ཕྱི་རྒྱལ་གྱི་ཡུལ་སྐོར་པ་གཉིས།
ཡུལ་སྐོར་པས་མི་རིགས་མཐུན་སྒྲིལ་གཞིས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།
ལྔ་བའི་བ་གཞིའི་གུང་གསེང་རིང་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རར་ཡུལ་སྐོར་པ་ཤིན་ཏུ་མང་བའི་དུས་སུ་སླེབས། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་ལྟར་ན། ལྔ་བའི་བ་གཞིའི་ཉིན་གསུམ་ལ་བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི110.84སྣེ་ལེན་བྱས་ནས་དུས་མཉམ་ལས14.19%འཕར་ཞིང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར9.92མངོན་འགྱུར་བྱུང་ནས་དུས་མཉམ་ལས15.58%འཕར་ཡོད།
ལྔ་བའི་བ་གཞི་ལ་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི་ཐད། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས། ལྷ་ས་ནས་ནག་ཆུ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་པ་དང་། ཐང་ཁྲུའུ་གནའ་ལམ་རྟགས་ཅན་གྱི་སྒུལ་འཁོར་ཤར་གཏོང་བྱས་པས། འགྲིམ་འགྲུལ་ཆ་རྐྱེན་མཐོ་རུ་ཕྱིན་པ་དེ་བོད་ལྗོངས་མི་དམངས་ཕྱིར་བསྐྱོད་པར་སྟབས་བདེ་ཆེན་པོ་བསྐྲུན་པ་མ་ཟད། མཐའ་འཁོར་གྱི་ཡུལ་སྐོར་ཁྲོམ་ར་དར་བར་ཆ་རྐྱེན་ངེས་ཅན་བསྐྲུན་ཡོད། གཞན་ཡང་ཕོ་བྲང་པོ་ཏ་ལ་དང་བར་སྐོར་སོགས་ཀྱི་ས་ཆ་མ་གཏོགས། ལྷ་སའི་སྤྱི་གླིང་སོ་སོ་ཡུལ་སྐོར་པ་འགྲོ་སའི་གནས་མཆོག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས།
“དུས་ཚོད་ཐུང་བའི་དབང་གིས། བོད་ལྗོངས་སུ་མ་ཡོང་སྔོན་ལ་འཆར་གཞི་སྟབས་བདེ་ཞིག་བཟོས་ཤིང་། ལྷ་ས་ནས་གནམ་མཚོ་བར་གྱི་འགྲིམ་འགྲུལ་སྟབས་བདེ་ཞིང་མཛེས་ལྗོངས་ཡག་པས་སེམས་ཀྱང་སྐྱིད་པ་རེད”ཅེས་ལི་ཐའོ་ཡིས་གསར་འགོད་པར་དེ་ལྟར་བཤད།
ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ལྗང་མདོག་གིས་ཁེབས་པ་དང་། འདབ་ཆགས་བྱ་ཡིས་སྐད་སྙན་གྲགས་པ། གནམ་སྔོན་པོ་དང་སྤྲིན་དཀར་པོ། རི་སྔོ་ཆུ་དྭངས་བཅས་ནི་སྣུམ་ཚོན་པང་ལེབ་ཞིག་དང་འདྲ་བར་གསོན་ཤུགས་ལྡན་པའི་རི་མོ་ཞིག་རིམ་གྱིས་ཆགས་ཡོད། “འདི་ནི་ང་ཐེངས་གཉིས་པར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཡོང་བ་ཡིན། ན་ནིང་དགུན་ཁ་ཐེངས་གཅིག་ལ་ཡོང་ཡང་ད་ལྟ་དང་གཏན་ནས་མི་འདྲ་བ་རེད། དུས་ཚིགས་རེ་རེར་རང་གི་ཁྱད་ཆོས་ལྡན་པ་དང་། ལྷག་ཏུ་དུས་ཚིགས་འདིར་སྤྱི་གླིང་ནང་དུ་བསྡད་དེ་ཆུ་བྱ་དང་མཛེས་ལྗོངས་ལ་ལྟོས་ཚེ། མི་ལ་སྤྲོ་གནང་ཞིག་སྦྱིན་པ་རེད”ཅེས་ཡུལ་སྐོར་པ་ཀྲའོ་ཏུང་གིས་ཉིན་གསུམ་གྱི་གུང་གསེང་བེད་སྤྱད་དེ་ལྷ་ས་གྲོང་ཁྱེར་ལ་ཡུལ་སྐོར་བྱེད་དུ་ཡོང་བ་ཡིན།
ཁོང་གིས“ད་ཐེངས་དུས་ཚོད་མང་པོ་མེད་པས་ས་ཆ་མང་པོར་འགྲོ་མི་ཐུབ། རྗེས་སུ་གོ་སྐབས་ཡོད་ཚེ་ང་ཡང་བསྐྱར་ལྷ་སར་ཡོང་ངེས་ཡིན། ལྷོ་ཁ་རུ་སོང་ནས་ལྷ་མོ་ལྷ་མཚོ་དང་། ཉིང་ཁྲི་རུ་ནགས་ཀྱི་རྒྱ་མཚོ། མངའ་རིས་སུ་སྐར་ཚོགས་ལ་ལྟ་རུ་འགྲོ་རྒྱུ་ཡིན”ཞེས་ཀྲའོ་ཏུང་གིས་རང་གི་མ་འོངས་པའི་བོད་ལྗོངས་སུ་ཡུལ་སྐོར་བྱེད་དུ་ཡོང་བའི་འཆར་གཞི་བརྗོད། །
རྩོམ་སྒྲིག་པ། དཔལ་གཡང་།