མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སྤྱི་ལོ་གསར་བ་བསུ་བའི་བྱ་འགུལ་སྤེལ་བ།
སྤེལ་དུས 2020-01-06
ཡོང་ཁུངས། མཚོ་སྔོན་པོ་དྲ་བ།
རྩོམ་པ་པོ། བྱ་གཞུང་གནམ་ལྷ་འབུམ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སྤྱི་ལོ་གསར་བ་བསུ་བའི་བྱ་འགུལ་གྱི་ཡུལ་དངོས།
སྤྱི་ལོ2020ལོའི་ཟླ1པོའི་ཚེས1ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སྤྱི་ལོ་གསར་བ་བསུ་བའི《བདེ་ཐང་གི་གཞི་མ》ཞེས་པའི་ལུས་རྩལ་འགྲན་སྡུར་དང《དཔྱིད་དཔལ་བསུ་བའི་ཕོ་ཉ》ཞེས་པའི་རིག་རྩལ་འཁྲབ་སྟོན་ཆེན་མོ་སོགས་ཀྱི་མུ་འབྲེལ་བྱ་འགུལ་རིམ་པར་སྤེལ།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སྤྱི་ལོ་གསར་བ་བསུ་བའི་བྱ་འགུལ་གྱི་ཡུལ་དངོས།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སྤྱི་ལོ་གསར་བ་བསུ་བའི་མུ་འབྲེལ་བྱ་འགུལ་ལས། དགེ་རྒན་གྱི་བྱ་འགུལ་རྣམས་རིམ་པར་སྤེལ་ཚར་རྗེས། སྤྱི་ལོ2020ལོའི་ཟླ1ཚེས1ཉིན་གྱི་ཉིན་གུང་དུས་ཚོད་བཅུ་གཉིས་ནས་གཉིས་བར་སློབ་མ་རྣམས་ཀྱི་ལག་གྲུག་དང་རྐང་གྲུག་གི་འགྲན་སྡུར་དུས་མཉམ་དུ་སྤེལ་ཏེ། འཁྱག་བསིལ་བསིལ་གྱི་དགུན་ཟླ་འབྲིང་པོའི་མཁའ་དབུགས་སྤྲོ་དགའི་དྲོད་ཁོལ་གྱིས་དྲོས་པར་བྱས་ཤིང་། ཁུ་སིམ་སིམ་གྱི་སློབ་རའི་ཁོར་ཡུག་ཀུན་ཏུ་འགྲན་རྩོད་ཀྱི་འབོད་སྒྲས་ཁྱབ་པར་བྱས། ལུས་རྩལ་པ་རྣམས་ཀྱི་ལྡོག་མེད་ཀྱི་བརྩོན་འགྲུས་དང་འགྱུར་མེད་ཀྱི་ཆོད་སེམས་ལས་བཞུར་བའི་རྔུལ་ཆུའི་རྡོག་པོ་རེ་རེ་ཉི་འོད་ཀྱི་ཁྲོད་ན་གསེར་གྱི་ཐིགས་པ་བཞིན་འོད་ལམ་ལམ་དུ་འཚེར་ཞིང་། སློབ་གྲོགས་ཚོའི་ལྷད་མེད་ཀྱི་མཛའ་བརྩེ་དང་ཞིག་མེད་ཀྱི་མཐུན་སྒྲིལ་ལས་བྱུང་བའི་སྙན་འཇེབས་ཀྱི་འབོད་སྒྲ་རེ་རེ་གླུ་གཞས་ཀྱི་དབྱངས་རྟར་བསྡོངས་ནས་མཁའ་དབྱིངས་སུ་ལྷང་ལྷང་དུ་གྲག མཛེས་སྡུག་གི་ངོ་གདོང་ལ་ཡིད་ཆེས་དང་སྤོབས་པས་ཁེངས་ཤིང་། དྭངས་གཙང་གི་མིག་ཟུང་ལ་རེ་བ་དང་སྨོན་འདུན་གྱིས་ཕྱུག སྤྱི་ལོ་གསར་བའི་ཤོག་ལྷེ་གསར་བར་བྱ་བ་ཐམས་ཅད་ལྷུན་གྱིས་འགྲུབ་པའི་རྟེན་འབྲེལ་གྱི་དབུ་ཁྱུད་ལེགས་པར་བྲིས།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སྤྱི་ལོ་གསར་བ་བསུ་བའི་བྱ་འགུལ་གྱི་ཡུལ་དངོས།
ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་དགེ་སློབ་ཐམས་ཅད་སློབ་གྲྭའི་ལུས་རྩལ་ར་བར་ལྷན་ཅིག་ཏུ་འཛོམས་ཏེ། སློབ་གཙོ་གཞོན་པ་སྟོབས་ལྡན་གྱིས་སྟོང་ལོ་གསར་བ་བསུ་བའི་བཀྲ་ཤིས་སྨོན་འདུན་གྱི་ཤིས་ཚིག་ཕུལ་རྗེས།《དཔྱིད་དཔལ་བསུ་བའི་ཕོ་ཉ》ཞེས་པའི་རིག་རྩལ་འཁྲབ་སྟོན་ཆེན་མོའི་མགོ་དངོས་སུ་བརྩམས། བཅུ་དྲུག་ལང་ཚོ་རྫོགས་པའི་ལུས་ལ་བོད་བཟོ་རྒྱན་གོས་ཀྱི་འཕྱོར་སྒེག་རྣམ་པར་བཀྲ་ཞིང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་དག་གསལ་སྙན་གསུམ་གྱི་ཡོན་ཏན་དུ་མས་རབ་ཏུ་ཕྱུག་པའི། དཔྱིད་ཀྱི་ཕོ་ཉའི་མགྲིན་ཚབ་པར་གྱུར་བའི་བོད་རྒྱ་དབྱིན་གསུམ་གྱི་མདོ་འཛིན་པ་ལྔས་རིག་རྩལ་འཁྲབ་སྟོན་ཆེན་མོར་མདོ་འཛིན་བྱས་ཏེ། རིམ་པ་བཞིན《གར་གྱི་སྒེག་མོ》དང་《ལྡེམ་མྱུར་ལུས་ཀྱི་སྟངས་སྟབས།》《ཉི་མ》《ལང་ཚོའི་ཞབས་བྲོ》《སྐྱིད་པའི་ཉི་མ》《ཞང་མ་ལ》《ཞང་ཡ་རེ་ལོ》《1357》《སྟོན་བཤད་རྣ་བའི་བདུད་རྩི》《རྡུང་ལེན》《འབྲུག་ཡུལ་གྱི་ཞབས་བྲོ》《ལང་ཚོའི་ཞབས་བྲོ》《གསར་གྱི་ལྷ་ས》《འབའ་གཞས》《བཀྲ་ཤིས་པའི་སྐོར་བྲོ》སོགས་ལོ་རིམ་གསུམ་གྱི་འཛིན་གྲྭ་སོ་སོ་ནས་ཕུལ་བའི་དམངས་གླུ་དང་དེང་གཞས། རྡུང་ལེན། མཉམ་དཀྲོལ་རོལ་མོ། ཨ་རྩེད། སྟོན་བཤད། སྒྲ་སྙན་ཞབས་བྲོ། སྐོར་བྲོ་སོགས་རྣམ་གྲངས་ཕུན་སུམ་ཚོགས་ཤིང་། གྲངས་ཀ་ཅ་ནོམ་པའི་རིག་རྩལ་འཁྲབ་སྟོན་གྱི་གསོལ་སྟོན་ཆེན་མོ་ཞིག་ཀུན་གྱི་མིག་གི་དཔྱིད་དང་སྙན་གྱི་བདུད་རྩིར་དྲངས་ཏེ་ལྟད་མོ་བའི་ཡིད་རབ་ཏུ་ཚིམས་པར་བྱས།
མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སྤྱི་ལོ་གསར་བ་བསུ་བའི་བྱ་འགུལ་གྱི་ཡུལ་དངོས།
སློབ་རའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཡན་ལག་ཏུ་གྱུར་བའི་ཐེངས་འདིའི་བྱ་འགུལ་ལ་བརྟེན་ནས། སློབ་མ་རྣམས་ཀྱི་དཀའ་སྡུག་དང་་བྲེལ་ཟིང་ཆེ་བའི་སློབ་སྦྱོང་གི་འཚོ་བར་དབུགས་དབྱུང་ལྟ་བུའི་ལྷོད་གཡེང་གི་སྤྲོ་གསེང་ཞིག་བྱུང་བ་མ་ཟད། སྟོང་ལོ་གསར་བའི་ནང་སློབ་སྦྱོང་ལ་འབད་བརྩོན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ནི་སྔར་ལས་ཀྱང་བརྟས་པར་གྱུར་རོ། །
རྩོམ་སྒྲིག་པ། རིག་གྲོལ།