ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་བུ་མོ་འདིས་སླར་ཡང་གསེར་གྱི་རྟགས་མ་བླངས་འདུག

སྤེལ་དུས 2024-03-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཚེས18ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། ནོར་ཝེའི་ས་གནས་དེ་གའི་དུས་ཚོད་ཟླ3པའི་ཚེས16ཉིན་གངས་ཤུད་རི་འཛེག་གཞོན་ནུའི་འཛམ་གླིང་བུམ་པའི་འགྲན་བསྡུར་ནོར་ཝེའི་མུར་ཏེ་ས་ཚིགས་ཀྱི་འགྲན་བསྡུར་ནང་བོད་ལྗོངས་ཀྱི་བདམས་ཐོན་པ་ཚེ་བརྟན་གཡུ་སྒྲོན་ལ་བུད་མེད་ཀྱིU18ཚོགས་ཆུང་གི་མི་སྒེར་གྱི་བྱེས་བགྲོད་འགྲན་བསྡུར་ནང་ཨང་དང་པོ་ཐོབ་ནས་ཀྲུང་གོའི་རུ་ཁག་ལ་སླར་ཡང་གསེར་གྱི་རྟགས་མ་གཅིག་ཐོབ་པ་རེད། ས་གནས་དེ་གའི་དུས་ཚོད་ཟླ3པའི་ཚེས17ཉིན་གྱི་མཉམ་བསྲེས་མཐུད་རྒྱུག་འགྲན་བསྡུར་ནང་ཞིན་ཅང་གི་བདམས་ཐོན་པ་པུའུ་ལུར་གྱིས་བོད་ལྗོངས་ཀྱི་བདམས་ཐོན་པ་ཚེ་བརྟན་གཡུ་སྒྲོན་དང་མཉམ་དུ་ཨང་དང་པོ་བླངས་པ་རེད། དེ་ནས2024ལོའི་རྒྱལ་སྤྱིའི་གངས་ཤུད་རི་འཛེག་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞོན་ནུའི་འཛམ་གླིང་བུམ་པའི་འགྲན་བསྡུར(ནོར་ཝེའི་མུར་ཏེ་ས་ཚིགས་ཀྱི་འགྲན་བསྡུར)མཇུག་འགྲིལ་བ་རེད།

            ད་ཐེངས་ཀྱི་འགྲན་བསྡུར་ནང་སྐྱེས་པ་དང་བུད་མེད་ཀྱི་ཐད་ཀའི་མྱུར་ཚད་འགྲན་བསྡུར་དང་། བར་ཐག་ཐུང་བ། སྒེར་གྱི་བྱེས་བགྲོད་དང་མཉམ་བསྲེས་མཐུད་རྒྱུག་སོགས་རྣམ་གྲངས7ཡོད་པ་དང་། རྒྱལ་ཁབ་དང་ས་ཁུལ17ནས་ཡོང་བའི་བདམས་ཐོན་པ106འགྲན་བསྡུར་ནང་ཞུགས་ཡོད། ཉིན་ཁ་ཤས་ཀྱི་ཛ་དྲག་འགྲན་བསྡུར་བྱས་པ་བརྒྱུད། བོད་ལྗོངས་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ3དང་། ཟངས་ཀྱི་རྟགས་མ2དང་། ཨང་ལྔ་པ1བཅས་ཐོབ་ཡོད། དེའི་ཁྲོད་ཚེ་བརྟན་གཡུ་སྒྲོན་ལ་བུད་མེད་ཀྱིU18ཚོགས་ཆུང་གི་ཐད་ཀའི་མྱུར་ཚད་འགྲན་བསྡུར་དང་། མི་སྒེར་གྱི་བྱེས་བགྲོད་འགྲན་བསྡུར། མཉམ་བསྲེས་མཐུད་རྒྱུག་བཅས་རྣམ་གྲངས་གསུམ་གྱི་ཨང་དང་པོ་ཐོབ་པ་དང་བར་ཐག་ཐུང་བའི་ཨང་གསུམ་པ་ཐོབ་པ་དང་། གཡུ་སྒྲོན་ལྷ་མོར་བུད་མེད་ཀྱིU20ཡི་ཐད་ཀའི་མྱུར་ཚད་འགྲན་བསྡུར་གྱི་ཨང་གསུམ་པ་ཐོབ་པ། བུ་མོ་ཨ་ཉིར་བུད་མེད་ཀྱིU18ཀྱི་ཐད་ཀའི་མྱུར་ཚད་འགྲན་བསྡུར་གྱི་ཨང་ལྔ་པ་ཐོབ་པ་བཅས་རེད། ཀྲུང་གོའི་རུ་ཁག་ལ་ཐོབ་པའི་གསེར་གྱི་རྟགས་མ4ཡི་ནང་ནས་བོད་ལྗོངས་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ3ཐོབ་ནས་མེས་རྒྱལ་ལ་གཟི་བརྗིད་མཚན་སྙན་བརྩོན་ལེན་དང་བོད་ལྗོངས་ལ་གཟི་བརྗིད་བསྣན་ཡོད།
            ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་བོད་ལྗོངས་ཀྱི་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་རྒྱལ་ཁའི་གཏམ་བཟང་བསྟུད་མར་གྲགས་ཡོད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དགུན་དུས་ཀྱི་ལུས་རྩལ་འགྲན་ཚོགས་ནང་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོར་ཚོགས་པ་སྒྲིག་འཛུགས་བྱས་ནས་ཞུགས་པར་གསེར་གྱི་རྟགས་མ4དང་། དངུལ་གྱི་རྟགས་མ1དང་། ཨང4པ་ནས8པ་བར་ཐེངས11བཅས་ཐོབ་ཡོད། ཟླ3པའི་ཚེས2ནས་ཚེས6ཉིན་བར་གཉེར་བའི2024ལོའི་ཨེ་ཤེ་ཡའི་གངས་ཤུད་དང་རི་འཛེག་ལེགས་སྐྱེས་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་ལ་རྣམ་གྲངས7གྱི་གསེར་གྱི་རྟགས་མ7ཐོབ་པ་དང་། དེའི་ནང་རྒྱལ་ཁབ་རུ་ཁག་ནང་བདམས་ཐོན་བྱུང་བའི་བོད་ལྗོངས་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ4དང་། དངུལ་གྱི་རྟགས་མ3དང་། ཟངས་ཀྱི་རྟགས་མ2དང་། ཨང4པ་ནས8པ་བར་ཐེངས10བཅས་ཐོབ་པ་རེད། ཟླ3པའི་ཚེས8ནས་ཚེས10ཉིན་བར་སྤེལ་བའི2024ལོའི་གངས་ཤུད་རི་འཛེག་ཨེ་ཤེ་ཡའི་བུམ་པའི་འགྲན་བསྡུར་ནང་རྒྱལ་ཁབ་རུ་ཁག་ནང་ཚུད་པའི་བོད་ལྗོངས་ཀྱི་ལུས་རྩལ་པར་དངུལ་གྱི་རྟགས་མ1དང་ཟངས་ཀྱི་རྟགས་མ1ཐོབ་པ་རེད།

རྩོམ་སྒྲིག་པ། རིག་གྲོལ།