ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > ཁ་བཏད་རོགས་སྐྱོར།

ཁོང་གཉིས་ནས་བོད་ལྗོངས་ལ་དཔེ་དེབ་ཞལ་འདེབས་སུ་ཕུལ་བ།

སྤེལ་དུས 2024-06-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཟླ6པའི་ཚེས6ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་སྒྲུབ་འགན་འཁུར་བའི་མཐོ་སྒང་ལ་བརྩེ་བ་འཆང་། བོད་ལྗོངས་ལ་ཤེས་རྟོགས་བྱེད་ཅེས་པ་སྟེ། ཧན་ཧྲུའུ་ལི་དང་མ་ལི་ཧྭ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་དཔེ་དེབ་ཞལ་འདེབས་སུ་འབུལ་བའི་སྤྱི་ཕན་བྱེད་སྒོ་དེ་བོད་ལྗོངས་མཛེས་རྩལ་ཁང་དུ་གཉེར།

             བྱེད་སྒོའི་ཐོག་བོད་ལྗོངས་ཀྱི་སློབ་གྲྭ་དང་རིག་གནས་ལས་ཁུངས་མང་པོ་ཞིག་ལ་རྩོམ་རིག་སྒྱུ་རྩལ་མཁས་དབང་གཉིས་ཀྱི་ཕུལ་བྱུང་མཛེས་རྩལ་དང་རྩོམ་རིག་བརྩམས་ཆོས་ཕྱོགས་བསྒྲིགས་དང་། དེ་བཞིན་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གི་དཔེ་ཚོགས་ཀྱི་དེབ་གྲངས་ཁྱོན25000ལྷག་ཙམ་ཞལ་འདེབས་སུ་ཕུལ་བ་དང་། རིན་ཐང་སྒོར་ཁྲི200ལ་ཉེ་བ་ཟིན་ཞིང་། དེའི་ནང་ཧན་ཧྲུའུ་ལི་དང་མ་ལི་ཧྭ་མི་སྒེར་གྱིས་མ་དངུལ་བཏང་ནས་ཉོས་པའི་དེབ་ཆ་ཚང1000ཚུད་ཡོད།
              ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་ལྗོངས་ཀྱི་ལོ་ངོ་ལྔ་བཅུའི་དངོས་བྲིས》ཞེས་པའི་ནང་། ཧན་ཧྲུའུ་ལི་ཡིས1973ལོ་ནས2023ལོའི་བར། དུས་རབས་ཕྱེད་ཀའི་རིང་བྲིས་པའི་བོད་ལྗོངས་ཀྱི་མི་སྣའི་དངོས་བྲིས་མ་ཟིན་བསྡུས་ཡོད་པ་དང་། ཡི་གེ་དང་པར་རིས་མཉམ་དུ་གྲུབ་ཅིང་། དེའི་ནང་མགྱོགས་བྲིས་དེབ་དང་ཉིན་ཐོའི་དེབ། ཧན་ཧྲུའུ་ལིས་བོད་ལྗོངས་སུ་སླེབས་ནས་ལོ་ངོ50སོང་རིང་གི་བཅར་འདྲིའི་ཟིན་ཐོ་སོགས་ཀྱི་ནང་དོན་ཚུད་ཡོད་པས། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་ཧན་ཧྲུའུ་ལིས་བོད་ལྗོངས་སུ་སླེབས་ནས་བོད་ལྗོངས་ཀྱི་མང་ཚོགས་དང་འབྲེལ་འདྲིས་བྱས་པ་དང་། བོད་ལྗོངས་ཀྱི་འཕོ་འགྱུར་རླབས་པོ་ཆེའི་བརྒྱུད་རིམ་དང་བོད་ལྗོངས་སྤྱི་ཚོགས་ཀྱི་གོང་འཕེལ་དངོས་སུ་བརྒྱུད་པའི་དཔང་པོ་ཞིག་རེད། དཔེ་དེབ་འདི་བརྒྱུད་དེ་ཀློག་པ་པོས་ཧན་ཧྲུའུ་ལི་བོད་ལྗོངས་སུ་བསྐྱོད་པའི་ལོ་ངོ50ཡི་རིང་གི་ལོ་ཟླ་ཉམས་སུ་མྱོང་ཐུབ། 
             རྩོམ་པ་པོ་གྲགས་ཅན་མ་ལི་ཧྭ་ཡི《བོད་དུ་བསྐྱོད་པ》ཞེས་པའི་དཔེ་ཚོགས་ནི་ཁོང་གི་སྔ་དུས་ཀྱི་ཚབ་མཚོན་བརྩམས་ཆོས་ཏེ། དངོས་བྲིས་རྩོམ་རིག་ཅིག་ཡིན་ལ“མི་ཚེའི་དངོས་བྲིས”ཤིག་ཀྱང་ཡིན། དཔེ་ཚོགས་དེས་ངེས་པ་དོན་གྱི་ཐོག་ནས་ལོ་བཅུ་ཕྲག་ཁ་ཤས་གོང་མ་ལི་ཧྭ་ཡི་མཐོང་ཐོས་མྱོང་གསུམ་གྱི་ལོ་རྒྱུས་ཟིན་ཐོར་བཀོད་ཡོད་ལ། བོད་ལྗོངས་ཀྱི་དུས་རབས་ཀྱི་འཕོ་འགྱུར་ཡང་དཔང་པོ་བྱས་ཡོད། 
             ཉིན་དེར། བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་པ་དང་། ལྷ་ས་གྲོང་ཁྱེར་སློབ་འབྲིང་དྲུག་པའི་དགེ་སློབ་ཀྱི་འཐུས་མི། དེ་བཞིན་ཧན་ཧྲུའུ་ལི་དང་མ་ལི་ཧྭ་གཉིས་ཀྱི་དགའ་ཉེ་གྲོགས་མཆེད200ལྷག་ཙམ་དཔེ་དེབ་ཞལ་འདེབས་འབུལ་བའི་བྱེད་སྒོར་ཞུགས་ཡོད།
 
རྩོམ་སྒྲིག་པ། དཔལ་གཡང་།