བོད་ལྗོངས་ཀྱིས་བརྗོད་བྱ་གཙོ་བོའི་དཔེ་སྐྲུན་དངོས་པོ་པར་འགྲེམ་བྱས།
སྤེལ་དུས 2019-09-12
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
ཀྲུང་གོ་གསར་པར་གུས་པས་བསྟོད། དུས་རབས་གསར་པར་འབད་པས་བསྐྱོད་ཅེས་པའི་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དངོས་པོ་འགྲེམ་སྤེལ་དང་། ཞལ་འདེབས་ཀྱི་བྱེད་སྒོ་དེ་སྤྱི་ཚེས་11ཉིན་བོད་ལྗོངས་ལྷ་སར་སྤེལ་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་ཆེད། ལྗོངས་ཡོངས་ཀྱི་དཔེ་སྐྲུན་ཚན་པས་《ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་པར་དེབ་》དང་། 《རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འཁོར་བའི་བོད་ལྗོངས་ཀྱི་བརྙན་ཕབ་ཟིན་ཐོ་》 《ཐན་ཀོན་སན་གྱི་པར་དེབ་》 《ཉི་མར་ཕྱོགས་ནས་ཕུགས་འདུན་དོན་གཉེར་བྱེད་པ་སྟེ། བོད་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་དཔེ་མཚོན་ཉམས་མྱོང་ཕྱོགས་བསྒྲིགས་》སོགས་ཁག་དང་པོའི་དཔེ་དེབ་དང་། བརྙན་ཕབ་སྤྱིན་ཤོག གློག་རྡུལ་དཔེ་དེབ་སོགས་གཙོ་གནད་ལེགས་འབུལ་དཔེ་སྐྲུན་དངོས་པོ་20ལྷག་ཙམ་པར་འགྲེམ་བྱས་ཡོད།

བོད་རང་སྐྱོང་ལྗོངས་དྲིལ་བསྒྲགས་པུའུ་གསར་འགྱུར་དཔེ་སྐྲུན་ཁྲུའི་འགན་ཁུར་བ་ཨ་ནན་ལགས་ཀྱིས། ང་ཚོས་དཔེ་དེབ་དང་། བརྙན་ཕབ་སྦྱིན་ཤོག གློག་རྡུལ་དཔེ་དེབ་སོགས་20ལྷག་ཙམ་འགྲེམ་སྤེལ་བྱས་ཡོད། དེ་དག་ལོ་སྟོད་ནས་འཆར་གཞི་བཀོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ནང་། ཀྲུང་གོ་གུང་ཁྲན་ཏང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ལ་གནམ་ས་བླ་འོག་དང་། ཕྱོགས་བཞི་མཚམས་བརྒྱད་ནས་འཕོ་འགྱུར་བྱུང་བའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཕྱོགས་ཁག་གི་འགྱུར་བ་མཚོན་པར་བྱས་ཡོད་ཅེས་གསུངས་ཀྱི་འདུག

དཔེ་སྐྲུན་དངོས་པོ་དེ་དག་གི་ལངས་ཕྱོགས་ཁ་གསལ་བ་དང་། བརྗོད་བྱ་འབུར་དུ་ཐོན་པ། རྣམ་པ་སྣ་ཚོགས་པ། དཔེ་སྐྲུན་སྤུས་དག་པ་བཅས་ཡོད་པ་དང་། ཁུངས་བཙན་གྱི་གྲངས་གཞི་དང་། རྩེར་སོན་གྱི་པར་རིས། ཕུན་སུམ་ཚོགས་པའི་དཔྱད་གཞི་བཅས་ལས་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་དབུ་ཁྲིད་འོག སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་། རླབས་ཆེན་གྱི་གྲུབ་འབྲས། རྩ་ཆེའི་ཉམས་མྱོང་བཅས་གང་ལེགས་མཚོན་པར་བྱས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབད་འཐབ་ཡར་བརྩོན་གྱི་སྙིང་སྟོབས་མངོན་པར་བྱས་ཡོད།

ཤིན་ཧྭ་དཔེ་ཚོང་ཁང་གི་ལས་མི་བློ་བཟང་དཔལ་ལྡན་ལགས་ཀྱིས། ད་ཐེངས་བྱེད་སྒོའི་ཐོག དཔེ་དེབ་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས་པ་ཞིག་འདུག་པས་སླད་མ་འོངས་པར་དེ་ལྟ་བུ་དོན་སྙིང་དང་། རིན་ཐང་ལྡན་པའི་དཔེ་སྐྲུན་དངོས་པོ་མང་ཙམ་པར་འགྲེམ་ཐུབ་པའི་རེ་བ་ཡོད། ལས་མི་དཀྱུས་མ་ཞིག་གི་ངོས་ནས་ང་ཚོས་རྒྱ་ཆེའི་ཀློག་པ་པོ་ཚོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་དྲན་གསོ་ཞུ་བའི་བརྗོད་གཞི་ཁག་གཉིས་ཀྱི་ཐོག་ནས་དཔེ་དེབ་འོས་སྦྱོར་ཞུ་རྒྱུ་ཡིན་ཞེས་གསུངས་ཀྱི་འདུག
རྩོམ་སྒྲིག་པ། རྡོ་རྗེ།