ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་སྐྱོར། > བོད་སྐྱོར་གཏམ་རྒྱུད།

རྒྱ་རིགས་ཨ་མས་བོད་རིགས་བུ་མོར་བཅངས་པའི་ཟོལ་མེད་བརྩེ་བ།

སྤེལ་དུས 2024-06-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
རང་ཉིད་ཀྱི་ལས་མི་འགྲིམ་འགྲུལ་དོན་རྐྱེན་ནང་ཚེ་ལས་འདས་པས་རྒྱ་རིགས་སྦྱིན་བདག་ཁོང་གིས་འདས་པོའི་བུ་མོར་ཨ་མ་ལྟ་བུའི་བྱམས་སྐྱོང་གནང་།
             ད་ལོ་དགུང་ལོ་ལྔ་བཅུ་ལྷག་ལ་ཕེབས་པའི་མ་ཡན་པོ་ནི་ཀྲུང་གོའི་བྱང་ཤར་ནས་ཡིན་པ་དང་། 2009ལོར་ལྷ་སར་ཡུལ་སྐོར་དུ་ཕེབས་ཤིང་དེ་ནི་ཁོང་ལྷ་སར་ཕེབས་ཐེངས་དང་པོ་རེད། ཡིན་ནའང་། མ་ཡན་པོ་ཡིས་ལོ་དགུ་ཡི་རྗེས་སུ་རང་ཉིད་དང་བོད་རིགས་བུ་མོ་སྒྲོལ་མའི(ཚབ་མིང)བར་ལས་འབྲེལ་དེ་འདྲ་བྱུང་ཡོང་སྙམ་པ་བསམ་པའི་ཡུལ་ལའང་འཁོར་མ་མྱོང་། 
             2018ལོའི་ཟླ4པར། མ་ཡན་པོ་སླར་ཡང་ལྷ་སར་ཕེབས་པའི་གོ་སྐབས་བྱུང་། ད་ཐེངས་ཁོང་ནི་གྲོགས་པོ་ཞིག་ལ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་གནས་པའི་ཨ་མ་ཆང་མའི་ཆང་བཟོ་གྲྭ་གཉེར་སྐྱོང་བྱེད་རོགས་གནང་བར་ཕེབས་པ་དང་། དུས་དེ་ནས་བཟུང་། ཁོང་ནས་བོད་ལྗོངས་སུ་འཚོ་བ་སྐྱེལ་འགོ་ཚུགས། ང་ཚོས་ཁོང་ལ་བོད་ཀྱིས་ཁྱེད་རང་ལ་བཞག་པའི་བག་ཆགས་སྐོར་གསུངས་རོགས་གནང་ཞེས་ཞུ་སྐབས། ཁོང་གིས། བོད་ལྗོངས་སུ་མཚན་མོ་ཁྱིམ་ཚང་གི་སྒོ་ཡང་རྒྱག་དགོས་མིན་འདུག གྲོང་པ་ཁྱིམ་མཚེས་དབར་ལའང་འབྲེལ་བ་ཧ་ཅང་ཡག་པོ་འདུག ལྷག་པར་དུ་བོད་རིགས་རྣམས་གཤིས་ཀ་བློ་བག་ཡངས་པའི་ཁར་སེམས་རྩ་འཁོལ་པོ་འདུག་པས་ང་རང་ཧ་ཅང་དགའ་པོ་ཡོད་ཅེས་གསུངས།

             2019ལོའི་ཟླ7པའི་ནང་།  ཆང་བཟོ་གྲྭར་ལས་མི་གསར་པ་བསྡུས་པ་དང་། སྐབས་དེ་དུས་མིང་ལ་ཟླ་བ་གཡུ་སྒྲོན(ཚབ་མིང)ཟེར་བའི་བོད་རིགས་བུ་མོ་ཞིག་ཀྱང་བཟོ་གྲྭའི་ནང་ལས་ཀར་ཞུགས། སྟབས་མ་ལེགས་པ་ཞིག་ལ། ཁོང་ལས་ཀར་ཞུགས་ནས་ཟླ་བ་གཅིག་ཡས་མས་སོང་བའི་ཉིན་ཞིག་ལ། བཟོ་གྲྭ་ནས་དགོངས་པ་ཞུས་ཏེ་འཁོར་གསུམ་འཕྲུལ་འཁོར་བཏང་ནས་ཕྱིར་སྒེར་དོན་སྒྲུབ་པར་སྐྱོད་པའི་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་ལྷག་ནས་ཚེ་ལས་འདས། སྐབས་དེ་དུས་སྦྱིན་བདག་མ་ཡན་པོ་ནི་ནང་སར་སྒེར་དོན་སྒྲུབ་པར་ཕེབས་པས་བཟོ་གྲྭའི་ནང་ཞུགས་མེད།  བོད་རིགས་བུ་མོ་དེར་འགྲིམ་འགྲུལ་དོན་རྐྱེན་ལྷག་པ་ཤེས་འཕྲལ། ཁོང་གི་ཐུགས་སུ་བུ་མོ་དེ་ངའི་བཟོ་གྲྭའི་ལས་མི་ཡིན་པས། རང་ཉིད་ཀྱིས་སེམས་ཁུར་བྱེད་དགོས་དང་དགོས་སྙམ་སྟེ་ལྷ་སར་ཕྱིར་ལོག་གནང་ནས་དངུལ་སྨར་དང་ཅ་དངོས་མང་པོ་བསྣམས་ཏེ་བུ་མོའི་ཁྱིམ་ལ་གཟིགས་པར་ཕེབས་པ་དང་། དེ་དུས་ཁོང་དང་བུ་མོ་སྒྲོལ་མ་གཉིས་ཐོག་མའི་ཐུག་འཕྲད་བྱུང་ཡོད།
             ཟླ་བ་གཡུ་སྒྲོན་གྱི་ཁྱིམ་ལ་འབྱོར་སྐབས། མ་ཡན་པོ་ཡི་མིག་ལམ་དུ་མངོན་པ་ནི་ཉམ་ཐག་པའི་བུ་མོ་སྒྲོལ་མ་དང་། རྐུབ་སྟེགས་འཁོར་ལོའི་ཐོག་ཏུ་ལུས་པའི་སྤོ་བོ་ལགས། ལོ་ན་བགྲེས་པའི་རྨོ་བོ་ལགས། ད་དུང་གཏན་འཇགས་ཀྱི་ལས་ཀ་མེད་པའི་གཅུང་པོ་བཅས་རེད། ཟླ་བ་གཡུ་སྒྲོན་གྱི་ཁྱིམ་ཚང་ལ་རྒྱུས་མངའ་བྱུང་རྗེས། མ་ཡན་པོ་ཡི་ཐུགས་སུ་ལོ་དགུ་ལ་སླེབས་ཙམ་གྱི་བུ་མོ་སྒྲོལ་མར་ད་ནས་བཟུང་ཨ་མ་མེད་པས། ཕྱིས་འབྱུང་བུ་མོ་དེའི་མི་ཚེ་གང་འདྲ་བྱས་ཡོང་སྙམ་པའི་སེམས་ཁྲལ་ཞིག་ངམ་ངམ་ཤུགས་སུ་སྐྱེས་པས། ཁོང་གིས་སྒྲོལ་མའི་ནང་མིར།  མ་འོངས་པའི་འཚོ་བར་སེམས་ཁྲལ་གནང་མི་དགོས། གནས་ཚུལ་གང་ཡོད་ནའང་ང་འཚོལ་བར་ཤོག་ཅེས་གསུངས་ནས་ལྐོག་ཏུ་མིག་ཆུ་ཕྱིས་ཞོར་དུ་ཕྱི་ལྟས་ཀྱང་སློག་མི་ནུས་པར་སེམས་སྡུག་ཡོད་ཚད་ཁོག་ཏུ་སྦས་ནས་བཟོ་གྲྭའི་ཕྱོགས་སུ་ཐོན། 
             དུས་དེ་ནས་བཟུང་། ལོ་ལྟར་དུས་ཆེན་སོགས་སླེབས་རིམ་བཞིན་མ་ཡན་པོ་ཡིས་བཟོ་གྲྭའི་ནང་ནས་བོད་རིགས་བུ་མོ་གཞན་ཞིག་སྐད་བསྒྱུར་དུ་ཁྲིད་དེ། བཟོ་གྲྭ་དང་སྒེར་གྱི་མིང་ཐོག་ནས་ཟླ་བ་གཡུ་སྒྲོན་གྱི་ལོ་ན་བགྲེས་པའི་ཕ་མ་གཉིས་དང་བུ་མོ་སྒྲོལ་མར་བལྟ་བར་ཕེབས་ཐོག་ཁོང་ཚོའི་འཚོ་བའི་ཐད་ཀྱི་དཀའ་ངལ་ལ་སྔར་ལས་ལྷག་པའི་ལྟ་རྟོག་གནང་གི་ཡོད། མ་ཡན་པོ་ཡིས། ངས་ཟླ་བ་གཡུ་སྒྲོན་གྱི་ཁྱིམ་ལ་ལྟ་རྟོག་དེ་འདྲ་བྱེད་དོན་ནི། ཁོང་ཚོར་འཚོ་བའི་ཐད་ཀྱི་དཀའ་ངལ་ཇི་ལྟར་འཕྲད་རུང་། སྡུག་ཡུས་དང་འཁང་ར་སོགས་གང་ཡང་མེད་པར་སྔར་བཞིན་བསམ་ཤེས་དང་གཅེས་འཛིན། དྲིན་ཚོར་བྱེད་ཀྱི་འདུག་པས་འཚོ་བར་འཛིན་པའི་རྣམ་འགྱུར་དེས་ང་རང་ལ་སེམས་འགུལ་ཚད་མེད་ཐེབས་པས་ཡིན་ཞེས་གསུངས།
ཕྱིས་སུ་མི་མེད་སར་ངས་ཁྱེད་རང་ལ་ཨ་མ་ལགས་ཞེས་འབོད་ན་འགྲིག་གམ།
             མ་ཡན་པོ་ཡིས་བུ་མོ་སྒྲོལ་མར་ཕྲུ་གུ་གཞན་དང་འདྲ་བར་དྲོ་སྐྱིད་དང་སྤྲོ་སྣང་གིས་ཕྱུག་པའི་བྱིས་དུས་ཀྱི་འཚོ་བ་ཞིག་སྦྱིན་གང་ཐུབ་གནང་བཞིན་ཡོད། ཁོང་གིས་སྒྲོལ་མར་གཟུགས་པོ་འཁྲུ་རོགས་དང་། འཚོ་བའི་ཐད་ཀྱི་རྒྱུན་ཤེས་སློབ་པ། ནམ་དུས་བརྗེ་དུས་གྱོན་གོས་ཉོ་བ། ངལ་གསོ་ཡོད་དུས་རྩེད་མོར་འཁྲིད་པ་དང་ཟ་མ་བཟའ་བར་འཁྲིད་པ་ལ་སོགས་ཨ་མ་ཞིག་གིས་བུ་མོར་བཅངས་པའི་བརྩེ་དུང་ཡོད་ཚད་ལྷད་མེད་པར་སྦྱིན་བཞིན་ཡོད་ལ། སྐབས་རེ་སྒྲོལ་མར་དོ་ནན་ངང་མི་ཡག་པོ་ཞིག་བྱེད་སྟངས་དང་། འཚོ་བ་སྐྱེལ་ལུགས། གྲོན་ཆུང་བྱེད་དགོས་ལུགས་ཀྱི་སློབ་གསོ་ཡང་བསྐྱོན་གནང་གི་ཡོད། དེ་ལྟར་ཁོང་ནས་སྒྲོལ་མར་ལྟ་རྟོག་གནང་ནས་ད་བར་ལོ་ལྔ་ལྷག་ཙམ་འདས།  མ་ཡན་པོ་ཡིས།  ད་ལྟ་ང་དང་སྒྲོལ་མའི་འབྲེལ་བ་ཧ་ཅང་ཡག་པོ་ཡོད། སློབ་གྲྭ་ངལ་གསོ་འཇོག་དུས་ང་དང་མཉམ་དུ་ཉལ་གྱི་རེད། ངས་སྒྲོལ་མར་བྱམས་པོ་བྱེད་པ་དེ་གྱོན་གོས་རེ་ཟུང་ཉོ་བ་དང་། ཟ་མ་ཐེངས་རེ་གཉིས་སྟེར་བ་ཙམ་མ་ཡིན་པར། འཚོ་བ་དང་སློབ་སྦྱོང་སོགས་ཕྱོགས་གང་ཅིའི་ཐད་ངའི་བུ་དང་ཁྱད་པར་ཅི་ཡང་གཏོང་གི་མེད་ཅེས་གསུངས།
             མ་ཡན་པོ་ཡིས་སྒྲོལ་མར་སློབ་གསོ་ཡག་པོ་མྱོང་བའི་ཆེད། མོ་རང་ནང་སར་འཁྲིད་དེ་སློབ་གྲྭར་སྐྱེལ་དགོས་དགོངས་རུང་། སྒྲོལ་མའི་ནང་མིས་མོས་མཐུན་གནང་མེད། ཁོང་གིས། ངས་སྒྲོལ་མ་ནང་སའི་སློབ་གྲྭར་གཏོང་དགོས་བསམས་བྱུང་། ངའི་ཨ་མ་ལགས་ཀྱིས་ཀྱང་སྒྲོལ་མར་ལྟ་རྟོག་བྱ་རྒྱུའི་ཞལ་བཞེས་གནང་བྱུང་། འོན་ཀྱང་། བུ་མོའི་ནང་མིས་མོས་མཐུན་གནང་མ་བྱུང་། ཕལ་ཆེར་ཁོང་ཚོར་ཡང་སེམས་ཁྲལ་ཡོད་ཀྱི་རེད། དེར་ངས་བསམ་ཤེས་ཐུབ་ཀྱི་འདུག ད་ལྟ་ངའི་རེ་བར་སྒྲོལ་མས་སློབ་སྦྱོང་ཡག་པོ་བྱས་ན་འགྲིག ངས་སྒྲོལ་མར་ནར་སོན་པའི་བར་དུ་ལྟ་རྟོག་བྱེད་ངེས་ཡིན་ཞེས་གསུངས།
             སྤྱི་ལོ་2023ལོའི་སྤྱི་ལོའི་ལོ་གསར་ཤར་སྐབས། མ་ཡན་པོ་ཡིས་སྔར་རྒྱུན་བཞིན་སྒྲོལ་མ་སློབ་གྲྭ་ནས་བསུས་ཏེ་ཁོང་གཉིས་ཕྱི་རུ་གཟུགས་པོ་འཁྲུ་བར་སོང་བ་དང་། ཁྱིམ་དུ་ལོག་ནས་ཉལ་ཁྲིའི་སྒང་ལ་ཉལ་སྡོད་སྐབས། སྒྲོལ་མས་གློ་བུར་དུ། ངས་ང་རང་ལ་ཨ་མ་མེད་པ་ཤེས་ཀྱི་ཡོད། ཕྱིས་སུ་མི་མེད་སར་ངས་ཁྱེད་རང་ལ་ཨ་མ་ལགས་ཞེས་འབོད་ན་འགྲིག་གི་རེད་པས་ཞེས་བཤད། ལོ་ལྔ་ཡི་དུས་ཚོད་ནི་གཅིག་བྱས་ན་རིང་པོ་རེད་ལ། ཡང་གཅིག་བྱས་ན་མིག་ཡུད་ཙམ་གྱི་དུས་ཚོད་ཅིག་རེད། ལོ་ལྔ་ཡི་ལྷག་བསམ་དག་པའི་བྱམས་སྐྱོང་ལས་སྒྲོལ་མའི་སེམས་གཏིང་ནས་ཐོན་པའི་སྐད་ཆ་དེ་མ་ཡན་པོ་ཡིས་སྒུག་ཐུབ་པ་བྱུང་ཡོད།
             མ་ཡན་པོ་ཡིས། སྒྲོལ་མའི་སྐད་ཆ་དེ་གོ་དུས་སེམས་ནང་ན་ཟུག་ཚད་མེད་བཏང་བྱུང་ལ། མིག་ཆུའང་དབང་མེད་དུ་ཤོར་བྱུང་། ད་ལྟ་སྒྲོལ་མས་མི་མེད་སར་ང་ལ་ཨ་མ་ལགས་ཞེས་འབོད་ཀྱི་ཡོད། སྒྲོལ་མ་སློབ་གྲྭར་ཡོད་དུས་ཀྱང་། སྐབས་རེ་ང་ལ་ཁ་པར་བརྒྱབ་ནས་སྐད་ཤུགས་ཆུང་ངུས་ཨ་མ་ལགས། ང་ཁྱེད་རང་དྲན་གྱི་འདུག་ཅེས་ཟེར་གྱི་འདུག་ཅེས་གསུངས། 
             ད་ལྟ། བུ་མོ་སྒྲོལ་མ་ཡང་སེམས་རྩ་འཁོལ་ཞིང་། གད་མོ་དགོད་རྒྱུར་དགའ་བ། མི་དང་འབྲེལ་འདྲིས་བྱ་རྒྱུར་དགའ་བའི་བུ་མོ་ཞིག་ཏུ་གྱུར་ཡོད། དེ་དག་ནི་མ་ཡན་པོ་ཡིས་ཨ་མ་ལྟ་བུའི་བྱམས་སྐྱོང་གནང་བ་དང་། སློབ་གསོ་བསྐྱོན་པ་ལས་བྱུང་བ་ནི་གདོན་མི་ཟའོ།

རྩོམ་སྒྲིག་པ། དཔལ་གཡང་།