ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསེར་རིའི་མི་སྣ།

ཆུ་དང་འོ་མ་འདྲེས་པ་བཞིན་ནང་མ་སྟོད་གཞས་སེམས་སུ་སིམས།

སྤེལ་དུས 2019-06-10 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
—— ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པའི་ཚོགས་གཙོ་ཚེ་རིང་བདེ་སྐྱིད་ཀྱི་སྐོར་བཀོད་པ།

ནང་མ་སྟོད་གཞས་ཀྱི་དགེ་རྒན་ཉི་མ་མཚམས་གཅོད (གཡས )དང་ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པའི་ཚོགས་གཙོ་ཚེ་རིང་བདེ་སྐྱིད(གཡོན)
          གླེང་མོལ་ལྷུག་པོའི་ཁྲོད་དུ་ནང་མ་སྟོད་གཞས་སྦྱང་རྒྱུའི་སེམས་ཐག་བཅད།
          ད་ལོ་ལོ་དྲུག་ཅུར་སླེབས་པའི་ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པའི་ཚོགས་གཙོ་ཚེ་རིང་བདེ་སྐྱིད་ལོ་གསུམ་གྱི་གོང་དུ་རྒས་ཡོལ་ཞུས་ནས་ལྷ་སར་འཚོ་བ་བསྐྱལ་ཏེ་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད། ཁོང་གིས་སྔོན་ཆད་ནས་ནང་མ་སྟོད་གཞས་ཀྱི་གཞས་ཚིག་ཀྱི་ནང་དོན་ཟབ་པ་དང་། གཞས་གདངས་སྙན་པ། དལ་ཞིང་འཇོ་སྒེག་ཉམས་འགྱུར་ལྡན་པ། འཁྲུག་ཆ་དོད་པ་སོགས་རྣ་བས་ཐོས་པ་ཙམ་གྱིས་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་ནུས་པ་ཤེས་ཀྱི་ཡོད་ཀྱང་། རྒས་ཡོལ་མ་ཞུས་གོང་དུ་ནང་མ་སྟོད་གཞས་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་མ་གཏོགས་རང་ཉིད་དངོས་སུ་སྦྱངས་ནས་སྡིངས་ཆའི་ཐོག་ཏུ་འཁྲབ་མྱོང་མེད་པ་རེད། ཁོང་རྒས་ཡོལ་ཞུས་རྗེས་ཀྱི་ཉིན་ཞིག་ལ་གྲོགས་མོ་དང་ལྷན་དུ་ཇ་ཁང་ནང་ཇ་འཐུང་ཞོར་དུ་རྒྱུན་ལྡན་གྱི་འཚོ་བའི་སྐོར་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས། གྲོགས་མོ་ཞིག་གིས“ང་ཚོ་རྒས་ཡོལ་ཞུས་ནས་རང་དགར་བསྡད་ན་མི་ཚེར་སྙིང་པོ་མེད་པས། དེ་ལས་དོན་སྙིང་ལྡན་པའི་ལས་ཀ་ཞིག་བསྒྲུབས་ན་བཟང་། ད་ལྟ་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་རིན་མེད་ཐོག་ནང་མ་སྟོད་གཞས་སློབ་ཀྱི་ཡོད་པས་ང་ཚོ་མཉམ་དུ་མིང་ཐོ་བཀོད་ན་མི་ལེགས་སམ”ཞེས་བཤད་པས། ཚེ་རིང་བདེ་སྐྱིད་ཀྱི་སེམས་སུ་རང་རེའི་བོད་ལ་ཤོན་དང་། ལྷ་མོ། རལ་པ། གཞས་ཆེན། སྒོར་གནས། ནང་མ། སྟོད་གཞས། འབྲས་དཀར་སོགས་སྒྱུ་རྩལ་གྱི་རྣམ་གྲངས་ཕུན་སུམ་ཚོགས་པོ་ཡོད་ཀྱང་། ཐམས་ཅད་ཤེས་ཐབས་མེད་པས། ངང་པས་ཆུ་ལས་འོ་མ་ལེན་པ་བཞིན་སྒྱུ་རྩལ་གྱི་རྣམ་གྲངས་གཅིག་གཉིས་ཤེས་ན་ཅི་མ་རུང་སྙམ་པའི་བསམ་བློ་འཁོར་ཞིང་། ད་ཐེངས་ཁོང་གི་སེམས་སུ་སྔོན་ཆད་ནས་སྦྱང་འདོད་པའི་ནང་མ་སྟོད་གཞས་སྦྱང་རྒྱུའི་རེ་བ་འདུག་བསམས་ནས་དེ་མ་ཐག་ཏུ་གྲོགས་མོའི་སྐད་ཆར་མོས་མཐུན་བྱས། 

དགེ་སློབ་ལྷན་དུ་བསྒྲོན་པའི་འདྲ་པར། 
          ཀུན་གྱིས་མཁྱེན་གསལ་ལྟར། རང་རྒྱལ་འདི་ཉིད་རིག་གནས་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་ཏུ་བསྐྲུན་རྒྱུར་སྤྱི་ཚོགས་ཐོག་གི་ལས་རིགས་ཁག་ཚང་མས་རང་རང་གི་ནུས་པ་འདོན་བཞིན་ཡོད། 2008ལོར་ནང་མ་སྟོད་གཞས་དེ་རྒྱལ་ཁབ་རིམ་པའི་ཁག་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་དུ་ཚུད་པས།  ནང་མ་སྟོད་གཞས་དེ་ཉིད་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཛིན་དང་དར་སྤེལ་ཡོང་ཆེད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྐད་གྲགས་ཆེ་བའི་སྒྱུ་རྩལ་བ་དབང་ཆེན་དང་ཉི་མ་མཚམས་གཅོད་གདན་དྲངས་ནས་ནང་མ་སྟོད་གཞས་ལ་དགའ་ཞེན་ཡོད་མཁན་ཚོར་རིན་མེད་ཐོག་སློབ་ཀྱི་ཡོད་པ་རེད། རྒན་ལགས་ཁོང་རྣམ་གཉིས་ནི་ཐུགས་རྒྱུད་བཟང་བ་དང་། བབ་ཆགས་པ། སེམས་རྩ་འཁོལ་བ། ནང་མ་སྟོད་གཞས་བྱང་ཆུབ་པ་བཅས་ཡོད་པས། སློབ་མ་ཚོས་ཁོང་རྣམ་གཉིས་ཀྱིས་ཞབས་བྲོ་བསླབ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཚེ་རིང་བདེ་སྐྱིད་དང་ཁོང་གི་གྲོགས་མོས་2017ལོར་མིང་ཐོ་བཀོད་ནས་ནང་མ་སྟོད་གཞས་སྦྱོང་འགོ་ཚུགས་པ་རེད།

ལྷན་འཛོམས་སྐབས་བསྒྲོན་པའི་འདྲ་པར། 
          ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་དཀའ་ངལ་ཁྱད་དུ་བསད་པས་འབྲས་བཟང་ཐོབ།
          ཀླུ་ཁང་ནང་མ་སྟོད་གཞས་ཀྱི་ཚོགས་གཙོ་ཚེ་རིང་བདེ་སྐྱིད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ལོ་གཅིག་ཙམ་རིང་ནང་མ་སྟོད་གཞས་ཀྱི་སྦྱོང་བརྡར་འཛིན་གྲྭར་ཞུགས་ནས་གཞས་དང་ཞབས་བྲོ་སྦྱངས་པ་རེད། ཁོང་ནི་ནང་མ་སྟོད་གཞས་ཀྱི་རྨང་གཞི་རྩ་བ་ནས་མེད་མཁན་ཞིག་ཡིན་སྟབས། ཞབས་བྲོ་སྦྱོང་བའི་བརྒྱུད་རིམ་ཁྲོད་དུ་དཀའ་ངལ་ཆེ་ཙམ་འཕྲད་ནས་དེ་མ་ཐག་ཏུ་ཤེས་ཐུབ་ཀྱི་མེད་ཀྱང་། ཁོང་གིས་ནང་མ་སྟོད་གཞས་ལ་སྐོམ་པ་ཆུ་འདོད་ལྟར་སྦྱོང་འདོད་ཡོད་པས་སློབ་ཚན་གྲོལ་རྗེས། ཞབས་གྲོགས་དྲུག་བདུན་ཙམ་དང་མཉམ་དུ་ཀླུ་ཁང་ནང་སྒྲ་སྒམ་ཆུང་ཆུང་ཞིག་ཁྱེར་ནས་ཟུར་ཞིག་ཏུ་མུ་མཐུད་རྒན་ལགས་ཀྱིས་བསླབས་པའི་ཞབས་བྲོ་རྣམས་བསྐྱར་སྦྱོང་བྱེད་ཀྱི་ཡོད། ཞབས་གྲོགས་ཁ་གྲངས་དྲུག་བདུན་ཙམ་ལས་མེད་ཀྱང་ཕན་ཚུན་བློ་གཅིག་སེམས་གཅིག་གིས་རོགས་རམ་བྱེད་ཀྱི་ཡོད། ཞབས་བྲོ་འཁྲབ་སྐབས་ཀླུ་ཁང་ནང་འཆམ་འཆམ་བྱེད་མཁན་གྱི་མང་ཚོགས་ཚོས་ཁོ་ཚོ་ནང་མ་སྟོད་གཞས་སྦྱོང་བ་མཐོང་སྐབས་མང་ཚོགས་འགའ་ཤས་ཀྱིས་ཁོ་ཚོ་མཉམ་དུ་ནང་མ་སྟོད་གཞས་སྦྱོང་གི་ཡོད་པ་རེད། དགེ་བཤེས་སེ་རར་བཞུགས་ཀྱང་ཨམ་ཅོག་ལྷ་སར་ཡོད་ཟེར་བ་བཞིན། རྒན་ཉི་མ་མཚམས་གཅོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བཞུགས་ཀྱང་ཚེ་རིང་བདེ་སྐྱིད་ནས་གཙོས་པའི་སློབ་མ་འགའ་ཤས་ཀྱིས་ཀླུ་ཁང་ནང་དུ་ནང་མ་སྟོད་གཞས་སྦྱོང་གི་ཡོད་པ་ཤེས་རྗེས། འཕྲལ་མར་ཁོ་ཚོ་ཚུར་བསྐོངས་ནས་ཆོས་མི་ལ་བཤད་པར་རང་གི་སྡོམ་པ་གཙང་དགོས། ཁྱེད་ཚོས་ད་ལྟ་ནང་མ་སྟོད་གཞས་ཡག་པོ་ཤེས་ཀྱི་མེད། ཞབས་བྲོ་སྦྱོང་དུས་ནང་མ་སྟོད་གཞས་ལ་རྒྱུས་མངའ་མེད་པའི་མང་ཚོགས་ཚོས་ཁྱེད་ཚོ་དང་མཉམ་དུ་འཁྲབ་ན་མ་དག་རྒྱུན་འབྱམས་སུ་ཕྱིན་ནས་མང་ཚོགས་རྣམས་ལོག་ལམ་དུ་འཁྲིད་ཉེན་ཡོད། ནང་མ་སྟོད་གཞས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་པའི་སྒྱུ་རྩལ་ཞིག་ཡིན་པས། རྒྱུན་འཛིན་དང་དར་སྤེལ་མེད་ཀྱང་མང་ཚོགས་ལོག་ལམ་དུ་ཁྲིད་ན་ཉེས་པ་ཤིན་ཏུ་ཆེ་ཚུལ་སྐོར་བཤད་ནས་གཤེ་གཤེ་ཡང་ནས་ཡང་དུ་བཏང་བས། ཚེ་རིང་བདེ་སྐྱིད་མིད་པ་བརྣངས་ཤིང་མིག་ཆུ་རང་མེད་པར་ཤོར། ཟླ་བ་གསུམ་ཙམ་རིང་ཁོང་གི་མིག་དང་མིག་ཆུ་གཉིས་བཟའ་ཚང་བཞིན་མཉམ་དུ་གནས། སྐབས་རེ་ཞོགས་པ་ཡར་ལངས་སྐབས། མིག་སྦོས་ནས་མི་མང་པོའི་དཀྱིལ་དུ་འགྲོ་ཐུབ་ཚད་ཆགས་ཀྱི་ཡོད། རྒན་ཉི་མ་མཚམས་གཅོད་ཀྱིས་ཚེ་རིང་བདེ་སྐྱིད་ནས་གཙོས་པའི་སློབ་མ་ཚོར་གཤེ་གཤེ་ག་ཚོད་བཏང་ཡང་། སློབ་མ་ཚོའི་སེམས་ནང་རྣམ་དཔྱོད་དང་ལྡན་པའི་རྒན་ལགས་ཀྱིས་གསུངས་པ་རྣམས་གནས་ལུགས་རྒྱུ་མཚན་ཡོད་པ་གསལ་པོར་ཤེས་ཀྱི་ཡོད་པས་འཁང་ར་གཏན་ནས་བྱེད་ཀྱི་མེད།
རོལ་མོ་དཀྲོལ་མཁན་དང་གཟིགས་མོ་བ། 
          ཚེ་རིང་བདེ་སྐྱིད་ཀྱི་སེམས་སུ་རང་ཉིད་ནང་མ་སྟོད་གཞས་སྦྱོང་འདོད་ཡོད་པ་བཞིན་མང་ཚོགས་མང་པོ་ཞིག་ནང་མ་སྟོད་གཞས་སྦྱོང་འདོད་ཡོད་པ་ཤེས་རྗེས་རྒན་ཉི་མ་མཚམས་ལ་ཀླུ་ཁང་དུ་ནང་མ་སྟོད་གཞས་ཀྱི་ཚོགས་པ་འཛུགས་རྒྱུའི་བསམ་འཆར་ཐེངས་མང་ཞུས་ཀྱང་། རྒན་ལགས་ཀྱིས་ད་ལྟ་ཁྱེད་ཚོས་ཞབས་བྲོ་འཁྱར་རེ་འཁྱོར་རེ་ཞིག་ལས་ཤེས་ཀྱི་མེད་པས། ཡོང་ཐབས་མེད་ཅེས་ཁས་ལེན་མ་བྱས། ཚེ་རིང་བདེ་སྐྱིད་ཀྱིས་ནུས་ཤུགས་ཡོད་རྒུས་སློབ་ཚན་དང་སློབ་གསེང་སྐབས་ལ་ཞབས་བྲོ་སྦྱངས་པས་ནང་མ་སྟོད་གཞས་ཀྱི་འཁྲབ་རྩལ་མངོན་གསལ་དོད་པོས་ཡག་ཏུ་ཕྱིན། རྒན་ཉི་མ་མཚམས་གཅོད་ཀྱིས་རིམ་བཞིན་བདེ་སྐྱིད་ཀྱི་འབད་བརྩོན་དང་ལྷག་བསམ་ཤེས་ནས་མཐར་ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པ་འཛུགས་རྒྱུར་མོས་མཐུན་བྱས། རྒན་ལགས་ཀྱིས་མོས་མཐུན་ཐོབ་རྗེས་ནང་མ་སྟོད་གཞས་འཁྲབ་སའི་ས་ཆ་དང་། སྒྲ་སྒམ། ལྕགས་སྒམ། གློག་སོགས་ཐག་གཅོད་བྱེད་དགོས་ཀྱི་ཡོད་པས། ཚེ་རིང་བདེ་སྐྱིད་ཀྱིས་ཐེངས་མང་རིང་ཕན་ཚུན་མཐུན་སྦྱོར་བྱས་པ་བརྒྱུད་ནང་མ་སྟོད་གཞས་འཁྲབ་སའི་སྡིངས་ཆ་རག་པ་དང་། ཞབས་གྲོགས་ཚོའི་ཞལ་འདེབས་འོག་ལྕགས་སྒམ་དང་སྒྲ་སྒམ་ཉོས། གོང་རིམ་གྱི་བཀའ་དྲིན་འོག་གློག་རིན་མེད་ཐོག་སྤྱོད་ཐུབ་པ་བྱུང་བ་རེད། ཚེ་རིང་བདེ་སྐྱིད་དང་ཞབས་གྲོགས་རྣམ་པའི་འབད་བརྩོན་འོག 2018ལོའི་ཟླ་9ཚེས་5ཉིན་ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པའི་ཞབས་གྲོགས་རྣམས་སྐལ་བཟང་སྡིངས་ཆའི་ཐོག་དངོས་སུ་ནང་མ་སྟོད་གཞས་འཁྲབ་རྒྱུ་བྱུང་བ་རེད། གལ་ཏེ་ཚེ་རིང་བདེ་སྐྱིད་ཀྱིས་ལས་མཐའ་མ་འཁྱོལ་བར་དཀའ་ངལ་གྱི་མདུན་དུ་མགོ་བསྒུར་ན་ད་ལྟ་ཞབས་གྲོགས་དང་མང་ཚོགས་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་སྐལ་བཟང་སྡིངས་ཆའི་ཐོག་ཏུ་ཞབས་བྲོ་ག་ལ་འཁྲབ་ཐུབ།

ཚོགས་མི་རྣམ་པའི་ཉམས་འགྱུར།
          ཡར་སྔོན་ཟླ་ལྟར་འཕེལ་བའི་སྐལ་བཟང་སྡིངས་ཆ་དར་ཞིང་རྒྱས། 
          དཀའ་ངལ་དུ་མ་ཁྱད་དུ་བསད་ནས་ཀླུ་ཁང་ནང་མ་སྟོད་གཞས་དངོས་སུ་འགོ་ཚུགས་རྒྱུའི་སྟ་གོན་ཡོངས་སུ་རྫོགས་པ་ཞིག་བྱུང་བས། 2018ལོའི་ཟླ་9ཚེས་5ཉིན་རྣམ་དཔྱོད་ཀུན་ལྡན་མཁས་དབང་དབང་ཆེན་དང་ཉི་མ་མཚམས་གཅོད་རྣམ་གཉིས་ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པར་ཕེབས་པ་དང་། སྒྲ་སྙན་དང་། ཡང་ཆིན། གླིང་བུ། ཨེར་ག་སོགས་པའི་རོལ་དབྱངས་ཀྱི་ཁྲོད་དུ་སློབ་མ་ཚོས་ཞབས་བྲོའི་སྙན་འབུལ་ཞུས་རྗེས། ཁོང་རྣམ་གཉིས་ཀྱིས་ད་ཆ་ང་ཚོ་ཀོ་བ་གཅིག་ནས་བྲེག་པའི་རྒྱུན་བུ་ལྟ་བུ་ཡིན་པས། ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པའི་ཚོགས་མི་ཚོས་མུ་མཐུད་དཀའ་བ་དང་དུ་བླངས་ཏེ་ནང་མ་སྟོད་གཞས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་བཀའ་སློབ་གནང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་པར་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེ་པོའི་སྒོ་ནས“རིག་རྩལ་ནི་བླ་སྲོག་བསྐྲུན་པའི་ལས་གྲྭ་ཞིག་ཡིན་པ་དང་། རིག་རྩལ་གྱི་ལས་ཀ་བྱེད་མཁན་ནི་བླ་སྲོག་གི་བཟོ་སྐྲུན་དགེ་རྒན་ཡིན། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ནི་དགུང་སྔོན་དབྱིངས་ཀྱི་ཉི་འོད་དང་དཔྱིད་དུས་ཀྱི་རླུང་འཇམ་དང་འདྲ་བར་བསམ་བློའི་བློ་སྒོ་འབྱེད་ཐུབ་པ་དང་། སེམས་རྒྱུད་འཇམ་པོ་བཟོ་བ། མི་ཚེར་ཤུགས་རྐྱེན་བཟང་པོ་ཐེབས་ནས་ཉམས་རྒུད་དང་ཉབ་ཉོབ་ཀྱི་སྲོལ་ངན་གཙང་སེལ་བྱེད་ཐུབ། ” ཅེས་གསུངས་ཡོད། རྒྱུན་དུ་རྒན་ལགས་ཁོང་རྣམ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་དོན་ལྟར་རིག་རྩལ་ལས་དོན་པས་སྒྲུབ་དགོས་པའི་བྱ་བ་རྣམས་ལེགས་པར་བསྒྲུབས་དང་སྒྲུབ་མུས་ཡིན་པ་རེད། ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པས་ཞོགས་པའི་ཆུ་ཚོད་11:30ཙམ་ནས་ཕྱི་དྲོའི་ཆུ་ཚོད་4ཙམ་གྱི་བར་ལ་སྒྲ་སྒམ་ནས་ནང་མ་སྟོད་གཞས་གློད་ཀྱི་ཡོད། རིམ་བཞིན་སྡིངས་ཆའི་ཐོག་མང་ཚོགས་ཇེ་མང་ནས་ཇེ་མང་དུ་སོང་སྟེ། སྐབས་རེ་སྡིངས་ཆའི་ཐོག་འཁྲབ་ས་ཡང་རག་གི་མེད་པ་རེད། ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པ་བཙུགས་པ་ནས་བཟུང་། སེམས་སྐྱིད་པོ་འདུག་ཟེར་མཁན་དང་། ཁྲག་ཤེད་སྙོམས་འདུག་ཟེར་མཁན། ཤ་སྐམ་དུ་ཕྱིན་འདུག་ཟེར་མཁན། མ་ཅང་རྒྱག་དགོས་མི་འདུག་ཟེར་མཁན་སོགས་མང་པོ་བྱུང་ཡོད་པ་དང་། ཞབས་བྲོ་འཁྲབ་པར་ཡོངས་སྐབས་གཡས་གཡོན་གྱི་མི་ཚོས་སྐབས་རེ་ཚོགས་མི་རྣམས་ལ་ཇ་མངར་མོ་ཉོ་བའི་དངུལ་ཞལ་འདེབས་འབུལ་གྱི་ཡོད་པ་རེད། ཚེ་རིང་བདེ་སྐྱིད་ནི་གཞུང་དྲང་བ་དང་། ཕྱོགས་ཞེན་མེད་པ། ཁ་གསང་བའི་སྒང་ལ་སེམས་རྩ་ཧ་ཅང་འཁོལ་པོ་ཡོད་པས། ཁོང་ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པའི་ཚོགས་གཙོར་བདམས་པ་དང་། ཁོང་གི་ལས་རོགས་སུ་བདེ་སྐྱིད་དང་བྱམས་པ་གཉིས་ཚོགས་གཙོ་གཞོན་པར་བདམས་པ་རེད། 

བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོར་འཁྲབ་སྟོན་དུ་སྐྱོད་སྐབས་བསྒྲོན་པའི་འདྲ་པར། 
          གསར་འགོད་པ་ཡང་ཁོམ་པ་ཡོད་དུས་ཀླུ་ཁང་དུ་ནང་མ་སྟོད་གཞས་སྦྱོང་བར་འགྲོ་ཡི་ཡོད་པས། ཚེ་རིང་བདེ་སྐྱིད་ཀྱི་ལས་ཀའི་འཁུར་སེམས་གསལ་པོ་ཤེས་ཀྱི་ཡོད། དཔེར་ན། ཁོང་གིས་ཉིན་ལྟར་ཞབས་བྲོ་ཚར་གྲབས་ཡོད་པའི་སྐབས་སུ་ཕྱགས་མ་ཁྱེར་ནས་གད་རྒྱག་པ་དང་བསྡུ་གསོག་རྒྱག་པ་སོགས་བྱེད་ཀྱི་ཡོད། ཁོང་ལོ་ན་རྒས་ཀྱང་ཧུར་བརྩོན་ལྷག་པར་ཆེ། དུས་རྒྱུན་ཁོང་གིས་ཚ་བོ་ཚ་མོ་གསུམ་ལ་ལྟ་རྟོག་བྱེད་པ་ཕུད། ཞོར་དུ་རིག་གནས་མུ་མཐུད་སྦྱོང་གི་ཡོད་པ་སྟེ། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་བཀོད་སྒྲིག་བྱས་པའི་ཡིག་གཟུགས་སྦྱོང་བརྡར་འཛིན་གྲྭར་ཧུར་ཐག་ངང་ཞུགས་ཡོད། གསར་འགོད་པས་ཚེ་རིང་བདེ་སྐྱིད་ལ་ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པ་འཕེལ་རྒྱས་ཆེན་པོ་འགྲོ་བའི་བརྒྱུད་རིམ་ཁྲོད་སེམས་ནད་གང་བྱུང་ཡོད་མེད་སྐོར་བཅར་འདྲི་བྱེད་སྐབས། ཁོང་གིས “ང་ནི་གཤིས་ཀ་ཁ་རི་ཁ་ཐུག་ཞིག་ཡིན་པས། སྐབས་རེ་མི་གཞན་དང་རྩོད་པ་ཤོར་གྱི་འདུག ངས་ད་ཐེངས་ཀྱི་གོ་སྐབས་དེ་དང་བསྟུན་ནས་ཁོང་རྣམ་པར་བཟོད་སྒོམ་གནང་རོགས་ཞུ་རྒྱུ་ཡིན”ཅེས་བཤད་བྱུང་། སྐབས་རེ་ཞབས་གྲོགས་ཕན་ཚུན་རྩོད་པ་ཤོར་དོན་ཡང་ཚོགས་པ་དེ་གང་ལེགས་ཡོང་བའི་ཆེད་དུ་ཡིན་པས། སེམས་གཏིང་ནས་ཕན་ཚུན་འཁང་ར་ག་ལ་བྱེད་སྲིད། ད་ཆ་ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པས་དམངས་ཕན་གྱི་བྱེད་སྒོར་ཞུགས་ནས་རིན་མེད་དུ་འཁྲབ་སྟོན་བྱེད་པར་འགྲོ་ཡི་ཡོད། གསར་འགོད་པས་ཁོང་ལ་མ་འོངས་པའི་དུས་སུ་བསམ་འདུན་གང་ཡོད་མེད་སྐོར་བཅར་འདྲི་བྱེད་སྐབས། ཁོང་གིས“ནང་སྟོད་གཞས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཀྱི་ཤུལ་བཞག་གི་མིང་གཞུང་དུ་ཚུད་པའི་སྒྱུ་རྩལ་ཞིག་ཡིན་པ་དང་། མིག་སྔར་ཀླུ་ཁང་ནང་སྟོད་གཞས་ཚོགས་པའི་ནང་དུ་ཞབས་བྲོ་འཁྲབ་མཁན་གྱི་མང་ཚོགས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། མ་འོངས་པའི་ལོ་ཟླའི་ནང་ཀྲུང་ཧྭ་མི་རིགས་ཀྱི་སྒྱུ་རྩལ་བང་མཛོད་ནང་ངོམས་སུ་ཆོག་པའི་ནང་མ་སྟོད་གཞས་དེ་ཉིད་ཡག་ཐོག་ཡག་བརྩེགས་ཡོང་བའི་རེ་བ་ཡོད་ཅེས”བཤད་བྱུང་།  ད་ཆ་ཏང་གི་མི་རིགས་སྲིད་ཇུས་བཟང་པོའི་འོག་དང་། ཁོང་རྣམ་པའི་འབད་བརྩོན་འོག་ཀླུ་ཁང་ནང་མ་སྟོད་གཞས་ཚོགས་པ་ནས་གཙོས་པའི་སྒྱུ་རྩལ་ཚོགས་པ་རྣམས་གོས་ཆེན་སྒང་ལ་འཕར་ཆིངས་དང་ཡང་རྩེའི་སྟེང་གི་ཡས་སྒྲོན་ཟེར་བ་བཞིན་འཕེལ་རྒྱས་གང་ལེགས་ཡོང་རྒྱུར་ཐེ་ཚོམ་ཅི།
ཞབས་གྲོགས་ཚོས་སྐལ་བཟང་སྡིངས་ཆར་ནང་མ་སྟོད་གཞས་སྦྱོང་བ།
ཚོགས་པའི་འགན་འཁུར་བའི་ཉམས་བཟང་།
རྩོམ་སྒྲིག་པ། རིན་སྒྲོལ།