ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

བོད་ལྗོངས་སུ་སློབ་མ་ཁྲི3.6མཐོ་རྒྱུགས་ནང་ཞུགས་པ་རེད།

སྤེལ་དུས 2024-06-13 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
             ཚེས6ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་ནས་རྒྱུས་ལོན་ལྟར་ན། བོད་ལྗོངས་ཀྱི2024ལོའི་སྤྱིར་བཏང་མཐོ་རྒྱུགས་ཟླ6པའི་ཚེས7ནས་ཟླ6པའི་ཚེས9ཉིན་ལེན་རྒྱུ་ཡིན་པ་དང་། མིག་སྔར་རྒྱུགས་མ་བླངས་སྔོན་གྱི་ལས་དོན་གྲ་སྒྲིག་བྱས་ཟིན་པ་དང་། བོད་ལྗོངས་ཡོངས་སུ་རྒྱུགས་ར10དང་བསྡོམས་པས་སློབ་མ་ཁྲི3.6མཐོ་རྒྱུགས་ནང་ཞུགས་རྒྱུ་རེད།
             “བདེ་འཇགས་མཐོ་རྒྱུགས”ཀྱི་དམིགས་ཚད་འགྲུབ་ཆེད། བོད་ལྗོངས་ཀྱིས་འབྲེལ་ཡོད་སྡེ་ཚན་སོ་སོའི་ལས་དོན་མཉམ་འབྲེལ་ལ་ཤུགས་བརྒྱབ་ནས། མཉམ་གྱིས་བོད་ལྗོངས་ཀྱི“2024ལོའི་མཐོ་རྒྱུགས་སྲུང་སྐྱོང་འགུལ་སྐྱོད”སྤེལ་ཏེ་སྲུང་སྐྱོང་འགུལ་སྐྱོད་མཐུན་སྦྱོར་ཚོགས་འདུ་བསྡུས་པ་དང་། སྡེ་ཚན་སོ་སོའི་འགན་ཁུར་གཙོ་བོ་དང་དུས་ཚོད་གསལ་བོར་གཏན་ཁེལ་བྱས་པ་མ་ཟད། རྒྱུགས་དང་འབྲེལ་བའི་སྤྱི་རྟགས་རྫུན་མ་གཙང་སེལ་དང་། རྒྱུགས་འབྲེལ་གཞུང་ཕྱོགས་དྲ་རྒྱའི་རྟགས་གསལ་བོར་གཏོང་བ། རྒྱུགས་འབྲེལ་ཁོར་ཡུག་གཙང་གཏོང་སོགས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་ནས་མཉམ་གྱིས་རྒྱུགས་ལེན་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གང་ལེགས་སྒྲུབ་པ་དང་། རྒྱ་ཆེའི་རྒྱུགས་ཞུགས་སློབ་མར་ལྷིང་འཇགས་དང་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་པ་རེད།
             དེ་དང་ཆབས་ཅིག་ཏུ་བོད་ལྗོངས་ཀྱི་ད་ལོའི་མཐོ་རྒྱུགས་ཀྱི་རྒྱུགས་ར་ནས་ཞུགས་དུས་ཀྱི་བདེ་འཇགས་ཞིབ་བཤེར་ཁྲོད་ངོ་གདོང་ངོས་འཛིན་གྱིས་ཐོབ་ཐང་ར་སྤྲོད་བྱེད་པའི་མ་ལག་བེད་སྤྱོད་བརྒྱུད། “རིག་ལྡན་བདེ་འཇགས་ཞིབ་བཤེར+ལག་བཟུང་ལྕགས་རིགས་འཚོལ་ཞིབ་ཆས”ལག་བསྟར་བྱས་ནས་རྒྱུགས་ར་ནང་ཁྱེར་མི་ཆོག་པའི་དངོས་པོ་ཞིབ་བཤེར་བྱས་པ་མ་ཟད། སྐུད་མེད་གློག་གི་བརྡ་རྟགས་བཀག་ནས་རྒྱུགས་ར་ནང་ཁ་པར་ཁྱེར་མི་ཆོག་པ་དང་། རྒྱུགས་རའི་ལས་དོན་མི་སྣ་གསོ་སྦྱོང་ཚད་ལོན་པ། རྒྱུགས་ར་ནང་ཁ་པར་བརྡ་རྟགས་འགོག་པ་དང་ཁ་པར་དྲ་རྒྱ་རང་འགུལ་ཅན་འགོག་པ། གསང་སྲུང་ཁང་དུ་རིག་ལྡན་སྐོར་ཞིབ་དང་རྒྱུགས་རའི་རིག་ལྡན་སྐོར་ཞིབ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་། མིག་སྔར། བོད་ལྗོངས་རྒྱུགས་ཞིབ་ཚོགས་པ་རྒྱུགས་ར་སོ་སོར་བསྐྱོད་དེ་ས་ཆ་སོ་སོས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། རྒྱུགས་ཤོག་བདེ་འཇགས་འགན་སྲུང་། འཕྲོད་བསྟེན་ཚོད་འགོག་ཐབས་ལམ། འཕྲལ་བསྟུན་སྔོན་འགོག་ཇུས་འགོད་བཟོ་བ། ཞབས་ཞུ་ཞིབ་ཕྲ་འགན་སྲུང་སོགས་ཀྱི་ཕྱོགས་ནས་ཞིབ་བཤེར་བྱས་ནས། མཐོ་རྒྱུགས་སྐོར་གྱི་ལས་དོན་སོ་སོར་ཤུགས་སྣོན་བརྒྱབ་ནས་ནུས་ཤུགས་ཡོད་ཚད་ཀྱིས་བོད་ལྗོངས་ཀྱི་མཐོ་རྒྱུགས་བདེ་བླག་དང་འདྲ་མཉམ་གཞུང་དྲང་ངང་མཇུག་རྫོགས་པར་འགན་སྲུང་བྱས།
 
རྩོམ་སྒྲིག་པ། དཔལ་གཡང་།