ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

​བོད་ལྗོངས་ནག་ཆུའི་རྫོང་གཉིས་ཀྱི་ཕྱུགས་ལས་འཕེལ་རྒྱས་མཐོང་ཐོས།

སྤེལ་དུས 2024-06-13 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
             འོ་མའི་ཐོན་རྫས་འཕྲུལ་ཆས་སྣ་ཚོགས་ཀྱི་མདུན་དུ་ལས་དོན་མི་སྣ་འགའ་ཡིས་སྐྱེལ་འདྲེན་གནས་ཚུལ་ཐོ་འགོད་བྱེད་བཞིན་ཡོད་པ་དང་། ཚོད་ལྟ་ཁང་དུ་ལྟ་བཤེར་མི་སྣས་འོ་མའི་མ་དཔེ་ལ་ལྟ་བཤེར་བྱེད་བཞིན་ཡོད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་དཀར་ཆུ་འབྲོག་རའི་འོ་མའི་ཐོན་རྫས་ཐོན་སྐྱེད་བཟོ་ཁང་ནང་དུ་སྣོད་ནང་བཅུག་པའི་ཞོ་ཡི་ཐོན་སྐྱེད་རྒྱུན་མཐུད་ལས་རིམ་གྲ་སྒྲིག་ལས་དོན་སྤེལ་བཞིན་པའི་སྒང་ཡིན།
             2022ལོར། བོད་ལྗོངས་སྙན་རོང་རྫོང་དཀར་ཆུ་འབྲོག་མའི་ཆེད་ལས་མཉམ་ལས་ཁང་དེ་རྙན་རོང་རྫོང་དཀར་ཆུ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་རུ་བཏང་ཞིང་། ཀུང་སིའི་ཏུང་ཧྲི་ཀྲང་ཚེ་རིང་བསམ་འགྲུབ་ཀྱིས་ངོ་སྤྲོད་ལྟར་ན། “ཀུང་སི་ཡིས་བཅོས་སྒྱུར་བྱས་ནས་འཛུགས་སྐྲུན་བྱས་པའི་འོ་མའི་ཐོན་རྫས་ལས་སྣོན་ཐོན་སྐྱེད་སྒྲུབ་རིམ་དེ2024ལོར་དངོས་སུ་སྤྱོད་མགོ་ཚུགས་ཤིང་། རྫོང་གི་གཙོ་གནད་བཏོད་པའི་ཕྱུགས་ལས་ཐོན་རྫས་ལས་དོན་རྟེན་གཞི་ཡིན་པའི་ངོས་ནས། འདི་ནི་ང་ཚོ་སྲོལ་རྒྱུན་ཕྱུགས་ལས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་འགྲོ་བའི་གོམས་པ་གཙོ་བོར་གྱུར”ཞེས་བཤད།

ལས་དོན་མི་སྣས་འཕྲུལ་ཆས་ལ་དུག་གསོད་བཞིན་པ།
             ཕྱུགས་ལས་ལག་རྩལ་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་གཏམ་རྒྱུད་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ནས་མཉམ་དུ་འབྱུང་བཞིན་ཡོད། ཉང་གཡག་འབྲི་གཡག་ནི་བོད་ལྗོངས་ཀྱི་རིགས་རྒྱུད་བཟང་པོའི་གྲས་ཡིན་ཞིང་། མིག་སྔར་ལྷ་རི་རྫོང་གི་རིག་ལྡན་འབྲོག་རའི་ཚོད་ལྟ་ས་ཚིགས་ས་གནས་སུ་བཙུགས་ཤིང་། “ང་ཚོས་འབྲི་གཡག་སྐྱེས་པའི་འཁོར་ཡུག་གཞི་གྲངས་མཛོད་དང་ཕྱུགས་འཚོའི་འགུལ་རྣམ་སོགས་གྲངས་འཛིན་ཅན་དང་རིག་ལྡན་ཅན་དུ་གཏོང་བཞིན་ཡོད”ཅེས་ལྷ་རི་རྫོང་གི་ཞིང་ལས་གྲོང་གསེབ་ཅུའུ་ཡི་ཅུའུ་ཀྲང་སྒྲོལ་དབྱངས་ཀྱིས་དེ་ལྟར་བཤད། ཚོད་ལྟའི་གནས་འཛུགས་སྐྲུན་གྱིས་རྫོང་ཡོངས་ཀྱི་ཕྱུགས་ཟོག་སྒྲིག་གཞི་དང་ཕྱུགས་ཟོག་རིམས་ནད། རྩྭ་སའི་ཁོར་ཡུག་ལྟ་ཞིབ། ཉང་གཡག་རིགས་རྒྱུད་བཟང་པོའི་ཁྱབ་གདལ་སོགས་དེང་རབས་ཅན་གྱི་ཕྱུགས་ལས་ཚན་རིག་གསོ་སྤེལ་གྱི་སྔར་ལས་ལྷག་པའི་འཕེལ་རྒྱས་ཐད་གཞི་གྲངས་འདེགས་སྐྱོར་མཁོ་འདོན་བྱས་ཡོད་ཟེར།
             2023ལོར། ཉང་གཡག་འབྲི་གཡག་གསོ་སྤེལ་རྟེན་གཞི་རྒྱལ་ཁབ་རིམ་པའི་གསོ་སྤེལ་ཚད་གཞི་ཅན་གྱི་དཔེ་སྟོན་ཁུལ་དུ་གཏན་ཁེལ་བྱས་ཤིང་། མིག་སྔར་ས་གནས་ཀྱིས་ཚན་ཞིབ་སློབ་གླིང་དང་ཞིང་ཕྱུགས་ལས་ཆེད་མཁས་མི་སྣ་ལ་བརྟེན་ནས་ཚན་རིག་གསོ་སྤེལ་གསོ་སྦྱོང་སྤེལ་བཞིན་ཡོད། གསོ་སྤེལ་དང་ལས་སྣོན་ནུས་བ་མུ་མཐུད་དུ་མཐོ་རུ་ཕྱིན་པ་དང་བསྟུན། བོད་བྱང་རྒྱུད་ཀྱི་ཕྱུགས་ལས་ཐོན་རྫས་མིང་རྟགས་མགྱོགས་མྱུར་འཕེལ་རྒྱས་བྱུང་ཞིང་། ལྷ་རི་རྫོང་གི“ཉང་གཡག་འབྲི་གཡག”དང་སྙན་རོང་རྫོང་གི“ཁྲ་ལ་འབྲི་གཡག”ལ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ས་གཤིས་མཚོན་བྱེད་ཐོན་རྫས་མིང་རྟགས་ཐོབ།

ནག་ཆུ་གྲོང་ཁྱེར་གྱི་འབྲོག་ར་ཞིག
             ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་བོད་ལྗོངས་མཐོ་སྒང་གི་ཕྱུགས་ལས་འཕེལ་རྒྱས་ཁྱད་ཆོས་སུ་བཟུང་བས་ཕྱུགས་ལས་ས་གནས་དཔལ་འབྱོར་སྤྱི་ཚོགས་ནང་གོ་གནས་གཙོ་བོ་བཟུང་ཡོད་པས། དེ་ནི་ས་གནས་མང་ཚོགས་འབབ་འཕར་ཡོང་བའི་འབྱུང་ཁུངས་སུ་གྱུར་ཡོད། ས་གནས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་མང་ཚོགས་འབབ་འཕར་དང་གྲོང་གསེབ་དར་སྤེལ་གྱི་ཕན་ནུས་དང་འབྲེལ་ཡོད།
             དམངས་ཕྱུག་དམངས་ཕན་ནི་ཐོན་ལས་དར་བའི་དམིགས་ཚད་ཀྱི་གྲས་ཤིག་ཡིན། “སྙན་རོང་རྫོང་ཕྱུགས་ལས‘ཁེ་ལས་གཙོ་བོ+མཉམ་ལས་རྩ་འཛུགས+འབྲོག་ཁྱིམ’གྱི་འཕེལ་རྒྱས་དཔེ་དབྱིབས་རིམ་བཞིན་ཆགས་པའི་སྒང་ཡིན”ཞེས་སྙན་རོང་རྫོང་གི་རྫོང་དཔོན་ཕྱུག་ལོ་ཚེ་རིང་གིས་དེ་ལྟར་བཤད། མིག་སྔར་དཀར་ཆུ་འབྲོག་ར་ཡིས་རྫོང་ཡོངས་ཀྱི་གྲོང་རྡལ10དང་མཉམ་ལས་ཁང124ལ་ཁ་གཏད་དེ་འོ་མའི་འབྱུང་ཁུངས་ཀྱི་རྒྱུ་ཆ་དང་རིགས་སོ་སོའི་ཕྱུགས་ལས་ཐོན་རྫས་ཉོ་སྒྲུབ་བྱེད་བཞིན་ཡོད། བསྡོམས་པས་སྐམ་ཤ་དང་འོ་མ་སོགས་ཀྱི་ཕྱུགས་ལས་ཐོན་རྫས་སྒོར་ཁྲི2769.2ཉོ་སྒྲུབ་བྱས།
             “2022ལོའི་ལོ་མཇུག་ཏུ་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག ང་ཚོས་ལྷ་རི་རྫོང་གི་རྫོང་གི་འབྲོག་ལས་སྲིད་འཛིན་གྲོང་ཚོ84ལ་རིན་མེད་སྒོས་ལོ3ཅན་གྱི་ཉང་གཡག་གླང་གོག་གི་རྒྱུད་སྤྲད་ཅིང་། རྫོང་ཡོངས་ཀྱི་རྒྱུད་བཟང་ཁྱབ་གདལ་ལ་སྐུལ་འདེད་ཀྱིས་ལྷ་རི་འབྲོག་ལས་རྣམ་སྒྱུར་རིམ་སྤར་ལ་སྐུལ་འདེད་བྱས་པ་ཡིན”ཞེས་ལྷ་རི་རྫོང་གི་འབྲི་གཡག་ཐོན་ལས་བློ་འདྲིས་འོད་རྒྱན་ཚེ་རིང་གིས་དེ་ལྟར་བཤད།

ཟླ་བ་སྒྲོལ་མས་འོ་མའི་ཐོན་རྫས་ལ་ཞིབ་བཤེར་བྱེད་བཞིན་པ།
             “རང་ཉིད་ཕྱིར་ཕ་ཡུལ་དུ་ལོག་ནས་ཆེད་ལས་དང་མཐུན་པའི་ལས་དོན་གཉེར་བར་ང་དགའ་ཞིང་སྐྱིད”ཅེས་ལོ26ལོན་པའི་ཟླ་བ་སྒྲོལ་མས་དེ་ལྟར་བཤད། ཟླ་བ་སྒྲོལ་མ་ནི་སྙན་རོང་རྫོང་གི་ཉི་མ་ཤང་གི་མི་ཡིན་ལ། བོད་ལྗོངས་སློབ་ཆེན་ནས་སྐྱེ་དངོས་ཚན་རིག་ཆེད་ལས་ནས་མཐར་ཕྱིན་རྗེས་དཀར་ཆུ་འོ་མའི་ཐོན་རྫས་ལས་སྣོན་ཐོན་སྐྱེད་སྒྲུབ་རིམ་ནས་ཐོན་རྫས་ཞིབ་བཤེར་ལས་དོན་སྤེལ་བཞིན་ཡོད། ཡང་མོས“ན་ནིང་ཀུང་སིའི་གསོ་སྦྱོང་སྤེལ་བ་བརྒྱུད། ངས་ཟས་རིགས་ཞིབ་བཤེར་མི་སྣའི་དཔང་ཡིག་བླངས་པས་ལས་དོན་གོ་རིམ་ཁྲོད་མུ་མཐུད་དུ་སློབ་སྦྱོང་དང་ཆེད་ལས་ནུས་རྩལ་སྦྱངས་བཞིན་ཡོད”ཟེར། 
             ནག་ཆུ་ཡི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་རི་རླུང་གིས་རིམ་བཞིན་རྩྭ་ཐང་སྔོ་ལྗང་དུ་སྒྱུར་ཞིང་། དེང་རབས་དང་སྲོལ་རྒྱུན་གྱི་མཉམ་འདྲེས་འོག་གི་མཐོ་སྒང་ཕྱུགས་ལས་ཀྱང་འཕེལ་རྒྱས་དུས་རིམ་གསར་བར་བསྐྱོད་བཞིན་ཡོད།
 
རྩོམ་སྒྲིག་པ། དཔལ་གཡང་།