ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > གསར་ཤོས།

ཀོང་པོའི་ཞིང་འབྲོག་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་དོན་ནི་་་

སྤེལ་དུས 2024-06-14 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
“བོད་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”གྱིས་ཐོན་ཁུངས་གསར་སྤེལ་ལེགས་པར་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ།
—— ཀོང་ཏུང་བོད་སྐྱོར་གྱིས་ཉིང་ཁྲིའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དར་རྒྱས་གོང་འཕེལ་ལ་རམ་འདེགས་བྱེད་པ།
             ལོ30ཡི་རིང་། ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ། ལས་བྱེད་པ་དང་། རིགས་གཅིག་མཁས་ཅན། ལག་རྩལ་ཤེས་ལྡན་པ་བཅས་ཁག་དང་ཁག་བྱས་ཏེ་བོད་ཤར་ལྷོའི་ས་གཞི་ཆེན་པོར་འབད་འབུངས་བྱས་ནས་ཐོན་སྐྱེད་དང་། ལས་སྣོན། ཁྲོམ་ར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐྱེད་སྲིང་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རམ་འདེགས་ནུས་ལྡན་བྱས་ཡོད།
             ཇ་ལོའི་དྲི་ཞིམ་ལེ་དབར་སྟོང་གི་སར་འཐུལ།
             བོད་ལྗོངས་ཀྱི་རི་མཐོའི་ཇ་ར་སྟེ། ཡིད་འོང་ཇ་རར་འགལ་རྐྱེན་མང་པོ་འཕྲད་ནས་སྐབས་ཤིག་རིང་གཉེར་སྐྱོང་ལ་དཀའ་ངལ་འཕྲད་ཡོད། 2010ལོར་ཇ་ར་ཧྲིལ་པོ་ཀོང་ཏུང་གི་ཁ་གཏད་རོགས་སྐྱོར་འཆར་གཞིའི་ནང་བཅུག་པས་རིམ་བཞིན་དཀའ་གནད་ལས་གྲོལ་ཞིང་། ལོ10ལྷག་ཙམ་རིང་། ཀོང་ཏུང་དང་བོད་ལྗོངས་ས་ཁུལ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཇ་རར་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་ཁས་ལེན་ཐོབ་པ་དང་། ཇ་ལོར་རྒྱལ་སྤྱིའི་ཇ་འགྲེམས་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་ནས་ཡིད་འོང་ཇ་ལོའི་དྲི་ཞིམ་ལེ་དབར་སྟོང་གི་སར་འཐུལ་བ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད།
             ལོ་བཅུ་ལྷག་ཙམ་རིང་། ཀོང་ཏུང་ཞིང་ཆེན་གྱིས་སྔ་རྗེས་སུ་ཧྥོ་ཧྲན་གྲོང་ཁྱེར་དང་ཞིང་ཆེན་གཞུང་རྒྱུ་ཨུ་ལྷན་སོགས་ལ་ཁ་གཏད་རོགས་སྐྱོར་ལག་བསྟར་བྱ་རྒྱུ་བཀོད་སྒྲིག་བྱས་ནས་ཡིད་འོང་ཇ་རར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཇ་ལོའི་སྣ་ཁ་གསར་པ་གསོ་སྤེལ་དང་། ལས་སྣོན་སྒྲིག་ཆས་རིམ་སྤོར། ཇ་རའི་སྒྲིག་བཀོད་འཛུགས་སྐྲུན། ལས་བཟོའི་རྩལ་ནུས་གསོ་སྦྱོང་། ཧྥུ་འདུས་ཚད་དམའ་བའི་བདེ་ཐང་གི་ཇ་ཞིབ་བཟོ། སྤུས་རྟགས་ཐུམ་སྒྲིལ་ཚོང་གཉེར། འགྲེམས་སྟོན་ནང་ཞུགས་རྒྱུ་སྒྲིག་འཛུགས། འཛད་སྤྱོད་རོགས་སྐྱོར་སོགས་ཕྱོགས་གང་ས་ཅི་ཐད་ནས་རོགས་སྐྱོར་གྱིས་ཇ་ར་དང་ཇའི་ཐོན་རྫས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་རམ་འདེགས་བྱས་ཏེ་ཡིད་འོང་ཇ་ལོ་རྒྱལ་ཡོངས་ཙམ་མ་ཟད་འཛམ་གླིང་ཐོག་ཕྱིར་འཚོང་ཐུབ་པ་བྱས་ཡོད།
             བོད་ཕག་གི་ཐོན་ལས་འཁོར་འབྲེལ་ཆགས།
             ཉང་ཆུ་གཙང་པོའི་ལུང་གཞུང་བརྒྱུད་ནས་སྐྱོད་སྐབས། ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་དུ་བཟོ་ཁང་མང་པོ་ཡོད་པའི་ཐོན་ལས་གླིང་ཞིག་ཉིང་ལྷ་མྱུར་བགྲོད་གཞུང་ལམ་གྱི་རྒྱུད་དུ་ཆགས་ཡོད་པ་མཐོང་། འདི་ནི་ཀོང་པོ་རྒྱ་མདའ་རྫོང་གི་བོད་ཕག་ཐོན་ལས་གླིང་ཡིན་ལ། ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་ཐོག་མ་དེའང་རེད།
             2018ལོ་ནས་བཟུང་ཐོན་ལས་གླིང་འཆར་འགོད་བྱེད་པ་ནས་ཚོང་འགུགས་མ་འདྲེན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལེ་ལག་ཚང་བའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་བར། ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་མང་པོའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད།
ད་ཆ་དུས་ཐེངས་དང་པོར་ཁེ་ལས8ཀྱིས་ཀུང་སིས་བཙུགས་ནས་གསོ་སྤེལ་དང་། བཤས་གཏོང་། ལས་སྣོན། ཟོག་འགྲེམས། ཞིབ་དཔྱད་ཚད་ལེན་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུ་མངོན་འགྱུར་ཐུབ་ཡོད་པ་དང་། ཐོན་རྫས་ཀྱི་གྲས་སུ་ཕག་ཤ་བསྙལ་མ་དང་། ཕག་ཀྲིན། ཕག་ཤ་སྐམ་པོ་སོགས་བོད་ཕག་གི་ཐོན་རྫས་སྣ་ཚོགས་དང་དེ་བཞིན་སྦྲང་རྩི་དང་བེ་ཤ་ལས་སྣོན་སོགས་ཡོད་པས་ཐོན་ལས་གླིང་དུ་ཐོན་ལས་གཅིག་ཏུ་བསྡུས་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།
             ཉ་ལས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་།
             བོད་ལྗོངས་སུ་དེང་རབས་ཀྱི་ཉ་ལས་གསོ་སྤེལ་བྱ་རྒྱུ་དེ་མི་མང་པོ་ཞིག་གི་ངོས་ནས་བརྗོད་ན་བྱ་བ་གསར་པ་ཞིག་རེད། འོན་ཀྱང་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་ཞིང་རར་ཀོང་ཏུང་བོད་སྐྱོར་ལས་བྱེད་པའི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཕུགས་འདུན་དེ་མངོན་གྱུར་བྱུང་ཡོད།
             2021ལོའི་ཟླ12པར་སྨན་གླིང་ཞིང་རའི་ལམ་ལུགས་སྒྱུར་བཅོས་བྱས་ནས་ཉིང་ཁྲི་ཞིང་སྦོལ་སྐར་མ་ཞིང་ལས་ཚད་ཡོད་ཀུང་སི་བཙུགས་པ་དང་། 2022ལོའི་ཟླ6པར་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ཀྲུའུ་ཧའེ་ལས་དོན་ཚོགས་ཆུང་གིས་བོད་སྐྱོར་གྱི་ལས་འགན་མུ་མཐུད་ཁུར་ནས་སྐར་མ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་གོམ་སྟབས་མགྱོགས་སུ་བཏང་སྟེ། ས་མཐོའི་དེང་རབས་ཉ་ལས་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། དཔལ་གཡང་།