ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > རོགས་སྐྱོར་མཐུན་ཚོགས།

མཆིན་སྐྲན་གཤཊ་བཅོས་འདི་བོད་ལྗོངས་སུ་བྱེད་ཐེངས་དང་པོ་རེད་འདུག

སྤེལ་དུས 2024-06-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྤྱིར་བཏང་ཕྱི་བཅོས་ཚན་ཁག་གིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་བཟང་ཆ་སྤྱད་ཐོག ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་ཏེ3Dགསུས་ཤེལ་གྱི་མདུན་འཇུག་གཤགས་བཅོས་བྱ་ཐབས་ལ་བརྟེན་ནས་ལེགས་གྲུབ་ལྡན་པའི་ངང་གཡས་ངོས་མཆིན་སྐྲན་འདྲེག་གཅོད་བྱེད་པའི་གཤགས་བཅོས་བྱས་ཡོད་པ་རེད། 

             ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་དེ་ནི་ལོ45ལ་སླེབས་པའི་བུད་མེད་ཅིག་ཡིན་པ་དང་། བོད་སྐྱོར་རིགས་གཅིག་མཁས་ཅན་ཞུས་ཧའེ་ཧྥུང་གིས་ནད་བརྟག་སྨན་བཅོས་བྱས་རྗེས་གཡས་ངོས་མཆིན་པའི་ཕྲ་ཕུང་སྐྲན་ཆེན་པོ་ཞིག་ཡིན་པའི་ནད་དཔྱད་བྱས་ཡོད་པ་དང་། སྐྲན་གྱི་ཚངས་ཐིག་ལ11cmཡོད་པ་མ་ཟད། དེར་ནད་ཚང་ཆུང་བ་གཉིས་ཡོད་པས། སྒོ་བསྟེན་སྨན་ཁང་གིས་འགྱུར་མཚམས་སུ་གཅོད་འབྲེག་བྱེད་ཆོག་པའི་དཔྱད་དཔོག་བྱས་ཡོད། འོན་ཀྱང་སྐྲན་གྱི་བོངས་ཚད་ཆེ་བས། གང་བྱུང་དུ་གཤགས་བཅོས་བྱས་ན་གཤགས་བཅོས་བྱས་རྗེས་ནད་པའི་མཆིན་ནུས་ཆ་མི་ཚང་བའམ་ཡང་ན་སྐྲན་གཅོད་འབྲེག་གཙང་མ་མ་བྱུང་བའི་དབང་གིས་བསྐྱར་ལངས་རྒྱག་སླ་པོ་ཡོད། དེས་མ་ཚད་རྒྱུན་སྲོལ་གཤགས་བཅོས་བྱས་ན་རྨ་ཁ་ཆེ་བ་དང་གཤགས་བཅོས་བར་སྟོང་ཆུང་བས། སྐྲན་ལ་བཙིར་གནོན་ཤོར་ཏེ་ཁྲག་སྐྱོད་མཆེད་ཐོར་གྱི་ཉེན་ཁ་འབྱུང་སྲིད།

             གོང་གསལ་གྱི་དཀའ་གནད་གཉིས་འཕྲད་སྐབས། ཞུས་ཧའེ་ཧྥུང་གིས་ཐབས་ལམ་གསར་པ་འཚོལ་ཞིབ་གནང་ཡོད། དེ་ཡང་། དུས་འགོའི་བོད་སྐྱོར་སྨན་བཅོས་གྲུབ་འབྲས་ཏེ། རྩ་གསུམ་མཐོང་རུང་ཅན་གྱི་ལག་རྩལ་དང་དེ་བཞིན་གཤགས་བཅོས་ཁྲོད་ཀྱི་ཚད་བརྒལ་སྒྲ་རླབས་བེད་སྤྱོད་བྱས་ཏེ་ནད་པ་དེ་རང་ལ་འཚམ་པའི་གཤགས་བཅོས་ཇུས་གཞི་ཞིག་བཟོས་པ་སྟེ། གསུས་ཤེལ་གྱི་མདུན་འཇུག་གཤགས་བཅོས་བྱ་ཐབས་ལ་བརྟེན་ནས་གཡས་ངོས་མཆིན་པ་ཕྱེད་ཀ་གཅོད་འབྲེག་གཤགས་བཅོས་བྱ་རྒྱུ་དེ་རེད། མཐར་སྨན་བཅོས་ཚོགས་པ་དང་གཤགས་བཅོས་ཚོགས་པའི་ཐུན་མོང་འབད་བརྩོན་འོག ཆུ་ཚོད་གསུམ་གྱི་རིང་གཤགས་བཅོས་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། གཤགས་བཅོས་བྱེད་སྐབས་ཁྲག200mlཙམ་ལས་ཐོན་མེད་ཅིང་། ཕྱི་ཁུངས་ཁྲག་བླུགས་དགོས་བྱུང་མེད། གཤགས་བཅོས་བྱས་རྗེས་ཉིན་འགའ་སྨན་བཅོས་བྱས་པ་བརྒྱུད། མིག་སྔར་ནད་པ་དེ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་ཡོད།

             ལག་རྩལ་དེ་ལེགས་གྲུབ་ལྡན་པའི་ངང་སྤྱད་ཐུབ་པ་དེས་སྤྱིར་བཏང་ཕྱི་བཅོས་ཚན་ཁག་གིས་མཆིན་པའི་སྐྲན་ནད་ལ་ནད་བརྟག་སྨན་བཅོས་བྱེད་པའི་ལག་རྩལ་ཆུ་ཚད་མཐོ་རུ་བཏང་ཡོད་པ་དང་། མཆིན་པའི་སྐྲན་ཆེན་པོ་འབྲེག་གཅོད་བྱེད་ཐུབ་ཚད་མཐོ་རུ་བཏང་ཡོད་པ་མ་ཟད། ཟུངས་ཁྲག་བརྒྱུད་སྐྲན་ཁྱབ་འགྱེད་འགྲོ་བའི་ཉེན་ཁ་ཆུང་དུ་བཏང་ཡོད་པས། མཆིན་པའི་ཕྲ་ཕུང་སྐྲན་གཤགས་བཅོས་བྱས་རྗེས་སྐྲན་ནད་བསྐྱར་ལངས་རྒྱག་རྒྱུ་དང་གནས་སྤོ་བྱེད་ཚད་དམའ་རུ་བཏང་ཐུབ་ཡོད།

རྩོམ་སྒྲིག་པ། དཔལ་གཡང་།