“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཐོ་ལེ་དགོན་རྣམ་རྒྱལ་ཕུན་ཚོགས་ཆོས་རྫོང་གླིང་།

སྤེལ་དུས 2019-12-09 ཡོང་ཁུངས། ཡོངས་འཛིན། རྩོམ་པ་པོ།
           1 ངོ་སྤྲོད།
           དགོན་སྡེ་འདི་ནི་མཚོ་ལྷོ་ཁུལ་མང་རྫོང་ནས་ནུབ་བྱང་དུ་སྤྱི་ལེ་སོ་དགུའི་མཚམས་མང་ཆུ་གྲོང་རྡལ་གྱི་ས་ཁོངས་མགུར་འོག་མ་ཞེས་པར་ཆགས་ཡོད་ཅིང་། དགེ་ལྡན་ཞྭ་སེར་གྱི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཡིན་ལ། དེ་ཡང་སྙིང་རྗེ་ཟླ་ཚེས་ཅོད་པན་འཆང་བའི་བླ་མ་ཡིལ་གེར་དགེ་འདུན་བསྟན་པ་རབ་རྒྱས་ཀྱིས་རབ་བྱུང་བཅོ་ལྔ་བའི་ས་སྟག་སྟེ་སྤྱི་ལོ1878ལོར་བཏབ་སྟེ། ཁོང་གི་སྐུ་ཕྲེང་དག་གིས་བསྐྱངས་དང་སྐྱོང་བཞིན་ཡོད།
           དགོན་པ་ཐོག་མར་བཏབ་པའི་ཚུལ་ནི། ལཱ་མོ་བདེ་ཆེན་དགོན་པའི་བླ་མ་ཡིལ་གེར་དགེ་འདུན་བསྟན་པ་རབ་རྒྱས་ཀྱིས་རྗེ་ཙོང་ཁ་པའི་རིང་ལུགས་དྲི་མ་མེད་པ་བཤད་དང་སྒྲུབ་པའི་འདུས་སྡེ་ཞིག་འདེབས་རྒྱུའི་ཐུགས་སྨོན་རིང་མོ་ནས་མཛད་དེ་ཕྱོགས་སོ་སོར་ཕེབས་ནས་དགོན་ས་བཙལ། ད་ལྟའི་མགུར་འོག་གི་དགོན་ས་འདིར་ཐུགས་སྨོན་མཛད་ཅིང་། ས་དེར་གཟིགས་རྗེས་རབ་འོག་ཐོ་ལེ་ཐང་དུ་སླེབས་དུས་ཁོང་གི་ཆོས་སྐྱོང་མགོན་པོ་མ་ནིང་གི་ཞལ་ཐང་དང་དམ་ཅན་གྱི་ཞལ་ཐང་འདྲེན་པའི་རྟ་ས་ལ་ཉལ། རྟ་ཡར་ལངས་ནས་སར་ཆུ་བཞག་པས། བླ་མས་ཞབས་ཕྱི་བར། ཆོས་སྐྱོང་གིས་དགོན་ས་འདིར་རྟགས་བརྒྱབ་སོང་གསུངས་ནས་བོན་སྐོར་སྡེ་བར་ཕེབས། ས་ཡི་བདག་པོ་དཔོན་པོ་བྱང་རིང་དང་སྡེ་བའི་རྒན་པ་རྣམས་ལ་དགོན་ས་བསླངས། དེ་རྣམས་ཀྱིས་རང་ས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་ཆོས་སྡེ་ཞིག་ཆགས་ཐུབ་ན་རང་ཅག་དང་རང་ཅག་གི་རྗེས་མ་རྣམས་ཀྱིས་ཚོགས་གསོག་སྒྲིབ་སྦྱོང་བྱེད་པའི་གཞི་རེད་སྙམ་ནས་དགོན་ས་ཕུལ། རས་སེར་བོ་ཁ་གང་གི་ཐོག་ཏུ། ནང་སོ་བྱེ་མ་མན་ཆད་དང་རྒྱ་ཐོག་ཀྱལ་རྟ་ཡན་ཆད་བླ་མ་ཡིལ་གེར་ཚང་ལ་དགོན་སར་ཕུལ་བ་ཡིན་པས། བོན་སྐོར་གྱི་ཁྱིམ་ཚང་གཅིག་ཀྱང་ས་དེ་རུ་བབས་མི་ཆོག་ཅེས་བྲིས་ཏེ་དཔོན་པོའི་ཐམ་ག་བརྒྱབ་ནས་ཡིལ་གེར་ཚང་ལ་ཕུལ་ལོ། །
           རབ་བྱུང་བཅོ་ལྔ་བའི་ས་སྟག་སྟེ་སྤྱི་ལོ1878ལོའི་ས་ག་ཟླ་བའི་ཚེས་བཟང་ལ་ཁོང་གཉིས་ཀྱིས་ས་བདག་ལྟོ་འཕྱེའི་ཐིག་བཏབ་ནས་ས་འདུལ་མཛད་པ་དང་བྱིན་གྱིས་བརླབས། ཐོག་མར་ནང་ཆེན་ཁང་མིག་ཞེ་བཞི་དང་གྲྭ་ཤག་བཅོ་ལྔ་བཅས་ཁང་མིག་བརྒྱ་དང་སུམ་ཅུ་ལྷག་བསྐྲུན། ལྕགས་འབྲུག་སྟེ་སྤྱི་ལོ1880ལོར། མང་འབའ་བྱ་གསུམ་གྱི་ལཱ་མོ་ཞབས་དྲུང་དཀར་པོ་དགེ་འདུན་བསྟན་འཛིན་ནོར་བུ་གདན་འདྲེན་ཞུས། རིག་སྨོན་གཞོངས་བརྒྱུད་དེ་རྨ་ཆུ་བརྒལ་ནས་ཐོ་ལེ་དགོན་པར་ཕེབས། ཡིལ་གེར་ནང་ཆེན་དུ་བསུས་ནས་གསོལ་སྟོན་དང་དངོས་འབུལ་སྤམ་མཐོ་བས་མཉེས་པར་བྱས། ཡིལ་གེར་ཚང་གིས་ལཱ་མོ་ཞབས་དྲུང་ཚང་ལ་འདུ་ཁང་གསར་བཞེངས་ལ་ལྗགས་བཀོད་གནང་རྒྱུ་སྔར་ཡང་ཞུས་ཡོད་ཅིང་། ད་རེབ་འདུ་ཁང་བཞེངས་སའི་སར་བརྟག་པ་མཛད་རྒྱུ་མཁྱེན་མཁྱེན་ཞེས་ནན་ཞུ་བྱས། སུམ་པ་གྲུབ་ཆེན་ཕྱག་ཕྱིར་ཕེབས་ཡོད་པས། འདུ་ཁང་གི་སར་ཁོང་གིས་བརྟག་པ་མཛད་དེ་ས་རྟགས་བརྒྱབ། ཡིལ་གེར་ཚང་གིས་བླ་མ་རྣམ་གཉིས་ལ་ང་རང་ཐོག་མར་འདིར་སླེབས་དུས་སེར་སྦྲེངས་སོགས་བྱས་འདུག་པས་ང་ཡང་ས་འདིར་དོགས་པ་ཞིག་ཡོད་ཅིང་། ད་ལྟ་ས་དེར་བབས་འདུག་ཅེས་ཞུས། 
           ཆུ་རྟ་སྟེ་སྤྱི་ལོ1882ལོར། ནང་སོ་ཁ་སྒང་དང་རབ་འོག་གི་དད་ལྡན་སྦྱིན་བདག་རྣམས་ཀྱིས་རྒྱུ་འབྱོར་སྦྱར་ཏེ་ཡིལ་གེར་ཚང་གི་ཐུགས་བཀོད་ལྟར་འདུ་ཁང་གསར་བཞེངས་བྱེད་པར་ཤིང་ཆ་རྨ་ཆུ་ལས་དྲངས་ཏེ་འདུ་ཁང་སུམ་ཐོག  སྟེང་འོག་བསྡོམས་པས་ཁང་མིག་བརྒྱད་ཅུ་གྱ་དྲུག་བཟོ་བཀོད་ལེགས་པར་བཞེངས་ནས་གྲུབ། འདུ་ཁང་གསར་བའི་ནང་དུ་སྐུ་གསུང་ཐུགས་རྟེན་བྱིན་ཅན་མང་པོ་བསྐྲུན་ཡོད་པ་རེད། 
           རབ་བྱུང་བཅུ་དྲུག་པའི་ས་ཁྱི་སྟེ་སྤྱི་ལོ1958ལོར་ཆོས་ལུགས་བཅོས་བསྒྱུར་བྱེད་པའི་སྐབས་ཆོས་སྡེ་འདི་ཡང་དགོན་སྡེ་གཞན་དང་འདྲ་བར་བཅོས་བསྒྱུར་བྱས་ཕྱིར་ཆག་འཇིག་བརྗོད་ཐབས་བྲལ་བ་བྱུང་། སྐུ་ན་ཕྲ་བའི་བླ་མ་ཡིལ་གེར་ཚང་ཡང་ཁྲི་མོན་དུ་བཅུག  བླ་མ་རྡོ་རམས་པ་ཁྲི་མོན་དུ་སྐུ་གྲོངས། གྲྭ་པ་ཁ་ཤས་ཡང་བཙོན་དུ་བཅུག་ཅིང་ཕལ་ཆེ་བ་དགོན་པ་ནས་གྲོང་དུ་བསྐྲད། འདུ་ཁང་སོགས་རྟེན་དང་བརྟེན་པ་རྣམས་བཅོམ། གསེར་དངུལ་ཟངས་ལྕགས། དར་གོས་རས་ཕྲུག་སོགས་མཁོ་ཡོད་རྣམས་གཞུང་བཞེས་བྱས། འདུ་ཁང་སོགས་དགོན་པའི་ཤིང་ཆ་རྫོང་ཐོག་ཏུ་འཁྱེར་ནས་ཁང་བ་ལས་ཏེ། དགོན་ཤུལ་གྱང་ཆག་ཙམ་དུ་ལུས་སོ། །
           དེ་རྗེས་བླ་མ་ཡིལ་གེར་ཚང་གིས་དད་ལྡན་མང་ཚོགས་ཀྱི་འགོ་དྲངས་ནས་ཐོ་ལེ་དགོན་པ་སླར་གསོ་བྱེད་རྒྱུའི་རེ་འདོད་ཡང་ཡང་ཞུས་པར་བརྟེན་ནས། རབ་རྒྱལ་ལྕགས་བྱ་སྟེ་སྤྱི་ལོ1981ལོར་སྲིད་གཞུང་གིས་ཆོས་སྒོ་ཕྱེ་བའི་ཆོག་མཆན་བཀོད། སྔོན་གྱི་གྲྭ་པའི་ནང་གི་ཚུལ་ཁྲིམས་གཙང་མ་འགའ་ལུས་ཡོད་པ་རྣམས་མཉམ་དུ་བསྡུས་ནས་ངུར་སྨིག་གི་རྒྱལ་མཚན་སླར་ཡང་གསོལ། ཆོས་ཀྱི་གཎྜི་བརྡུངས་ནས་ཆོས་སྒོ་ཕྱེས། ཤིང་གླང་སྟེ་སྤྱི་ལོ1985ལོའི་ཟླ་དྲུག་པའི་ཚེས་བཟང་ལ་གྲྭ་པ་རྣམས་དང་། མགུར་འོག་དང་མར་ཁུ་ཐང་། རབ་རྒན་སོགས་སྡེ་བའི་མི་སྣ་བསྡུས་ཏེ་ཡིལ་གེར་བསྟན་པའི་རྒྱལ་མཚན་ཁོང་ཉིད་ཀྱིས་དགོན་སར་བལྟོས། དེའི་ཕྱི་ལོ་ནས་འདུ་ཁང་སོགས་དགོན་པའི་རྟེན་དང་བརྟེན་པ་གསར་དུ་བཞེངས་པའི་འགོ་བརྩམས།
           འདུ་ཁང་ནང་ཕུགས་ཀྱི་དབུས་སུ་རྗེ་ཡབ་སྲས་གསུམ་དང་ཉེ་བའི་སྲས་ཆེན་བརྒྱད། དེའི་གཡས་སུ་གནས་བརྟན་བཅུ་དྲུག་དང་སྨན་བླ་བདེ་གཤེགས་བརྒྱད་སོགས་བཞེངས་འདུག  དེ་ལས་གཞན་བླ་མཆོད་ཚོགས་ཞིང་། འོད་དཔག་མེད་ཀྱི་ཞིང་བཀོད། དུས་འཁོར། ཐུགས་རྗེ་ཆེན་པོ། ལྟུང་གཤགས། རྟ་མགྲིན་སོགས་བཞུགས་པའི་གྱན་ཐང་བཞེངས་ཡོད། ཆོས་ར་ཁང་མིག་བཅོ་ལྔ་དང་། དེའི་ནང་དུ་དད་ལྡན་སྦྱིན་བདག་རྣམས་ཀྱི་རེ་བ་ལྟར་བླ་མ་ཡིལ་གེར་ཚང་གིས་རོང་བོ་དགོན་ཆེན་ནས་གདན་དྲངས་པའི་མ་ཎི་དུང་ཕྱིར་བཅུ་གཉིས་ཀྱི་འཁོར་ལོ་བསྐོར་བ་སོགས་རྟེན་བཞེངས་ཐམས་ཅད་ལེགས་པར་གྲུབ། 
           དགོན་སྡེ་འདི་གའི་སྒྲུབ་པ་ཉམས་ལེན་གྱི་གཙོ་བོ་ནི། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་དང་། ངན་སོང་སྦྱོང་རྒྱུད་ཀུན་རིག་རྣམ་པར་སྣང་མཛད། དཔལ་རྡོ་རྗེ་འཇིགས་བྱེད། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ་སོགས་ཀྱི་སྒྲུབ་མཆོད། བསྟན་སྲུང་གི་གཙོ་བོ་དམ་ཅན་ཡིན་པས་དམ་ཅན་དང་མགོན་ཆོས་གསུམ་འདོན་ནོ།།