གཉེར་པ།

སྤེལ་དུས 2019-06-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལྷ་སར་དབང་སྐྱོན་རྐུབ་འཁོར་སྟེང་སྡོད་པའི་ལས་གཏོད་པ་གྲགས་ཅན་ཞིག་ཡོད་པ་དེས་རང་ཉིད་ཀྱི་ལས་གཏོད་ལ་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་མ་ཟད། ད་དུང་དབང་པོ་སྐྱོན་ཅན་པའི་ལས་གཏོད་ལས་ཞུགས་ལའང་སྐུལ་ཁྲིད་གནང་ཐུབ་ཡོད་དེ། ཁོའི་མིང་ལ་ཇོ་ལེགས་ཞེས་འབོད་ཅིང་།  ཁོ་ནི“དམངས་ཀྱིས་ལས་གཏོད་དང་ལས་རིགས་གསར་གཏོད་བྱེད་པའི”ཁྲོད་ཀྱི་ཕུལ་བྱུང་མི་སྣ་ཞིག་ཡིན་ལ། ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལས་གཏོད་མི་སྣ་ཐོག་མ་དེ་ཡང་ཆགས་ཡོད་པ་རེད། 
             2009ལོར་བློ་ཡུལ་ལས་འདས་པའི་རྐྱེན་ངན་ཞིག་གིས་ཇོ་ལེགས་ནི་གཞོན་ནུ་ལུས་སྟོབས་འཕེལ་བ་ཞིག་ནས་གློ་བུར་དུ་རྐུབ་འཁོར་སྟེང་སྡོད་དགོས་བྱུང་པའི་དབང་པོ་སྐྱོན་ཅན་ཞིག་ཏུ་གྱུར་པ་དང་། དེའི་རྗེས་ཀྱི་ལོ་ངོ་གསུམ་རིང་ནང་མིས་ཁོ་ཉིད་གང་སར་ཁྲིད་དེ་སྨན་པར་བསྟེན་ནས་ཉིན་ཞིག་ལ་ཁོ་རང་སླར་ཡང་ཡར་ལངས་ཐུབ་པའི་རེ་བ་བརྒྱབ་ཡོད་མོད། དེ་ལྟར་ནའང་ལས་དབང་ནི་སུས་ཀྱང་བཟློག་ཐབས་མེད་པར་ལོ་ངོ་དུ་མའི་རིང་གི་རེ་ལྟོས་ལ་འབྲས་བུ་སྨིན་མ་ཐུབ་པ་དང་། རང་ཉིད་ཀྱི་སྨན་བཅོས་ལའང་རེ་བ་ཆེན་པོ་མེད་པ་ཚོར་ནས་ཇོ་ལེགས་ནི་ཉིན་རེ་བཞིན་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་པ་རེད།
             དེ་ལྟར་ནའང་།   2012ལོར་གནས་བབ་སྐྱོ་བོ་དེར་སྟེས་དབང་གི་གོ་སྐབས་བཟང་པོ་དང་འཕྲད་ནས་ཇོ་ལེགས་ཞེས་པའི་ལོ་གཞོན་འདིར་སླར་ཡང་རེ་བ་དང་འཚོ་རྟེན་གསར་པ་ཞིག་རྙེད་བྱུང་པ་རེད། 
ཇོ་ལེགས་ཀྱིས་རང་ཁྱིམ་གྱི་སྒོ་རའི་ནང་དུ་ཤིང་བརྐོས་རི་མོ་སྣ་ཚོགས་ལ་བལྟ་བཞིན་པའི་ཚུལ།
             ཇོ་ལེགས་ལྟར་ན “བོད་ཀྱི་ལོ་གསར་གོང་གི་ཉིན་འགའི་རིང་ནང་མིས་ང་ཁྲིད་ནས་ལྷ་སར་ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་པ་ཡིན་ལ།  ངས་ནི་ལམ་འགྲམ་དུ་ཤིང་བརྐོས་བཟོ་རྩལ་ཐོན་རྫས་སྣ་ཚོགས་བཙོང་རྒྱུ་ཡོད་པ་མཐོང་ཞིང་། སྐབས་དེར་ཤིང་བརྐོས་འདི་དག་ནི་ཇི་ལྟར་བཟོས་པ་ཡིན་ནམ་ཞེས་མཚར་སྣང་ཆེན་པོ་སྐྱེས་པ་དང་། དེ་ནས་ཁྱིམ་དུ་ལོག་ནས་དྲ་ཐོག་ནས་འཚོལ་ཞིབ་བྱས་ཏེ་འབུར་བརྐོས་ཀྱི་རྨང་གཞིའི་ཤེས་བྱར་སློབ་སྦྱོང་བྱས་པ་ཡིན”ཞེས་ཟེར།
             སྐབས་དེ་ནས་བཟུང་།ཇོ་ལེགས་ཀྱི་གཤིས་སྤྱོད་རྩུབ་པོ་དེའང་རིམ་གྱིས་ཞི་བར་གྱུར་ནས་ཁོས་ནམ་རྒྱུན་གློག་ཀླད་ཀྱི་མདུན་ནས་ཟས་བརྗེད་གཉིད་ཆག་སྒོས་འབུར་བརྐོས་དང་ཇུས་འགོད་ཐད་ཀྱི་ཤེས་བྱར་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། སྦྱངས་མ་ཐག་ཏུ་དུས་ཚོད་དམ་འཛིན་བྱས་ནས་རང་ཉིད་ཀྱིས་འབུར་བརྐོས་བཟོ་རྒྱུར་ལག་ལེན་ཚོད་ལྟ་གནང་པ་རེད།
             ཇོ་ལེགས་ཀྱིས“དེང་ཐོག་བརྩམས་ཆོས་དག་ནི་མིག་ལ་ཤིན་ཏུ་མི་མཛེས་པར་སྣང་ནའང་། རིམ་གྱིས་བཟོ་བཀོད་འདྲ་པོ་ཞིག་ཏུ་ལག་ལེན་དུ་འཁྱོངས་ཐུབ་པར་གྱུར་བྱུང”ཟེར།
             2012ལོར། ཇོ་ལེགས་ཀྱིས་མལ་གྲོ་གུང་དཀར་རྫོང་གི་དབང་པོ་སྐྱོན་ཅན་གྱི་མཛའ་གྲོགས་མཉམ་ལས་ཁང་བཙུགས་ནས་བོད་བཟོའི་ཁྱིམ་ཆས་དང་ཕྱེ་མར་སྒམ་ཆུང་སོགས་གཙོར་བཟུང་ནས་ཐོན་སྐྱེད་བྱས་པ་དང་། ཐོན་རྫས་དེ་དག་ཚང་མར་ཇོ་ལེགས་ཀྱི་ཇུས་འགོད་བསམ་ཕྱོགས་མངོན་ཡོད་ཕྱིར་ཁྲོམ་རའི་ནང་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་ཅེས་ཁོས་རང་ཉིད་ལ་ད་ལྟའི་གྲུབ་འབྲས་འདི་འདྲ་ཐོབ་པར་བཀའ་དྲིན་ཞུ་འོས་པ་ནི་རང་གི་ནང་མི་དག་ཡིན་ཟེར།
             ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོ་མཇུག་གྲིལ་རྗེས་ཇོ་ལེགས་ལ་མུ་མཐུད་ལས་གཏོད་ཀྱི་སེམས་ཤུགས་སྔར་བས་ཇེ་བརྟན་དུ་ཕྱིན་པ་དང་། དེ་མ་ཟད་ཁོ་ཉིད་དཀའ་སྡུག་ཁྲོད་ཡར་ལ་འགྲེངས་པ་མ་ཟད་དབང་བོ་སྐྱོན་ཅན་གཞན་དག་ལ་རྒྱབ་སྐྱོར་གནང་པའི་སྙིང་སྟོབས་དེས་ལོ་གཞོན་སྐོར་ཞིག་སེམས་འགུལ་ཐེབས་ཡོད་པ་རེད།
བྱིས་པ་དག་གིས་ཇོ་ལེགས་ཀྱིས་བཟོས་པའི་སམ་ཊའི་སྟེང་ཡི་གེ་སྦྱོང་བཞིན་པ།
             2015ལོར་བསམ་གཞིག་དང་གསར་གཏོད་བྱེད་མཁས་པའི་ཇོ་ལེགས་ཀྱིས་ལས་གཏོད་ཀྱི་ལམ་ཁ་གསར་པ་ཞིག་རྙེད་ཡོད་དེ། ཁོ་རང་་སློབ་གྲྭར་ཐོག་མར་སྐྱོད་སྐབས་སམ་ཊའི་སྟེང་ཡིག་བྲིས་སྦྱངས་པ་ཡིན་མོད། དེ་ལྟར་ནའང་འཕེལ་རྒྱས་ཀྱི་གོམ་འགྲོས་མགྱོགས་པའི་ལོ་ངོ་བཅུ་ལྷག་རིང་བོད་དུ་སམ་ཊའི་སྟེང་ཡིག་བྲིས་སྦྱོང་མཁན་ཉུང་ཉུང་རེད། 2015ལོའི་བོད་ལྗོངས་འགྲེམས་ཚོགས་རིང་ཇོ་ལེགས་ཀྱིས་སམ་ཊ་ལྔ་བཅུ་ལྷག་བཟོས་ནས་ཁྲོམ་རར་བཙོང་པར་ཚོད་ལྟ་བྱས་པར་དུས་ཡུན་ཉིན་གཉིས་མ་འགོར་བར་ཡོད་ཚད་བཙོང་ཚར་པ་རེད། དེས་ནི་ཁོས་སམ་ཊ་ནི་གཞན་གྱིས་དགའ་བོ་མེད་པ་མ་ཡིན་པར་དེ་བཟོ་མཁན་མེད་པ་རེད་ཅེས་ཡིད་ཆེས་དང་གདེང་ཚོད་ཆེན་པོ་ཞིག་སྦྱིན་ཡོད་པ་རེད།
             དེའི་རྗེས་སུ། ཇོ་ལེགས་ཀྱིས་བོད་ཡིག་ཡིག་གཟུགས་ཆེད་མཁས་དང་བློ་འདྲི་གནང་ནས་སམ་ཊའི་སྟེང་ “ཡིག་གཟུགས་འབྲི་བའི་དགེ་མཚན་ལ་རིགས་སྒྲུབ་གང་ལེགས་བྱས་པར། སམ་ཊའི་སྟེང་ཡི་གེ་བྲིས་ན་ཡིག་གཟུགས་བརྟན་པོ་ཡོད་པ་མ་ཟད། ད་དུང་ཡི་གེ་འབྲི་སྐབས་སྐྱིལ་ཀྲུང་དུ་སྡོད་པ་དང་སྐེད་པ་དྲང་པོ་ཡོང་དགོས་པས་གང་གི་སློབ་སྦྱོང་གི་རྣམ་འགྱུར་དང་སེམས་ཀྱི་བརྟན་ཤུགས་ལ་སྦྱོང་བརྡར་ཡག་པོ་ཐོབ་ཐུབ”དེ་ཡང་སམ་ཊའི་དགེ་མཚན་གླེང་དུས་ཇོ་ལེགས་ལ་གསལ་བཤད་མགོ་རྔ་འཐུས་ཚང་ཞིང་གོ་རིམ་ལྡན་པ་ཞིག་ཡོད་པ་རེད།
             2016ལོར་ཇོ་ལེགས་ཀྱིས་རང་ཉིད་ཀྱི་སྤྱི་གཉེར་ཁང་གསར་འཛུགས་གནང་པ་དང་། ར་མོ་ཆེ་འཁྲིས་སུ་ཐད་འཚོང་ཁང་ཞིག་བཙུགས་ཡོད་པ་མ་ཟད་གཙུག་ལག་ཁང་གི་འཁྲིས་སུ་རོལ་མྱོང་ཁང་ཞིག་ཀྱང་བཙུགས་ཡོད་པ་རེད། ཁོ་རང་ལྟར་ན“ལུས་ཕུང་བདེ་ཐང་ནས་དབང་པོ་སྐྱོན་ཅན་དུ་གྱུར་བའི་རིང་ངས་ནི་དཀའ་ལས་དང་སྡུག་བསྔལ་མང་པོ་མྱངས་ཡོད་ལ། རིམ་པ་རེ་རེ་བཞིན་བསྐྱོད་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མ་རེད།མ་ཟད་དབང་པོ་སྐྱོན་ཅན་ལ་ཁས་ལེན་ཐོབ་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་ཡིན་པ་ངས་ནི་གསལ་པོ་རྟོགས་ཀྱི་ཡོད་དེ། མཉམ་ལས་ཁང་བཙུགས་པ་ནས་བཟུང་ངས་དབང་པོ་སྐྱོན་ཅན་དག་ནང་དུ་བསྡུས་ནས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཁོང་ཚོར་གོ་སྐབས་མང་ཙམ་སྤྲོད་རྩིས་བྱེད་ཀྱི་ཡོད”ཟེར།  མིག་སྔར་ཇོ་ལེགས་ཀྱི་སྤྱི་གཉེར་ཁང་དུ་ལས་མི37ཡོད་པའི་ནང་དབང་པོ་སྐྱོན་ཅན27ཡོད་པ་རེད།
             འབྱུང་འགྱུར་གྱི་ལམ་བུ་ནི་ད་དུང་ཧ་ཅང་རིང་པོ་ཡོད་དེ། ཇོ་ལེགས་ཀྱིས་རང་ཉིད་ཀྱི་ཕུགས་བསམ་སེམས་ལ་བཟུང་ནས་མུ་མཐུད་དུ་མདུན་བསྐྱོད་ངེས་ཤིང་། ལམ་བུ་དེའི་སྟེང་ཁོ་རང་ཡང་རྐང་པས་བགྲོད་དགོས་པ་མིན་པར“སེམས”ཀྱིས་བགྲོད་དགོས་པའོ།།