“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་གལ་ཆེན་ཞིག་འཚོགས་གནང་བ།

སྤེལ་དུས 2019-12-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་སྐོང་ཚོགས་བྱས་ནས་སྤྱི་ལོ་2020ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་གནང་བ་དང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།
             ཀྲུང་དབྱངས་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་6ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་སྐོང་ཚོགས་བྱས་ནས། སྤྱི་ལོ་2020ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་གནང་བ་་དང་། ཀྲྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གསན་གནང་བ་མ་ཟད། སྤྱི་ལོ་2020ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཐད་ཞིབ་འཇུག་བཀོད་སྒྲིག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།
             གྲོས་ཚོགས་ཐོག ད་ལོ་ཚུན་དུ། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་མངོན་གསལ་དོད་པོས་ཤུགས་ཆེར་འགྲོ་བའི་རྙོག་འཛིང་ཆེ་བའི་གནས་བབས་མདུན་དུ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། བརྟན་པོའི་ཁྲོད་གོང་འཕེལ་ཡོང་རེ་བྱེད་པའི་ལས་ཀའི་སྤྱིའི་རྣམ་པ་རྒྱུན་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱིས་ལམ་ཐིག་གཙོ་བོ་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། བརྟན་པོ་དྲུག་གི་ལས་དོན་ཡག་སྒྲུབ་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གྱི་གོང་འཕེལ་རྒྱུན་འཁྱོངས་བྱེད་པ། འགག་གཏོར་དམག་འཐབ་ཆེན་པོ་གསུམ་ལ་འགག་རྩའི་འཕེལ་རིམ་ཐོན་པ། སྒྱུར་བཅོས་སྒོ་དབྱེའི་ཐད་གམ་ཆེའི་གོམ་པ་སྤོས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་བ། ཚན་རྩལ་གསར་གཏོད་ཐད་འགག་གཏོར་གསར་པ་བྱུང་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་བཅས་མཐོ་རུ་ཕྱིན་པ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དམིགས་ཚད་གཙོ་བོའི་འཕེལ་རིམ་སྔོན་དཔག་དང་མཐུན་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པར་གལ་ཆེའི་འཕེལ་རིམ་གསར་པ་ཐོན་པ་བཅས་ཀྱི་ངོས་འཛིན་གནང་ཡོད་པ་དང་།
             གྲོས་ཚོགས་ཐོག སྤྱི་ལོ་2020ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་པ་དང་། ང་ཚོས་ལོ་བརྒྱ་བྱས་པ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་དགོས། དུས་སང་གི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་འཛུབ་ཁྲིད་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱེད་པའི་དམིགས་འབེན་ལས་འགན་ལ་དམ་པོར་གཞིགས་པ་དང་། བརྟན་པོའི་ཁྲོད་གོང་འཕེལ་ཡོང་རེ་བྱེད་པའི་ལས་ཀའི་སྤྱིའི་རྣམ་པ་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱིས་ལམ་ཐིག་གཙོ་བོ་བྱ་རྒྱུ་རྒྱུན་འཁྱོངས། སྒྱུར་བཅོས་སྒོ་དབྱེས་འགུལ་ཤུགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་མགྱོགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་འགག་གཏོར་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་ལེན་པ། བརྟན་པོ་དྲུག་གི་ལས་དོན་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པ། འཕར་སྣོན་བརྟན་པོ་དང་སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བཅས་གཅིག་སྒྱུར་འཆར་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས། དཔལ་འབྱོར་ལུགས་མཐུན་གྱི་བར་ཁམས་ནང་འཁོར་རྒྱུག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་རྒྱལ་ཁའི་ངང་མཇུག་བསྡུ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་དང་།
             གྲོས་ཚོགས་ཐོག མིག་སྔ་དང་སླད་ཕྱིན་གྱི་དུས་མཚམས་ཤིག་རིང་། རང་རྒྱལ་གྱི་དཔལ་འབྱོར་བརྟན་པོའི་ཁྲོད་དུ་ལེགས་སུ་འགྲོ་བ་དང་། ཡུན་རིང་ལེགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་ཡོང་མི་སྲིད། ང་ཚོས་རྩོད་སྒྲུབ་ཀྱི་བསམ་གཞིགས་ཐོག་ནས་གནས་བབ་ཀྱི་འགྱུར་ལྡོག་དང་གོང་འཕེལ་གྱི་བལྟ་བ་རྒྱུན་འཁྱོངས་དང་། རྒྱལ་ཁ་ཐོབ་ངེས་ཡིན་པའི་ཆོད་སེམས་བརྟན་དུ་གཏོང་བ། ཕྱི་ཡུལ་གྱི་གནོན་ཤུགས་དེ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བའི་འགུལ་ཤུགས་སུ་འགྱུར་མཁས་པོ་བྱེད་པ། སེམས་ནུས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པ་བཅས་བྱེད་དགོས། སྤྱི་ཁོག་སྲིད་ཇུས་བརྟན་པོ་ཡོང་བ་དང་། བྱེ་བྲག་སྲིད་ཇུས་སྟབས་བསྟུན་ཆེ་བ། སྤྱི་ཚོགས་སྲིད་ཇུས་མཐིལ་རྟོགས་ཐུབ་པ་བཅས་ཀྱི་སྲིད་ཇུས་སྒྲོམ་གཞི་རྒྱུན་འཁྱོངས་བྱེད་དགོས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་། དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ། སྤྱི་ཁོག་སྙོམས་སྒྲིག་གི་སྔོན་མཐོང་རང་བཞིན་དང་། དམིགས་བཙུགས་རང་བཞིན། ཕན་འབྲས་རང་བཞིན་བཅས་མཐོ་རུ་གཏོང་བ། དུས་འཁོར་ལྡོག་པའི་སྙོམས་སྒྲིག་ལག་ཆ་བེད་སྤྱོད་ཡག་པོ་བྱེད་པ་བཅས་བྱེད་དགོས། དུས་སང་འགག་གཏོར་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱབ་ནས། དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་མངོན་འགྱུར་ཐུབ་རྒྱུར་འགན་ལེན་བྱེད་པ། འབག་བཙོག་འགོག་བཅོས་དམག་འཐབ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་རྒྱུར་འགན་ལེན་བྱེད་པ། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་རྒྱུའི་འགན་ལེན་བྱེད་པ་བཅས་བྱེད་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ་དང་། ཞིང་ལས་དང་བཟོ་སྐྲུན་ལས་རིགས། ཞབས་ཞུའི་ལས་རིགས་བཅས་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བཟང་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ས་ཁོངས་དཔལ་འབྱོར་གནས་སྟངས་འགྲུབ་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་སྟོབས་ཤུགས་དང་གསར་གཏོད་ནུས་པ་མཐོ་རུ་གཏོང་བ། དཔལ་འབྱོར་སྒྲིག་གཞིའི་བསྒྱུར་བཅོས་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཆུ་ཚད་མཐོ་ཞིང་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
             གྲོས་ཚོགས་ཐོག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་བཟང་ཆ་དེ་བཅོས་སྐྱོང་ཕན་འབྲས་སུ་འགྱུར་བ་བྱེད་དགོས་པ་དང་། སྒོ་ཀུན་ནས་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པ། དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལས་ཀའི་བྱེད་སྟངས་ལེགས་བཅོས་བྱེད་པ། སྐུལ་ལྕག་སྒྲིག་གཞི་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱེད་དགོས། མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་དང་ལེགས་བཅོས་ནུས་ལྡན་ཐུབ་རྒྱུའི་འགན་ལེན་བྱེད་དགོས། ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་འཆམ་མཐུན་བརྟན་ལྷིང་ཡོང་རྒྱུར་འགན་སྲུང་བྱེད་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
             གྲོས་ཚོགས་ཐོག ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ཆེའི་འགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན། དེ་བཞིན་ས་གནས་རིམ་ཁག་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་ཡོན་ལས་བྱེད་པར་རང་རྟོགས་ངང་སྲུང་སྐྱོང་གཉིས་ཐུབ་པའི་སྐུལ་མ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་ཕྱོགས་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་བརྩོན་དང་། དངོས་ཐོག་བདེན་འཚོལ། སྒྲིག་སྲོལ་དང་སྒྲིག་ལམ། བཅའ་ཁྲིམས་བཅས་ལྟར་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་བློ་ཐག་ཆོད་ལ་བརྟན་པོ་དང་ཏན་ཏིག་ནུས་ལྡན་ཐོག་ནས་བསྒྲུབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱེད་པ། ལྟ་སྐུལ་གྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་གཏིང་ཟབ་ཏུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པ། ཆབ་སྲིད་སྐོར་གཟིགས་དང་སྐོར་གཟིགས་ལེགས་སྒྲིག་དམ་འཛིན་ཡག་པོ་བྱེད་པ། རྣམ་པ་བཞི་སྤྱད་དེ། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་ནན་པོ་བྱེད་པ་དང་། གནད་སྨིན་འགན་འཁྲི་རྩད་གཅོད་ནུས་ལྡན་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས། བློ་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་ལྕགས་ལྟར་མཁྲེགས་པའི་དམག་འཛུགས་སྐྱོང་བྱ་དགོས་ཞེས་བསྟན་ཡོད།
             གྲོས་ཚོགས་ཐོག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་བླང་བྱ་གསར་པ་བཏོན་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་དོན་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ། ཏང་ཨུད་ལ་གཞོགས་འདེགས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་གཏིང་ཟབ་ཏུ་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས། བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ། ལོ་བརྒྱ་བྱས་པ་དང་པོའི་འབད་འཐན་དམིགས་འབེན་མངོན་འགྱུར་ཡོང་ཆེད་སྟོབས་ཆེའི་འགན་ལེན་མཁོ་འདོན་བྱ་དགོས་ཞེས་ནན་བཏོན་བྱས་ཡོད།
             དེའི་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ་2019ལོའི་ལས་དོན་གནས་ཚུལ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་གསན་གནང་ཡོད་པ་རེད།
             གྲོས་ཚོགས་ཐོག་དུས་སང་སྤྱི་ཟླ་1པོའི་ཚེས་13ཉིན་ནས་ཚེས་15ཉིན་བར་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་སྐོང་ཚོགས་བྱ་རྒྱུར་མོས་མཐུན་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།