2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གཉེན་སྟོན།

དམངས་སྲོལ་ལས་འཕྲོས་ཏེ་གཅན་ཚའི་གོར་སྐྱའི་དབྱིབས་གཟུགས་ཀྱི་མཚོན་དོན་ལ་དཔྱད་པ།

སྤེལ་དུས 2019-12-17 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། བཀྲ་གོ
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་མདོ་སྨད་གཅན་ཚ་ས་ཆའི་ཁྱད་ལྡན་ཟས་རིགས་གོར་སྐྱ་ལ་བཟོ་སྟངས་མི་འདྲ་བ་རྔ་དབྱིབས་མ་དང་། ནུ་གཉིས་མ། ནུ་གཅིག་མ། སྣ་གཅུ་མ། དགའ་འཁྱིལ་མ། ནོར་སྤུངས་མ། མེ་ཏོག་བཞད་མ་སོགས་མང་དུ་ཡོད་ཚུལ་དང་། དེ་དག་གི་གཟུགས་དབྱིབས་དང་ཕྱིའི་སྣོད་ཀྱི་དངོས་པོའི་རྣམ་པ་དང་ནང་བསམ་པའི་རྟེན་གཞི་ཆོས་ལུགས་ཀྱི་མཛེས་དཔྱོད་ལྟ་བ་བཅས་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་བརྒྱུད་རིམ་ལས་འཕྲོས་ཏེ་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་མི་ཆོས་ལྟ་བ་དང་རིན་ཐང་ལྟ་ཚུལ། བསམ་པའི་བརྩེ་དུང་། འཚོ་བའི་གོམས་སྲོལ་སོགས་ལ་དབྱེ་ཞིབ་རགས་ཙམ་བྱས་ཡོད།
[བརྡ་ཆད་གཙོ་བོ།] གཅན་ཚ།  གོར་སྐྱ། གཟུགས་དབྱིབས། མཚོན་དོན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]K89  [ཡིག་ཚང་མཚོན་བྱང་།]A  [རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)04-134-1O                                                        
གླེང་གཞི།
        སྤྱིར་བཏང་དུ་རིག་གནས་ཞེས་པ་ནི་འགྲོ་བ་མིའི་རིགས་བྱུང་རྗེས་དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད་འཕེལ་རྒྱས་སུ་སོང་བའི་ཤེས་རིག་མཐའ་དག་ལ་འཇུག་སྟེ། དེ་ནི་རིམ་བཞིན་འཕེལ་འགྱུར་ཅན་དང་བརྒྱུད་བསྒྲགས་ཅན། བྱེད་ནུས་ཅན་དང་མི་གཤིས་ཅན། གོ་རིམ་ཅན་དང་མཚོན་བྱ་ཅན་དུ་གྱུར་ཏེ་མི་རིགས་གང་དེའི་བསམ་བློ་དང་མཛེས་དཔྱད་ལྟ་བ། ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས། ཀུན་སྤྱོད་སོགས་ཕྱོགས་ཐམས་ཅད་ལ་ཁྱབ་པ་ཞིག་ཡིན།   
        གོར་སྐྱ་ཞེས་པ་ནི་གོ་རེ་སྐྱ་བོའི་བསྡུས་མིང་སྟེ། གཅན་ཚའི་ཡུལ་གྱི་ཁ་སྐད་ཅིག་ཡིན་ཞིང་། དེ་ལས་གོར་ནི་གཅིག་ནས་གོ་རེ་ཞེས་པའི་བསྡུས་ཚིག་དང་། གཉིས་ནས་དབྱིབས་གོར་གོར་ཅན་ལ་གོ སྐྱ་ནི་མདོག་སྐྱ་བོ་ལ་ཟེར། དེ་ཡང་གོ་རེ་སྣུམ་གྱི་ནང་དུ་བཙོས་ནས་ཐོན་པ་ལ་སྣུམ་འཁུར་རམ་གོ་དམར་དང་། ས་སྐྱ་བོའི་ནང་དུ་བསྲེགས་ནས་ཐོན་པའི་གོ་རེ་ལ་ཁ་དོག་གི་ཆ་ནས་གོར་སྐྱ་ཞེས་ཐོགས་པ་ཡིན། གོར་སྐྱ་ནི་ཐོག་མར་ཕྱེ་སྐྱུར་བསྒྲུངས་ནས་ལངས་ཚེ་བུད་མེད་ལག་འབྲས་གཙང་བ་དག་གིས་སྐྱ་ཕྱེ་དང་མཉམ་དུ་བརྫིས་ནས་ལེབ་ལེབ་སྒོར་དབྱིབས་སུ་བཟོས་རྗེས། སྔོན་ནས་མེ་ལ་བསྲེགས་ཡོད་པའི་ས་འཚིག་སྙོམ་པོར་བརྡུངས་པའི་སྟེང་དུ་བཞག་ཐོག དེ་ནས་དེའི་སྟེང་ལ་ཞིབ་མོར་བརྡུངས་པའི་ས་སྲེག་བླུགས་པ་དང་། དུས་ཚོད་ངེས་ཅན་ཞིག་སོང་ནས་ཚོས་པ་ན་གོ་རེ་དེའི་སྟེང་གི་མི་གཙང་བའི་ས་དང་འཚིག་ཤུན་རྣམས་བྲད་པ་ལས་བྱུང་བ་ཞིག་ཡིན། དེའི་བཟོ་རྩལ་ཕུན་སུམ་ཚོགས་ཤིང་བྲོ་བ་ཤིན་ཏུ་ལེགས་པ་དང་། བཟའ་རིགས་གཞན་ལས་བཅུད་ལྡན་ཕྱིར། ས་འདིའི་མི་རྣམས་དེ་བཟའ་རྒྱུར་ཧ་ཅང་དགའ་པོ་ཡོད། གོ་རེ་སྲེག་པའི་ལག་རྩལ་ནི་གཅན་ཚའི་ཡུལ་དུ་གནའ་སྔ་མོ་ནས་དར་ཡོད་པ་དང་། དམངས་ཁྲོད་ཀྱི་ཟས་རིགས་ལས་གོར་སྐྱ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད། ད་དུང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་མཛད་སྒོ་གལ་ཆེན་དག་གི་འབུལ་དངོས་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན།  གོར་སྐྱའི་དབྱིབས་གཟུགས་རེ་རེའི་ནང་དུ་གནའ་མིའི་བོད་ཀྱི་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཉིང་བཅུད་དང་། མཇེས་དཔྱད་ཀྱི་ལྟ་བ། དད་མོས་ཀྱི་རང་མདངས་འདྲེས་ཡོད་ཕྱིར། མེད་ཐབས་མེད་པའི་འཚོབའི་གྲུབ་ཆ་དང་ཡུལ་སྲོལ་གོམས་གཤིས་ཤིག་ཏུ་གྱུར་ནས་ད་ལྟའི་བར་དུ་མ་ཉམས་པར་གནས་ཡོད་པ་རེད།   
        གོར་སྐྱ་སྲེག་པའི་ལས་ཀའི་བརྒྱུད་རིམ་ཁྲོད་གོར་སྐྱ་ལ་དབྱིབས་གཟུགས་འདྲ་མིན་མང་པོ་ཞིག་བཟོ་སྲོལ་ཡོད་ཅིང་། དེ་དག་ལ་དངོས་ཡོད་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་ཀྱི་ཁོར་ཡུག་གམ་མཚོན་དོན་མི་འདྲ་བ་ཡོད་པ་གཤམ་གསལ་ལྟར།
        གཅིག རྔ་དབྱིབས་མ།

        ས་འཚིག་ཏུ་གོ་རེ་སྲེག་པ་ཐམས་ཅད་ལ་གོར་སྐྱ་ཟེར་ཞིང་། དབྱིབས་གཟུགས་འདྲ་མིན་སྣ་ཚོགས་བྱུང་བ་དེ་དག་ལས་འཚོ་བའི་ཁྲོད་དུ་ཧ་ཅང་བཀོལ་སྤྱོད་ཆེ་བ་ནི་གོར་སྐྱ་རྔ་དབྱིབས་མ་ཡིན། དེ་ནི་སྒོར་མོ་རྔའི་དབྱིབས་སུ་མངོན་པས་རྔ་དབྱིབས་མ་ཞེས་ཐོགས། སྔོན་གྱི་དུས་སུ། འགྲོ་བ་མི་རྣམས་ཀྱིས་རང་བྱུང་ཁམས་ལ་ངོས་འཇིན་བྱེད་པའི་བརྒྱུད་རིམ་ཁྲོད། ཉི་མས་གྲང་བའི་སྡུག་བསྔལ་སེལ་ཏེ་དྲོད་སྦྱིན་པས་མི་རྣམས་ཉི་མ་ལ་དགའ་ཞིང་། ཉི་མ་ལ་འདང་བའི་བརྩེ་གདུང་ཇེ་ཆེར་གྱུར་ཏེ་འཚོ་བའི་ཉེར་སྤྱད་དུ་གྱུར་པའི་ཅ་ལག་མང་པོ་ཞིག་གི་དབྱིབས་གཟུགས་ཀྱང་ཉི་མ་ལྟར་གོར་གོར་དུ་བཟོས་ནས་ཐོག་མར་དགའ་བ་ནས་དད་པ་བྱས་པ་དང་། བར་དུ་དད་པ་ནས་དྲན་རྟེན་དུ་ཉར་བ། མཐའ་མར་དྲན་རྟེན་ནས་གོམས་སྲོལ་དུ་གྱུར་ཅིང་། རིམ་བཞིན་ཆོས་ལུགས་ཀྱི་ལྟ་བའི་ཤན་ཞུགས་ཀྱིས་ཡང་བསྐྱར་གོར་གོར་རམ་འཁོར་ལོའི་དབྱིབས་གཟུགས་ཀྱི་མཚོན་དོན་བརྒྱུད་བསྒྲགས་ཤུགས་ཆེར་བྱས་པས། མཐར་མིའི་མཛེས་དཔྱད་དང་རིན་ཐང་མངོན་པའི་དངོས་པོར་གྱུར་ཡོད་པ་ནི། 《ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ་》པོད་ཕྲེང་བཅོ་ལྔ་པ་ལས། “སྤྱིར་འཁོར་ལོ་ལ་འཁོར་བའི་འཁོར་ལོ།  བཀའ་ཡི་འཁོར་ལོ།  སྒོམ་པའི་འཁོར་ལོ།   བསྐོར་བའི་འཁོར་ལོ། འདོགས་པའི་འཁོར་ལོ་དང་ལྔ་ཡོད་”①ཅེས་དང་། འཁོར་ལོ་དེ་དག་བསྐོར་བའི་ཕན་ཡོན་སྐོར་ལ། “སྟོང་གསུམ་རིན་པོ་ཆེ་སྣ་ལྔས་བཀང་ནས་སངས་རྒྱས་མཆོད་པ་དང་། སེམས་ཅན་ལ་སྦྱིན་པ་བཏང་བ་བས་འཁོར་ལོ་ལན་གཅིག་བསྐོར་བའི་བསོད་ནམས་ཆེ་ཞིང་། སེམས་བསྐྱེད་དང་ལྡན་པའི་ངོས་ནས་འཁོར་ལོ་བསྐོར་བ་ན་མཚམས་མེད་ལྔ་ལ་སོགས་སྡིག་ཆེན་ཐམས་ཅད་དག་ཅིང་། གསང་སྔགས་ཀྱི་དམ་ཚིག་སོ་ཐར་གྱི་སྡོམ་པ་ཉམས་པ་དང་ལྟུང་བ་བྱུང་ཡང་འཁོར་ལོ་བསྐོར་བས་ཡོངས་སུ་བྱང་བ་་་་་་་བླ་མ་ཞིག་གིས་བསྐོར་གྱུར་ན། །འགྲོ་དོན་མཐའ་རུ་རྒྱས་པར་འགྱུར། །བཙུན་པ་ཞིག་གིས་བསྐོར་གྱུར་ན། །དད་དཀོར་གཤིན་ཟས་གང་ཟོས་བྱང་། །རྒྱལ་པོ་ཞིག་གིས་བསྐོར་གྱུར་ན། །ཁྲིམས་ཁང་འགྲིམས་ཚད་ཐར་པ་ཐོབ། །ཚོང་དཔོན་ཞིག་གིས་བསྐོར་གྱུར་ན། །ཚོང་རར་ཚོགས་ཚད་ཐར་པ་ཐོབ། །སྐྱེ་བོ་ཞིག་གིས་བསྐོར་གྱུར་ན། །སྡིག་པ་གང་བྱས་ཡོངས་སུ་བྱང་། །བུད་མེད་ཅིག་གིས་བསྐོར་གྱུར་ན། །ཚེ་རབས་བསགས་པའི་སྡིག་སྒྲིབ་དག །”②ཅེས་གསུངས་པ་ལྟར་ཡིན། དེ་བཞིན་བོན་ཆོས་ཀྱི་ནང་དུའང་འཁོར་ལོ་མང་དུ་བསྐོར་ན་འདོད་དོན་ལྷུན་གྱིས་འགྲུབ་པའི་ཕན་ཡོན་ཡོད་ཚུལ་མང་དུ་བསྟན་ཡོད་པ་དང་། འཁོར་ལོ་དེ་དག་གི་དབྱིབས་གཟུགས་ཀྱང་རྣམ་པ་གཞན་དུ་མ་ཡིན་པར་གོར་གོར་རམ་ཟླུམ་དབྱིབས་ཁོ་ནར་ངེས།  གཞན་ཡང་《བཻཌཱུརྱ་དཀར་པོའི་དོ་ཤལ་》ལས་བྱུང་བའི་ས་དཔྱད་སྐོར་ལས། “གཟུགས་ལ་སྲོག་མེད་སྲོག་ཅན་གཉིས། །དང་པོ་རྡོར་དྲིལ་རྔ་བོ་ཆེ །བུམ་པ་དཀྱིལ་འཁོར་མཎྜལ་དང་། །དུང་དཀར་གཡས་འཁྱིལ་འཁོར་ལོ་འདྲ། །ནོར་བུ་རྟགས་བརྒྱད་འཕན་ཕུར་གྲུ །བླ་བྲེས་མེ་ལོང་རྨ་བའི་མདོངས། །”③ཞེས་དང་། 《ས་དཔྱད་ཉུང་བསྡུས་ཤེལ་དཀར་མེ་ལོང་》ལས། “གནམ་ས་ཟླུམ་ལ་ས་དཔལ་བཟང་། །མི་རྟ་སྟོང་ཁ་འབུལ་བའི་ས། །གནམ་ས་གྲུ་བཞི་བསྲུང་བཞི་ཚང་། །མི་འབུམ་རྟ་འབུམ་ལོངས་པའི་ས། །གནམ་དཔྱད་འཁོར་ལོ་རྩིབས་བརྒྱད་ལ། །ས་ཡང་པད་མ་འདབ་བརྒྱད་དེར། །བསྲུང་བ་ཚང་བ་བཟང་བས་ན། །མི་ཁྲི་རྟ་ཁྲི་འོང་བའི་ས། །”④ཞེས་སའི་དབྱིབས་རྔ་བོ་ཆེ་དང་དཀྱིལ་འཁོར་མཎྜལ་དང་། འཁོར་ལོ་རྩིབས་བརྒྱད། དུང་དཀར་གཡས་འཁྱིལ། འཁོར་ལོ་སོགས་གོར་གོར་རམ་དེ་དང་ཆ་མཚུངས་པའི་རྣམ་པར་གནས་ན་བཟང་པོར་བརྩི་བ་སོགས་དེ་དག་ལ་གཞིགས་ན། ཆོས་ལུགས་ཀྱི་བསམ་བློའི་འདུ་ཤེས་དེ་ཕྱི་རང་བྱུང་ཁམས་ཀྱི་དངོས་པོ་དང་སྦྱར་ཏེ་སྒྱུ་རྩལ་གྱི་ལམ་ནས་དམངས་ཁྲོད་དུ་བརྒྱུད་བསྒྲགས་དང་བརྒྱུད་སྤེལ་བྱས་པ་མངོན་ཐུབ། དེ་ཡང་མི་རྣམས་ཀྱི་སེམས་ཀྱི་གཏིང་རུམ་དུ་ཟུག་སྟེ་ད་ལྟའི་བར་དུ་ཤུགས་རྐྱེན་ཐེབས་ཡོད། དེ་བས་གཅན་ཚའི་གོར་སྐྱ་ལའང་ཁྱད་ཆོས་དེ་འདྲ་མངའ་བ་སྨོས་ཅི། སྤྱིར་བཏང་གི་གོར་སྐྱའི་དབྱིབས་སྒོར་མོ་ཅན་ནི་ལོ་གསར་དང་དུས་ཆེན། རྟགས་དང་རྟེན་འབྲེལ། སྐྱིད་སྡུག་གང་གི་སྐབས་སུའང་བཀོལ་སྤྱོད་བྱེད་པ་ཧ་ཅང་ཁྱབ་ཆེ་ལ། དེའི་གཟུགས་ཀྱི་ཆེ་ཆུང་ཡང་སྣ་ཚོགས་སུ་སྣང་།  
        བསོད་ནམས་ཚེ་རིང་གིས་བརྩམས་པའི་《གཅན་ཚའི་རིག་གནས་》ལསྭ “སྤྱིར་བཏང་གི་གོར་སྐྱའི་ཚངས་ཐིག་ལ་ལིས་རྨིད33ཡས་མས་དང་། མཐུག་ཚད་ལ་ལིས་རྨིད་10ཡས་མས་ཡོད་ལ།  གྲོ་ཕྱེ་རྒྱ་མ་10ཡས་མས་བཅས་བཀོལ་བ་ཡིན་”⑤ཞེས་བརྗོད། ཚད་གཞི་འདི་ནི་ཕལ་ཆེར་མི་ཀུན་གྱིས་ཚད་ལྡན་དུ་རྩི་བཞིན་ཡོད། མདོ་སྨད་གཅན་ཚའི་ཡུལ་ལ་མཚོན་ན། ལོ་གསར་ནི་ལོ་གཅིག་དུས་གཅིག་ནང་གི་དུས་ཚིགས་གལ་ཆེན་ཞིག་ཡིན་ལ། ལོ་གསར་གཏོང་བའི་སྐབས་སུ་ནང་མི་གཉེན་ཉེ་ཕན་ཚུན་འཚམ་འདྲི་བྱེད་པར་འགྲོ་སྐབས་སྐྱེས་སུ་གོར་སྐྱ་འཁྱེར་བའི་སྲོལ་ནི་ཚང་མ་གཅིག་མཐུན་ཡིན།  དེའི་རྒྱུམཚན་གཙོ་བོ་ནི་ལོ་གསར་པའི་ནང་ཐམས་ཅད་ཅི་བསམ་ལྷུན་གྱིས་འགྲུབ་པའི་རྟེན་འབྲེལ་གྱི་ཕྱིར་དུ་ཡིན། གཞན་ཡང་བོད་མིའི་ཁ་དཔེར “སྐྱིད་ལ་འབོད་དགོས། སྡུག་ལ་འགྲོ་དགོས་”ཞེས་པ་ལྟར།  འདས་པོའི་ཁྱིམ་ལ་མྱ་ངན་འཚམ་འདྲིར་འགྲོ་སྐབས་མི་རེ་ནས་གོར་སྐྱ་ཧྲིལ་པོ་གཅིག་དང་ཇ་བག་གཅིག་རེ་མ་མཐར་ཡང་འཁྱེར་སྲོལ་ཡོད་པ་དང་།འདས་པོའི་ཚང་གིས་བླ་མ་དང་གྲྭ་པ་གདན་འདྲེན་ཞུས་ནས་བདུན་ཆོག་སྒྲུབ་སྐབས་སུའང་གོ་རེ་ངེས་པར་འབུལ་དགོས་དང་། སྨྱུང་གནས་བསྲུངས་ནས་གྲོལ་ཁར་གོ་རེ་ཡིས་འགྱེད་རྒྱག་པ་དང་། མནའ་མ་དང་མག་པ་བསུས་ནས་སྟོན་མོའི་གཉེན་སྟོན་གྱི་སྡེར་ཁའི་སྟེང་དུའང་གོར་སྐྱ་རྔ་དབྱིབས་མའམ་སྒོར་དབྱིབས་མ་བཀོལ་བཞིན་ཡོད་པ་སོགས།  དེས་ན་གོར་སྐྱ་སྒོར་དབྱིབས་མ་ནི་མི་ལ་ན་ཚ་མེད་པ་དང་། ཕྱུགས་ལ་གོད་ཁ་མེད་པ། བགེགས་བར་ཆད་མི་འབྱུང་བ། བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྲེལ་མཚོན་བྱེད་ཅིག་སྟེ། བཀྲ་ཤིས་པའི་མཚོན་རྟགས་ཤིག་ཡིན་པ་གང་ལེགས་མཚོན་ཐུབ། 
        གཉིས། ནུ་གཉིས་མ།

        《མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་》གྱི་ས་ཆུ་ཤིང་གི་དཔྱད་པ་ལས། “རིན་ཆེན་འདྲ་ན་ནོར་ཆེ་བར་འགྱུར། །སླ་ང་ཁ་སྦུབ་འདྲ་ན་ཁ་གཤིམུ། ། གྲུ་བཞི་བྱུང་ན་དར་ཞིང་རྒྱས། །རུས་སྦལ་འདྲ་ན་མི་རྣམས་ཚེ་རིང་། །ཟླུམ་པོ་བྱུང་ན་མི་སྒབ་འཕེལ། །ཟླ་གམ་དུ་བྱུང་ན་བུད་མེད་བཟང་། །”⑥ཞེས་པ་ལས་གོ་རེ་ནུ་གཉིས་མ་དང་ཟླ་གམ་གཉིས་ཀྱི་དབྱིབས་མཚུངས་པས། གོ་རེ་ནུ་གཉིས་མ་བུད་མེད་ལ་བྱིན་ན་མི་རྒྱུད་འཕེལ་བའི་ཞིང་ས་གཤིན་པོ་ལྟ་བུ་ཡིན་པའི་རྟེན་འབྲེལ་ཡོད་ཚུལ་ཤུགས་ནས་གོ་ཐུབ། གཞན་ཡང་ཡུལ་འདིའི་དམངས་ཁྲོད་ཀྱི་བཤད་རྒྱུན་དུ་གོ་རེ་ནུ་གཉིས་མ་ནི་ཟླ་བའི་མཚོན་བྱེད་ཅིག་ཡིན་པར་བརྗོད་པ་སོགས། གང་ལྟར་ཡང་གོར་སྐྱ་ནུ་གཉིས་མའམ་སྦྲུམ་མ་ཅན་ལ་གཅན་ཚའི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་“ཁ་རྟེའུ་”ཞེས་འབོད་ལ། གནས་སྒོ་འགྲིམས་ནས་ལོ་གཅིག་སོང་བའི་བུ་མོས་ལོ་གསར་གྱི་སྐབས་སུ་རང་ཡུལ་དུ་ལོག་པ་དང་ཕྱིར་གནས་ཚང་ལ་འགྲོ་བའི་སྐབས། གོར་སྐྱ་ནུ་གཉིས་མ་གསུམ་མམ་ལྔ་སླེ་པོའི་ནང་དུ་འཁུར་སྲོལ་ཡོད། དེ་ཡང་སྤྱིར་བཏང་བོད་ཀྱི་གཟའ་སྐར་འཕྲོད་སྦྱོར་དུ་གྲངས་ཀ་ཆ་དང་ཡ་གཉིས་ལས་ཡ་གྲངས་བཟང་བར་བརྩི་བ་དང་། ལྷག་པར་དུ་བོད་རིགས་མི་དམངས་རྣམས་ཀྱིས་གྲངས་ཀ་གསུམ་ནི་གཅིག་ནས་བཅུའི་ནང་ནས་མཆོག་ཏུ་གྱུར་པ་ཞིག་ལ་བརྩི་སྟེ། རིགས་གསུམ་མགོན་པོ་ཞེས་དང་།  དཀོན་མཆོག་གསུམ། རྩ་གསུམ་བླ་མ་ཞེས་སོགས་བརྗོད་སྲོལ་ཡོད་པ་ལྟ་བུ་དང་། གྲངས་ཀ་ལྔ་ཡང་རྒྱལ་བ་རིགས་ལྔའི་མཚོན་བྱེད་ཡིན་པར་བརྗོད་པ་སོགས། མདོར་ན། གོར་སྐྱ་ཡ་གྲངས་འཁྱེར་བ་ནི་བུ་དང་བུ་མོས་གོ་ཁ་གང་བའི་རྟེན་འབྲེལ་དང་བཀྲ་ཤིས་པའི་མཚོན་བྱེད་ཅིག་ཡིན་པར་འདོད། དེའི་ཆེ་ཆུང་ལ་གཏན་འཁེལ་གྱི་ཚད་གཞི་ཞིག་མེད་ནའང་། སྤྱིར་བཏང་རྒྱུན་གཏན་གྱི་གོར་སྐྱ་རྔ་དབྱིབས་མ་ལས་ཅུང་ཆུང་བ་ཡོད།  གོར་སྐྱ་ནུ་གཉིས་མའི་སྣེ་གཉིས་སུ་ནུ་མའི་དབྱིབས་འདྲ་བ་རེ་ཡོད་པ་ནི་བུད་མེད་ཀྱི་མཚོན་རྟགས་ཡིན་ཟེར། ཡང་འགའ་ཞིག་གིས་བྱིས་པ་ཞིག་གི་ལུས་ཀྱི་ཚུགས་ཀ་མཚོན་བྱེད་ཡིན་ཡང་ཟེར། དེའི་རྒྱུ་མཚན་ནི་“ཁ་རྟེའུ་”དེའི་སྣེ་གཉིས་སུ་དབྱིབས་ནུ་མ་འདྲ་བ་རེ་ཡོད་པའི་གཅིག་ནི་བྱིས་པའི་མགོ་ཡི་མཚོན་བྱེད་དང་། གཅིག་ནི་བྱིས་པའི་རྐང་པའི་མཚོན་བྱེད། བར་གྱི་གོར་གོར་ནི་བྱིས་པའི་གསུས་པའི་མཚོན་བྱེད་ཡིན་ཟེར། དེ་ལྟའི་“ཁ་རྟེའུ་”ལ་བྱིས་པ་བདེ་བླག་ངང་བཙའ་བའི་རྟེན་འབྲེལ་ཡོད་པར་ངོས་འཛིན་གྱིས་“སྦྲུམ་མ་ཅན་”ཟེར་མཁན་ཡང་ཡོད། གཞན་ཡང་ནུ་མའི་དབྱིབས་འདྲ་བ་གཉིས་ནི་བུ་མོའི་ཕ་ཡུལ་དང་གནས་ཀྱི་ཡུལ་གཉིས་ཀྱི་མཚོན་བྱེད་ཡིན་པར་འདོད་དེ། དེར་བུ་མོར་མངལ་སྦྲུམ་པ་ཡང་སྐྱིད་དང་གཡང་གི་གསུས་པ་རྒྱས་ཏེ་ཁྱིམ་གཉིས་ཀྱི་བསམ་དོན་གྲུབ་པ་དང་འབྲེལ་ལམ་གཉེན་གྱིས་སྦྲེལ་བའི་ནང་དོན་ལྡན་པར་བཤད། ཞིབ་ཏུ་བརྟགས་ན་བཤད་ཚུལ་ཐམས་ཅད་འགལ་བ་མེད་དོ།  
        གསུམ། ནུ་གཅིག་མ།

        འགྲོ་བ་མིའི་རིགས་འཇིག་རྟེན་འདིར་འཚོ་སྡོད་བྱེད་དགོས་ན་བཟའ་ཆས་ཐོན་སྐྱེད་དང་མི་རྒྱུད་སྤེལ་རྒྱུ་གཉིས་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པའི་སྐོར་ལ་མིའི་རིགས་རིག་པའི་མཁས་དབང་ཧ་ལི་སིས།(哈里斯) “སྤྱི་ཚོགས་ལ་དབྱེ་ན་རྨང་གཞིའི་སྒྲིག་གཞི་དང་སྒྲིག་གཞི སྟེང་གི་བཀོད་པ་བཅས་གསུམ་ཡོད་”⑦ཅེས་རྨང་གཞིའི་སྒྲིག་གཞི་དེ་དངོས་པོའི་ཐོན་སྐྱེད་བྱེད་ལུགས་དང་མི་འབོར་ཡང་བསྐྱར་སྐྱེ་འཕེལ་བྱེད་ལུགས་གཉིས་ལ་འགྲེལ་བརྗོད་བྱས་ཡོད་པས། ཁ་ཟས་དང་མི་རྒྱུད་སྤེལ་རྒྱུ་གཉིས་ནི་མིའི་འཚོ་བའི་ནང་དུ་མེད་དུ་མི་རུང་བ་ཞིག་ཡིན་པ་རྟོགས་ཐུབ། མི་རྒྱུད་སྤེལ་བའི་བརྒྱུད་རིམ་ཁྲོད་དུ་མི་རིགས་མང་པོར་ཕོ་མོའི་མཚན་མ་ལ་དད་གུས་བྱེད་པའི་རིག་གནས་ཀྱང་བྱུང་ཡོད། བོད་ལ་མཚོན་ནའང་ཕོ་མོའི་མཚན་མ་ལ་དད་བཀུར་བྱེད་པ་དེ་འཚོ་བའི་ཁྲོད་དུ་ཅུང་ཙམ་གབ་པའམ་སྦས་པ། ཡང་ན་གོ་གནས་དེ་འདྲ་མཐོན་པོ་ཞིག་ལ་མི་བརྩི་བ་མ་གཏོགས་གཏན་ནས་མེད་པ་ཞིག་ནི་མིན། དེ་ཡང་འཇིག་རྟེན་གྱི་འཁོར་བ་ནི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་ཞེས་པ་སོགས་ཆོས་ལུགས་ཀྱི་ལྟ་བའི་ཤུགས་རྐྱེན་གྱིས་ཕོ་མོའི་བརྩེ་བ་དེར་དེ་འདྲའི་མངོན་སུམ་གྱིས་དུང་བ་ཆེར་མི་བྱེད་པ་མ་གཏོགས། ཕོ་མོའི་མཚན་མ་ལ་དོ་སྣང་གཏན་ནས་མི་བྱེད་པ་ཞིག་མ་ཡིན་ཏེ། འཇིག་རྟེན་འཁོར་བ་སྐྱོང་མཁན་ཞིག་ཡིན་ཚེ ཕོ་མོ་གཉིས་མེད་ན་མི་རྒྱུད་སྤེལ་མི་ཐུབ་པས། ཕོ་མོའི་མཚན་མའི་ཁྱད་པར་དང་བྱ་བྱེད། སྐད་གདངས་སོགས་རང་བྱུང་ཁམས་ཀྱི་དངོས་པོར་དཔེ་བླངས་ནས་བརྗོད་པའི་སྣང་ཚུལ་ཤིན་ཏུ་མང་བ་མཐོང་རྒྱུ་ཡོད་པ་ལྟ་བུས་མཚོན། ཕོ་མོའི་མཚན་མ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ཚུལ་དངོས་ཤུགས་གང་ཐད་ནས་རྟོགས་ཐུབ་པ་ཡིན། ཐ་ན་དགོན་པ་རེ་ཟུང་གི་ལྷ་ཁང་གི་མདུན་རྒྱབ་དང་གཡས་གཡོན་གང་རུང་དུ་ཕོ་མོའི་མཚན་མ་མཚོན་པའི་དངོས་པོ་བཞག་ཡོད་དེ། དེ་ནི་ས་དགྲ་གནོན་བྱེད་དུ་ཡིན་པར་བཤད་མོད། མི་རྒྱུད་མང་དུ་འཕེལ་ནས་གྲྭ་རྒྱུན་མི་ཆད་པའི་རྟེན་འབྲེལ་ཡང་ཡིན་ཤས་ཆེ《བཻཌཱུརྱ་དཀར་པོའི་དོ་ཤལ་》ལས་བྱུང་བའི་ས་དཔྱད་སྐོར་ལས། “ཕོ་མཚན་བསྒྲེང་བ་འདྲ་ན་ཕོ། །དེར་བཏབ་བུ་མང་འཁོར་རྩིབས་བརྒྱད། །ཕོ་ཡིན་དབང་ཆེ་མདའ་མདུང་དང་། །རལ་གྲི་ཕོ་དེ་དེར་བཏབ་ན། །དཔའ་རྩལ་ཆེ་བ་འཇམ་པ་ལ །”⑧ཞེས་དང་། 《ས་དཔྱད་ཚིག་དོན་ཀུན་གསལ་འདོད་དགུ་འབྱུང་བའི་རིན་ཆེན་བུམ་བཟང་》ལས།“དམངས་ཀྱི་ཕོ་རི་རྩེ་མོ་ཟླུམ། །སྐེད་པ་སྦོམ་ལ་རྩུབ་ན་བཟང་། །”⑨ཞེས་དང་། ཡང་དེ་ཉིད་ལས། “བྲག་གི་ཕོ་མོ་ཟུར་ཡོད་མེད། །ས་ཡི་ཕོ་མོ་འབུར་གཤོང་དང་། །ཆུ་ཡི་ཕོ་མོ་སྐད་ཀྱིས་ཤེས། །ཤིང་གི་ཕོ་མོ་འབྲས་བུས་དཔྱད། །”⑩ཅེས་རང་བྱུང་ཁམས་ཀྱི་ས་དབྱིབས་ལ་དཔེ་བལྟས་ནས་ཕོ་མཚན་དང་འདྲ་བའི་ས་དབྱིབས་དེའི་ཐོག་ཏུ་ཁྱིམ་གཞིས་སོགས་བཙུགས་ན་བུ་མང་དུ་སྐྱེ་བ་དང་། ཡང་ན་གནས་དེར་མདའ་མདུང་གྲི་གསུམ་སོགས་སྐྱེས་བུའི་མཚོན་ཆ་བཏབ་ན་སྟག་ཤར་བའི་དབང་ཐང་རྒྱས་པ། གཞན་ཡང་སྐྱེས་པ་ཕོའི་ལུས་ཕུང་སོགས་ནི་སྐྱེས་མ་མོ་ལས་སྦོམ་པའམ་རྩུབ་པ་ཡོད་ཚུལ། ཕོ་རྟགས་ནི་འབུར་ཁ་ལས་གཤོང་བ་མིན་ཚུལ་སོགས་ཀྱི་ཁྱད་ཆོས་བརྗོད་ཡོད་པས། དེ་དག་གི་ཐོག་ནས་དོན་ལ་མཚན་མར་དད་པ་བྱེད་ཀྱིན་ཡོད་པ་ཤེས་ཐུབ། དེས་ན་ལོ་གསར་གྱི་སྐབས་སུ་གནས་སྒོ་འགྲིམས་པའི་བུ་མོ་རང་ཡུལ་ལ་ལོག་སྐབས། ཡུལ་མིས་ཆེད་དུ་བུ་མོར་བཙས་པའི་ཕྲུ་གུ་བུ་ལ་གོར་སྐྱ་ནུ་གཅིག་མ་བསྲེགས་ནས་སྟེར་སྲོལ་ཡོད་པ་ཡང་གནའ་སྔ་མོར་སྐྱེས་པ་རྣམས་ཀྱིས་སྤྱི་ཚོགས་ཐོག་ཏུ་འཐབ་འཁྲུག་སོགས་རྒྱག་པར་གནས་བབས་གལ་ཆེན་ཟིན་ཡོད་ཅིང་། གལ་ཏེ་སྐྱེས་པ་ཕོ་མེད་ན། ཁྱིམ་རྒྱུད་གཞན་གྱི་ལག་ཏུ་ཤོར་ཉེན་ཆེ་བས། ཕོ་ཞིག་སྐྱེ་རྒྱུ་ནི་ནམ་ཡང་སེམས་གཏིང་གི་རེ་འདོད་ཅིག་ཡིན་པས། ཕོ་ཞིག་སྐྱེ་བའི་རྟེན་འབྲེལ་མཚོན་བྱེད་དུའམ་ཡང་ན་རང་ཉིད་ནི་བྱིས་པ་ཕོ་ཞིག་ཡིན་པ་མཚོན་ཆེད་དུ་གོར་སྐྱ་ཡང་ཕོ་ཡི་རྟགས་མཚན་གྱི་ཚུགས་ཀ་ལྟར་བཟོས་པར་སྙམ།  དེའི་ཆེ་ཆུང་ལ་གཏན་འཁེལ་མེད་ན་ཡང་བྱིས་པ་བུ་མོར་བསྲེགས་པའི་གོ་རེ་སྣ་གཅུ་མ་ལས་གྲོ་ཕྱེ་སོགས་བཀོལ་བ་མང་བས། དེའི་ཐོག་ནས་ཀྱང་ཕོ་ཞིག་བཙའ་རྒྱུའི་རེ་འདོད་ནི་མོ་ཞིག་སྐྱེ་རྒྱུ་ལས་རེ་བ་ཤིན་ཏུ་ཆེ་བ་བཅངས་ཡོད་པ་ཤེས་ཐུབ།  གཞན་གོར་སྐྱ་ནུ་གཅིག་མའི་ཚུགས་ཀ་ནི་ཁུག་མའི་དབྱིབས་ལྟར་དུ་ཡོད་པ་དེ་ཡང་གནའ་སྔ་མོར་ཕོ་མོའི་ལས་བགོས་ཀྱི་དབང་གིས་སྐྱེས་མ་རྣམས་ནི་ཁྱིམ་དུ་བསྡད་ནས་ཁྱིམ་གྱི་ལས་ཀ་གཉེར་མཁན་དང་། སྐྱེས་པ་རྣམས་ནི་སྒོ་ཕྱི་རུ་སོང་ནས་རྒྱུ་ནོར་བཙལ་ཏེ་ཁྱིམ་གྱི་འཚོ་བ་བཀོད་སྒྲིག་བྱེད་མཁན་ཡིན་པས་ཁུག་མའི་ནང་དུ་རྒྱུ་འབྱོར་འཕེལ་བའི་མཚོན་རྟགས་སུ་འདོད་པ་སོགས། མདོར་ན་གནའ་མི་བོད་ཀྱི་གཏམ་དཔེར “སྟག་ཤར་བ་ཇག་ལ་འགྲོ་ནི་ཚོ། ། ཇག་ཕར་འགྲོ་སླ་ཡང་ཚུར་ཡོང་དཀའ། །ཇག་ཚུར་ཡོང་སྔུན་ལ་ནོམ་ཞིག་དགོས། །”ཞེས་པ་ལས་ཀྱང་སྐྱེས་པ་རྣམས་ནི་སྔར་རྒྱུ་ནོར་འཚོལ་མཁན་ཞིག་ཡིན་པ་རྟོགས་ཐུབ་པ་མ་ཟད། གོར་སྐྱ་ནུ་གཅིག་མ་དེར་འབྱོར་པ་འཕེལ་བའི་རྟེན་འབྲེལ་ཡོད་ཚུལ་ཤེས་ཐུབ་པ་སོགས། གོར་སྐྱ་ནུ་གཅིག་མ་ནི་ཕོ་ཡི་མཚོན་རྟགས་འཁྲུལ་མེད་ཅིག་ཡིན་པར་འདོད་དོ།  
        བཞི། སྣ་གཅུ་མ།

        གོ་རེ་སྣ་གཅུ་མ་ནི་ཨ་ལོང་གི་དབྱིབས་ལྟར་དཀྱིལ་ན་བུ་ག་བཏོད་པ་ཞིག་ཡིན། 《བཻཌཱུརྱ་དཀར་པོའི་དོ་ཤལ་》ལས་བྱུང་བའི་ས་དཔྱད་སྐོར་ལས། “རྒྱུད་རིང་གཡེམ་པ་མོ་ཡིན་ཏེ། །དེ་ཡི་ལྟོ་བ་དག་ལ་གདབ། །ལྟེ་ཁུང་འདྲ་མོ་དར་བཏབ་ན། །མོ་མང་མཚོ་གཡེང་འདྲ་ཡང་མོ །”(11)ཞེས་དང་།《ས་དཔྱད་ཚིག་དོན་ཀུན་གསལ་འདོད་དགུ་འབྱུང་བའི་རིན་ཆེན་བུམ་བཟང་》ལས “མོ་རི་རྩེ་མོ་ཕྲ་ལ་གུས། །འཇམ་ཞིང་ཆུ་རྒྱུན་འབབ་པ་དགོས། །”⑿ཞེས་དང་། ཡང་དེ་ཉིད་ལས། “བྲག་གི་ཕོ་མོ་ཟུར་ཡོད་མེད། །ས་ཡི་ཕོ་མོ་འབུར་གཤོང་དང་། །ཆུ་ཡི་ཕོ་མོ་སྐད་ཀྱིས་ཤེས། །ཤིང་གི་ཕོ་མོ་འབྲས་བུས་དཔྱད། །”⒀ཅེས་བུད་མེད་ནི་ངང་རྒྱུད་རིང་ཞིང་འཁྲིག་སྦྱོར་བྱེད་སའི་ཡུལ་ཡིན་པས་ས་དབྱིབས་མིའི་ལྟོ་བ་དང་ལྟེ་ཁུང་འདྲ་བའི་ས་ཆར་ཁྱིམ་གཞིས་བཏབ་ན་བུ་མོ་མང་དུ་སྐྱེ་བ་དང་། གཞན་ཡང་བུད་མེད་ནི་ཕོ་ལས་ལུས་བོངས་ཕྲ་ཞིང་འཇམ་པ་ཡོད་ཚུལ། ཕོ་རིར་ཟུར་ཡོད་ལ་མོ་རིར་ཟུར་མེད་པ། ཕོ་རི་འབུར་ལ་མོ་རི་གཤོང་བ་ཡོད་ཚུལ་སོགས་རང་བྱུང་ཁམས་ཀྱི་ས་དབྱིབས་དེ་མིའི་མཚན་མ་དང་མཚུངས་པའི་ཁྱད་ཆོས་བརྗོད་པས། དེའི་ཐོག་ནས་མོ་ཡི་མཚན་མ་ལ་དད་པ་བྱེད་ཀྱིན་ཡོད་པ་ཤུགས་ནས་རྟོགས་ཐུབ། གོར་སྐྱ་སྣ་གཅུ་མ་ཞེས་པ་ནི་གཡག་དང་མཛོ་ལ་སོགས་པའི་སྣ་ཁུག་ཤིང་མཉེན་མོས་ཕུག་ནས་ཁ་ལོ་བསྒྱུར་བར་སྟབས་བདེ་བཟོ་བྱེད་ཀྱི་སྣ་གཅུ་ཡི་དབྱིབས་ལྟར་བཟོས་ཡོད་པས། མིང་ཡང་དེ་ལྟར་ཐོགས་པའོ། དེས་ན་མཛོ་གཡག་སྣ་གཅུ་ལ་དྲངས་ན་ཁ་ལོ་བསྒྱུར་བདེ་བ་བཞིན་བྱིས་པ་བུ་མོ་ཞིག་ལ་སྣ་གཅུའི་དབྱིབས་ཀྱི་གོ་རེ་བྱིན་པ་ཡང་དོན་དུ་མ་འོངས་པ་ན་བྱིས་པ་བུ་མོ་དེས་རང་གི་ཁྱོ་ག་དང་བཅས་པའི་ཁྱིམ་མིའི་སེམས་པ་ཡོངས་སུ་བཀུགས་ནས་ཁྱིམ་གཞིས་འཕེལ་བའི་རྟགས་དང་རྟེན་འབྲེལ་དུ་བསྒྲིགས་པར་བཤད། གཞན་ཡང་བུ་མོ་རྣམས་ཆུང་དུས་ནས་རྣ་རྒྱན་གོར་གོར་བཏགས་ནས་སྒེག་ཉམས་གཏོད་རྒྱུར་དགའ་བས། དེའི་མཚོན་དོན་དུ་གོ་རེ་རྣ་གཅུ་མ་བཟོས་པར་ཡང་བརྗོད་པ་སོགས། མདོར་ན། གོར་སྐྱ་སྣ་གཅུ་མ་ནི་བུད་མེད་ཀྱི་མཚོན་རྟགས་ཤིག་ཡིན་པར་འདོད་དོ།   
དེ་ལྟར་གོར་སྐྱ་ནུ་གཉིས་མ་དང་། གོར་སྐྱ་ནུ་གཅིག་མ། གོར་སྐྱ་སྣ་གཅུ་མ་བཅས་ནི་བུ་མོ་གནས་འགྲོ་མ་དང་དེར་བཙས་པའི་བྱིས་པ་ལ་དམིགས་ཏེ་བསྲེགས་པ་ལས་གང་འདོད་དུ་མི་བསྲེག་པ་ཡང་ངེས་པར་རྟོགས་དགོས་པའི་གནད་དོ།   
        ལྔ། གོར་སྐྱ་དགའ་འཁྱིལ་མ།  
        འཆམ་རྒྱག་པ་སོགས་ཆོས་ལུགས་ཆོ་ག་སྤེལ་བའི་སྐབས་སུ་གྲྭ་པའམ་སྔགས་པ་དང་། མང་ཚོགས་རྣམས་ཀྱིས་ནོར་བུ་དགའ་འཁྱིལ་ལྟར་གཡས་སུ་འཁྱིལ་ནས་ལྷ་ཁང་དང་གཙུག་ལག་ཁང་སོགས་ལ་སྐོར་བ་བྱེད་པ་དེ་ལ་ལད་མོ་བྱས་ཏེ་གོར་སྐྱའི་དབྱིབས་ཀྱང་ནོར་བུ་དགའ་འཁྱིལ་ལྟར་བཟོས་པར་འདོད། གོར་སྐྱ་དགའ་འཁྱིལ་མ་ནི་སྔོན་ནས་གྲ་སྒྲིག་ཟིན་པའི་ཕྱེ་སྐྱུར་དེ་ཐོག་མར་སྣེ་མོ་གཉིས་ནས་བཟུང་སྟེ་ཡར་མར་ཅུང་རིང་པོར་འཐེན་པ་དང་། དེ་ནས་རིམ་བཞིན་སྦྲུལ་འཁྱིལ་བའི་དབྱིབས་ལྟར་གོར་གོར་དུ་བཅོས་ཏེ་སྟེང་ནས་མར་མནན་ནས་ཅུང་ཙམ་སྙོམས་པོར་བྱས་རྗེས་བསྲེག་དགོས་པ་ཞིག་རེད།  
        དྲུག གོར་སྐྱ་ནོར་སྤུངས་མ།   
        གོར་སྐྱའི་དབྱིབས་ནོར་བུ་སྤུངས་པ་ཅན་ནི་ཐོག་མར་ཕྱེ་སྐྱུར་གོར་གོར་དུ་བཅོས་པའི་ཐོག་ཏུ་སླར་ཡང་ཕྱེ་སྐྱུར་དུམ་བུ་མང་པོ་འབར་དགོས་ཤིང་། དེ་ཡང་སྣོད་ཀྱི་ནང་དུ་ནོར་བུ་མང་པོ་སྤུངས་པའི་རྟེན་འབྲེལ་གྱི་ཚུལ་དུ་གོ་རེའི་ཐོག་ཏུའང་ཕྱེ་སྐྱུར་མང་དུ་བཞག་ནས་བསྲེག་པ་ཞིག་ཡིན། 《ནོར་འཛིན་དཔྱད་པ་ལེགས་ཉེས་འབྱེད་པའི་ལྡེ་མིག་》ལས། “མདུན་རི་བཟང་དཔྱད་འདི་ལྟར་སྟེ །རིན་ཆེན་སྤུངས་པ་འདྲ་བ་དང་། །གྲོད་པུ་མར་གྱིས་བཀང་བ་དང་། །ཤ་སྒྲོ་ནས་ཀྱིས་བཀང་འདྲ་དང་། །བུམ་ལྟོ་ལུས་ཕྲའི་ནུ་འབུར་འདྲ། །སྦྲུམ་མའི་ལྟོ་དང་གདུགས་དབྱིབས་འདྲ། །རྩི་ཤིང་ནགས་ཚལ་མང་བ་དང་། །ལུག་ཁྱུ་ཉལ་འདྲ་མང་ཡོད་ན། །ཕྱུག་པོའི་བླ་རི་ཡིན་པས་བཟང་། །”⒁ཞེས་བྱུང་བ་སོགས་ལས། ནོར་བུ་སྤུངས་པ་ཅན་གྱི་གོ་རེས་ཁྱིམ་ཚང་དེར་རྒྱུ་དང་འབྱོར་པ་ཕུན་སུམ་ཚོགས་པོ་འཕེལ་བའི་རེ་འདོད་དང་སྨོན་འདུན་མཚོན་པར་བྱས་ཡོད་པ་གང་ལེགས་རྟོགས་ཐུབ།   
        བདུན། གོར་སྐྱ་མེ་ཏོག་བཞད་མ།   
        མེ་ཏོག་ནི་ལྷ་ཡི་མདུན་དུ་བཤམས་ནས་མཆོད་པ་འབུལ་བའི་མཆོད་རྫས་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་དྲི་མ་ཞིམ་ཞིང་མིག་ལ་མཛེས་པས་ལྷ་མི་སོགས་སེམས་ཅན་མང་པོའི་སེམས་ཁམས་ཧ་ཅང་དྭངས་བར་བྱེད། སྤྱིར་ན་ཁོར་ཡུག་གི་དབང་གིས་ཚབ་ཧ་ཅང་ཆེ་བའི་རྒྱ་གར་དུ་མེ་ཏོག་གི་མཆོད་པ་འབུལ་སྲོལ་ཡོད་པ་དང་། ས་བབ་མཐོ་ལ་ཆུ་ཁུངས་འཛོམས་པའི་རང་རེའི་བོད་དུ་ནི་ཤིན་ཏུ་གཙང་བའི་ཆུ་ཡི་མཆོད་པ་འབུལ་བ་མ་ཟད། མེ་ཏོག་གི་མཆོད་པའང་འབུལ་སྲོལ་ཡོད།  དེས་ན་གོར་སྐྱ་མེ་ཏོག་བཞད་མ་བསྲེགས་ནས་མཆོད་པར་འབུལ་བ་དེ་ཡང་དོན་དུ་མེ་ཏོག་གི་ཚབ་ཏུ་ཡིན་པར་གོ་བ་ལེན་བདེ། གོར་སྐྱ་མེ་ཏོག་བཞད་མ་ནི་ཕྱེ་སྐྱུར་སྲབ་མོ་གསུམ་ཆེ་ཆུང་བགོས་ནས་གོར་གོར་དུ་བཅོས་ཏེ་རིམ་བཞིན་གཅིག་ཐོག་གཅིག་བརྩེགས་ཀྱིས་ཞབས་ཆེ་བ་དང་སྟེང་ཆུང་བར་བསྒྲིགས་ཤིང་། མཐའ་རེ་རེར་མེ་ཏོག་གི་འདབ་མའི་རི་མོ་གཏོད་པ་ཞིག་ཡིན་པས། དེའི་དབྱིབས་ནི་མེ་ཏོག་བཞད་པའི་ཚུལ་དུ་ཡོད། དེས་ན་གོར་སྐྱ་དགའ་འཁྱིལ་མ་དང་། ནོར་སྤུངས་མ། མེ་ཏོག་བཞད་མ་དེ་དག་ནི་གཙོ་བོར་དགོན་པ་སོགས་ཀྱི་མཆོད་རྫས་དང་བསང་རྫས་སུ་བྱེད་པ་ཡིན། ལྷ་ཁང་དུ་འཇོག་པ་དེ་རྒྱུན་ལྡན་གྱི་གོར་སྐྱ་དང་བསྡུར་ན་ཅུང་ཆུང་བ་དང་། བསང་ཐོག་ཏུ་འཇོག་པ་དེ་དེ་ལས་ཀྱང་ཆུང་བ་ཡོད། གང་ལྟར་ཡང་གོར་སྐྱ་དགའ་འཁྱིལ་མ་དང་། ནོར་སྤུངས་མ། མེ་ཏོག་བཞད་མ་བཅས་ནི་མཆོད་རྫས་དང་བསང་རྫས་ལས་ཁ་ཟས་སུ་མི་བྱེད་པས་དུས་རྒྱུན་དུ་མི་བསྲེག་པ་ཡིན་ནོ།
        མཇུག་བསྡུའི་གཏམ།   
        《མི་རིགས་རིག་པའི་རྣམ་བཤད་》དུ།  “རིག་གནས་ནི་མིའི་རིགས་ཀྱིས་གསར་གཏོད་བྱས་པ་ཡིན་ལ། ཕྱོགས་མཚུངས་རིག་གནས་ཀྱིས་མི་གཤིས་བཙོ་སྦྱངས་དང་གསར་བཟོ་ཡང་བྱེད་ཐུབ་”⒂ཅེས་གསལ་བ་ལྟར།  མི་རྣམས་ཀྱིས་རིག་གནས་གསར་གཏོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཁོར་ཡུག་གི་ཆ་རྐྱེན་དང་། འཚོ་བའི་རོལ་སྟངས། ཐབས་ཤེས་སོགས་མི་འདྲ་བའི་དབང་གིས་རིག་གནས་ཀྱང་མི་འདྲ་བ་འབྱུང་ངེས་པ་དཔེར་ན། ཕྱི་དངོས་པོའི་ཁྱད་པར་དང་ནང་བསམ་པའི་ཁྱད་པར་གཉིས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་དངོས་པོ་ཐོན་སྐྱེད་བྱེད་སྟངས་དང་། བྱ་སྤྱོད་ཀྱི་ཚད་གཞི།  སྤྱི་ཚོགས་ཀྱི་རྩ་འཛུགས། འཚོ་བའི་གོམས་སྲོལ། སྐད་ཆ་དང་བསམ་བློ་གཏོང་སྟངས། རིན་ཐང་ལྟ་ཚུལ་སོགས་མི་འདྲ་བ་གྲུབ་དང་འགྲུབ་བཞིན་ཡོད་པ་ལྟ་བུ་ཡིན། དེས་ན་ནང་ཆོས་ལ་དད་པ་བྱེད་པ་དེ་ཡང་ཕྱིའི་དངོས་པོ་སྟེ། རི་ར་བ་ཁང་ཁྱིམ་སོགས་ཀྱི་བར་གསེང་གང་དུའང་སྒྱུ་རྩལ་གྱི་ལམ་ནས་མངོན་པར་བྱེད་པ་ཡིན་པས། བྱ་དངོས་མང་པོར་ནང་ཆོས་ཀྱི་བསམ་བློའི་མཛེས་དཔྱད་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་བརྗོད་ཀྱིས་མི་ལང་བ་འདུས་ཡོད་པ་ནི་ས་གནས་ཀྱི་ཁྱད་ལྡན་ཟས་རིགས་གོར་སྐྱའི་བཟོ་སྟངས་གཅིག་པུའི་སྟེང་ནས་ཀྱང་གསལ་པོར་མཐོང་ཐུབ་པ་ཡིན། ཐ་ན་དུས་རྒྱུན་འཚོ་བའི་ཁྲོད་དངོས་ཟོག་གང་རུང་ཞིག་ཐོན་སྐྱེད་བྱེད་སྐབས་ཆོས་སྤྱོད་ཡོ་བྱད་ཀྱི་གཟུགས་དབྱིབས་དང་ཀུན་ནས་མཚུངས་པར་བཅོས་ཏེ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་མི་དགེ་བའི་ལས་རྣམས་ལས་བྲལ་ནས་ཅི་བསམ་ལྷུན་གྱིས་འགྲུབ་པ་དང་བཀྲ་ཤིས་པའི་མཚོན་བྱེད་དུ་རྩི་བའི་རྟེན་འབྲེལ་རང་བཞིན་གྱི་མཛེས་དཔྱད་བསམ་བློ་ཞིག་ཀྱང་ངང་གིས་ཆགས་ཡོད། མདོར་ན་གཅན་ཚའི་ཁོར་ཡུག་དང་འཕྲོད་པའི་གོར་སྐྱའི་སྲེག་སྟངས་ཀྱི་ལག་རྩལ་འདི་ཆོས་ལུགས་ཆོ་ག་དང་ས་གནས་རང་བཞིན་གྱི་གོམས་སྲོལ་དུ་གྲུབ་སྟེ་མང་ཚོགས་ཀྱི་ཤ་དང་རུས་པའི་གསེང་དུ་འཐིམ་ཡོད། །   
        ཞར་བྱུང་གོར་བཤད་རགས་བསྡུས།  
        ཡཱ། མཆོད་ཨོཾ་ཨཱ་ཧཱུཾ། མཆོད་བླ་མ་ཡི་དམ་མཆོད། སངས་རྒྱས་བྱང་སེམས་མཆོད། དཔའ་བོ་མཁའ་འགྲོ་མཆོད། ཆོས་སྐྱོང་སྲུང་མ་མཆོད། ཡུལ་ལྷ་གཞི་བདག་མཆོད། སྟག་ཤར་བ་རྣམས་ཀྱི་དགྲ་ལྷ་མཆོད། མ་སྲུ་མོ་རྣམས་ཀྱི་ཟས་ལྷ་མཆོད། མི་རང་ལ་འཁོར་བའི་དགྲ་ལྷ་མཆོད་ཟེར་རྒྱུ།    
        ཡཱ།  ངའི་ལག་པ་གཡས་པའི་ནང་ན་ཤིང་ཙན་དན་དམར་པོའི་སྡེར་མ་ཡོད་ཀི  ཙན་དན་དམར་པོའི་སྡེར་མའི་ཐོག་ན་གོ་རེ་བྱ་རྒྱལ་ཁྱུང་ཆེན་ཡོད་ཀི  འདིར་ཁ་མིག་མེད་རུང་དགོད་ལ་ཁད།  གཤོག་པ་མེད་རུང་འཕུར་ལ་ཁད། སྡེར་མོ་མེད་རུང་འཛིན་ལ་ཁད། ལྕེ་མེད་རུང་བཤད་ལ་ཁད་ཀྱི་གོ་རེ་འདི། ས་གཅན་ཚ་སྣང་ར་ཡུལ་གྱི་གོར་མོ་ཆེ་སྟེ། ངེད་སྐུ་རྒྱལ་བོད་ཀྱི་གསོལ་གོར་ཡིན་ཟེར་རྒྱུ།   
        ཡཱ། ད་གོ་རེ་འདིའི་བྱུང་བ་རྣམ་གསུམ་བཤད་ན། ས་དོག་མོའི་ས་ཆུ་དྲོད་ཀྱིས་དྲོས་དུས། ཆུ་གཙང་པོའི་ཆབ་རོམ་ཉི་མས་བཞུ་དུས། ཞིང་ལུད་རྫས་སྨན་ཆུ་གཏོར་གཏོར་བྱས། གྲོའི་ས་བོན་ཆར་པ་འབབ་འབབ་བྱེད་ཀི  མཛོ་ཁྱུང་དཀར་གཉའ་ལ་སྐེ་ཤིང་བཞག་ནས། ཤིང་སྟག་པའི་གཤོལ་ཞིག་བར་ལ་བཞག་ནས། སྟག་ཤར་བ་ཞིག་གིས་གཞུག་ནས་བསྐྱོར་ཏེ། ཐོང་རྣོན་པོ་ས་གཞིའི་སྟེང་ལ་འཛུགས་ཀི   ཆུ་གཙང་པོ་གསོལ་ཇ་འདྲེན་འདྲེན་བྱས་ཟེར་རྒྱུ།   
        ཡཱ། ད་ཞིང་བཏབ་ཐལ་བཏབ་ཐལ་ཟེར་དུས་ན།...... ཁེམ་དང་སྡུད་མ་བཟུང་ནས་འབྲུ་རིགས་སྡུད་ཀི་ཟེར་རྒྱུ།  
        ཡཱ།  ད་འབྲུ་བསྡུས་ཐལ་བསྡུས་ཐལ་ཟེར་དུས་ན། ཞིང་ཆུ་མ་གསུམ་གྱི་ཆུ་ཕུད་བླངས་ནས། ཞིང་རི་མ་གསུམ་གྱི་རི་ཕུད་བླངས་ནས། ད་འབྲུ་རིགས་གཞུང་སྒོ་གཅིག་ལ་སྡུད་ཀི  སྟོད་བར་སྣང་ཁམས་སུ་རླུང་ལ་འཕྱར་ནས།  སྐྱི་བསེར་རླུང་གིས་དབྱེ་བ་འབྱེད་ཀི  བདེན་པ་ཐམས་ཅད་སྔུན་ལ་འདེད་ཀི   རྫུན་མ་ཐམས་ཅད་རླུང་ལ་བསྐུར་གི   མ་བུ་མོས་འཁྲབ་མའི་ནང་ན་འཁྲབ་སྲོལ་ཡག་གི  རིན་ཆེན་གསེར་གྱི་ས་གཞིའི་སྟེང་ལ། འཛམ་གླིང་ཉི་མ་སེར་པོས་སྐམ་ཚུལ་ཡག་གི  གསོམ་དཀར་ཤིང་གི་སྒམ་གྱི་ནང་ལ། འབྲུ་རིགས་རི་ལྟར་སྤུངས་སྤུངས་བྱེད་ཀི་ཟེར་རྒྱུ།   
        ཡཱ།  ཕྱུག་པོ་རྡོ་རང་ཁ་ལ་འགྲོ་དུས། ཕྱེ་འཐག་ཐལ་འཐག་ཐལ་ཟེར་དུས་ན། ཕྱེ་སྐྱ་གངས་སྐྱ་འབབ་འབབ་བྱེད་ཀི དང་པོ་གཡས་ལ་འཁོར་ན་གསེར་ཕྱེ་འབབ་ཀི  གཡོན་ལ་འཁོར་ན་དངུལ་ཕྱེ་འབབ་ཀི  མདུན་ལ་འཁོར་ན་དུང་ཕྱེ་འབབ་ཀི ཕྱེ་བརྫིས་ཐལ་བརྫིས་ཐལ་ཟེར་དུས་ན། སྤྲིན་དཀར་པོ་ཁ་ལོ་གཅུ་གཅུ་བྱེད་ཀི  ཕྱེ་བསྙལ་ཐལ་བསྙལ་ཐལ་ཟེར་དུས་ན། ཕ་མས་བུ་ཕྲུག་བསྙལ་བསྙལ་བྱེད་ཀི   ཕྱེ་ལངས་ཐལ་ལངས་ཐལ་ཟེར་དུས་ན། ལྕང་མའི་ལུ་གུ་གད་གད་བྱེད་ཀི་ཟེར་རྒྱུ།   
        ཡཱ།  གོ་རེ་སྲེག་ཐལ་སྲེག་ཐལ་ཟེར་དུས་ན། བྱ་རྒོད་པོ་གཤོག་བརྒྱངས་བྱེད་འདྲ་རེད། དང་པོ་གོ་རེ་གྲུ་བཞི་སྲེག་གི  གྲུ་བཞི་བསྲེགས་ན་རྒྱབ་ལ་བདེའོ་ཟེར་གི  གཞན་གྱིས་བལྟས་ན་བརྗིད་ཉམས་ཆེའོ་ཟེར་གི  དེ་ནས་གོ་རེ་གོར་གོར་སྲེག་གི  གོར་གོར་བསྲེགས་ན་ལག་ལ་བདེའོ་ཟེར་གི  གྲལ་དུ་བསྒྲིགས་ན་སྡེར་ཁ་འཁྱོངས་ཀི་ཟེར་རྒྱུ།   
        ཡཱ།  གོ་རེ་འདི་དང་པོ་སྟོད་དབུས་གཙང་ཡུལ་ལ་སོང་ན། སྟོད་དབུས་གཙང་བླ་མར་མཇལ་དར་ཉན་ནི་ཟེར་གི  དེ་ནས་དཔོན་པོའི་མདུན་དུ་སོང་ན། དཔོན་པོའི་ལེགས་སྐྱེས་ཉན་ནི་ཟེར་གི  དེ་ནས་བོད་གངས་ཅན་ཡུལ་ལ་ཡོང་ན། བོད་མི་ཚེ་གཅིག་གི་སྡེར་ཁ་ཉན་ནི་ཟེར་གི   
        ཡཱ།  ངས་འདི་ཚོགས་ཁྲོམ་པའི་གྲལ་དཀྱིལ་ནས། རྟེན་འབྲེལ་གྱི་ཁ་གཡང་ཞིག་བོས་ན། གྲལ་འགོ་ན་བཞུགས་པའི་དཔོན་པོ་སྐུ་ཚེ་རྒྱལ་མཚན་བརྟན་པའི་བཀྲ་ཤིས་ཤོག  གྲལ་རྐེད་ན་བཞུགས་པའི་སྤུན་དང་ན་ཟླ་རྣམ་པ་མཐུན་པ་སྤུན་བཞིའི་རྟོགས་བརྗོད་བསྐྱངས་ཤིང་མདུན་ལམ་འོད་སྟོང་འབར་བའི་བཀྲ་ཤིས་ཤོག  གྲལ་རྔ་ན་བཞུགས་པའི་མ་དང་སྲུ་མོ་རྣམས་གཡུལ་དང་ལས་ཀ་ལྡན་ཞིང་ཟས་དང་ཟ་མ་འཛོམས་པའི་བཀྲ་ཤིས་ཤོག གྲལ་མཐའ་ན་བཞུགས་པའི་ན་ཆུང་བུ་དང་བུ་མོ་རྣམས་རིག་པའི་འདབ་ལག་རྒྱས་ཤིང་རྒྱལ་ཁམས་ཕྱོགས་མེད་འགྲིམ་པའི་བཀྲ་ཤིས་ཤོག  སྤྱིར་མདོ་དབུས་ཁམས་གསུམ་གྱི་གངས་ཅན་བོད་པ་རྣམས་རྟ་ས་འཇག་རི་སུམ་མདོ་རྟ་ཡིས་གང་བའི་བཀྲ་ཤིས་ཤོག ནོར་ས་རྫ་རི་སྨུག་པོ་ནོར་གྱིས་གང་བའི་བཀྲ་ཤིས་ཤོག ཞིང་ས་གསེར་གཞོང་རིང་མོ་འབྲུ་ཡིས་གང་བའི་བཀྲ་ཤིས་ཤོག  མི་ལ་ན་ཚམེད་པའི་བཀྲ་ཤིས་ཤོག ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་ཤོག  ལོ་ལེགས་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག ཆར་ཆུ་དུས་སུ་འབབ་པའི་བཀྲ་ཤིས་ཤོག སྤྱིར་བོད་ཁམས་སྐྱིད་ཅིང་བདེ་བའི་བཀྲ་ཤིས་ཤོག །
        ལུང་འདྲེན་དཔྱད་ཡིག
①②གཡུང་དྲུང་བོན་གྱི་བཀའ་བསྟན་དཔེ་རྙིང་ཁང་གིས་ཕྱོགས་སྒྲིག་མཛད་པའི་《ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ་》པོད་ཕྲེང་བཅོ་ལྔ་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 2011ལོའི་ཟླ7པར་དཔར། ཤ174 ཤ175 ~176
③④⑥⑧⑨⑩⑾⑿⒀⒁བསོད་ནམས་དབང་ལྡན་གྱིས་སྒྲིག་འགྲེལ་བྱས་པའི་《ས་དཔྱད་ཕྱོགས་བསྒྲིགས་》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 2007ལོའི་ཟླ8པར་དཔར།  ཤ157 ཤ305 ཤ284 ཤ144 ཤ217 ཤ229 ཤ144 ཤ218 ཤ229 ཤ311
⑤བསོད་ནམས་ཚེ་རིང་གིས་བརྩམས་པའི་《གཅན་ཚའི་རིག་གནས་》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 2008ལོའི་ཟླ་།2པར་12པར་དཔར།  ཤ204
⑦ཞ་ཅན་ཀྲུང་(夏建中)གིས་བརྩམས་པའི་《རིག་གནས་མིའི་རིགས་རིག་པའི་གཞུང་ལུགས་ཀྱི་གྲུབ་མཐའ་》 ཀྲུང་གོ་མི་དམངས་སློབ་ཆེན་དཔེ་སྐྲུན་ཁང་གིས་བསྐྲུན། 1997ལོའི་ཟླ7པར་དཔར། ཤ252
⑩ལིན་ཡོ་ཧྭ་(林耀华) ཡིས་བརྩམས་པའི་《མི་རིགས་རིག་པ་རྣམ་བཤད་》  ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་གིས་བསྐྲུན།1997ལོའི་ཟླ12པར་དཔར། ཤ399