ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྨོན་གཉའ་གཅོག་པའི་ཞིང་ལས་མཛད་སྒོ་གཟབ་རྒྱས་ངང་སྤེལ།

སྤེལ་དུས 2024-03-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ3པའི་ཚེས16ཉིན་ཏེ། བོད་ཟླ2པའི་ཚེས7ཉིན། བོད་ལུགས་གནམ་རིས་སྐར་རྩིས་ལྟར། དེ་ཉིན་བོད་ལྗོངས་ཀྱི་ས་གནས་ཁག་ཏུ་རྨོན་གཉའ་གཅོག་པའི་མཛད་སྒོ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་སྤེལ་པ་རེད། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁ་རག་ཞང་ལྕང་རགས་གྲོང་ཚོའི་ལོ་གཅིག་གི་རྨོན་གཉའ་གཅོག་པའི་མཛད་སྒོ་ཡང་དེ་ཉིན་གཟབ་རྒྱས་ངང་སྤེལ་ཞིང་། ལོ་གཅིག་གི་ནང་དུ་ཆར་ཆུ་འཛོམས་ཤིང་། མཛོད་དུ་འབྲུ་རིགས་སྣ་ལྔ་ཡིས་གང་བའི་སྨོན་འདུན་ཞུས།
སྣ་དཀར་རྩེ་རྫོང་ཁ་རག་ཞང་ལྕང་རགས་གྲོང་ཚོའི་རྨོན་གཉའ་གཅོག་པའི་མཛད་སྒོ།
སྣ་དཀར་རྩེ་རྫོང་ཁ་རག་ཞང་ལྕང་རགས་གྲོང་ཚོའི་རྨོན་གཉའ་གཅོག་པའི་མཛད་སྒོ།
            “རྨོན་གཉའ་གཅོག་པའི་མཛད་སྒོ”ནི་བོད་རིགས་མི་དམངས་ཚོས་ལོ་ལྟར་གྱི་བོད་ཀྱི་ལོ་གསར་རྗེས་ཀྱི་སྲོལ་རྒྱུན་དུས་ཆེན་རྒྱས་ཤོས་ཤིག་ཡིན་ཞིང་། དེ་ལས་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་བཟང་པོ་མཚོན་གྱི་ཡོད་ལ། ད་བར་ལོ་ངོ1600ལྷག་ཙམ་གྱི་ལོ་རྒྱུས་ཀྱང་ལྡན་ཡོད།
སྣ་དཀར་རྩེ་རྫོང་ཁ་རག་ཞང་ལྕང་རགས་གྲོང་ཚོའི་རྨོན་གཉའ་གཅོག་པའི་མཛད་སྒོ།
            དེ་ཉིན། གྲོང་ཚོའི་ཕོ་མོ་རྒན་གཞོན་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཤིང་ལག་ཏུ་ཁ་བཏགས་དང་ཞིམ་མངར་ཆང་ཕུད་འཁྱེར་ཏེ། གྲོང་ཚོའི་ཕྱོགས་གང་ས་ནས་གྲོང་ཚོའི་ཤར་སྣེར་ཡོད་པའི་ཞིང་ས་གཤིན་པོའི་ཐོག་འཛོམས་པ་དང་། སྐྱེས་པ་ཚོས་དར་ཚོན་སྣ་ལྔ་དང་མེ་ཏོག་གིས་བརྒྱན་པའི་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་ཡོང་བ་མ་ཟད། འདྲུད་འཐེན་འཕྲུལ་འཁོར་གྱི་འུར་སྒྲ་དང་བསྟུན་ཏེ་རྨོན་གཉའ་གཅོག་པའི་མཛད་སྒོའང་དངོས་སུ་འགོ་ཚུགས། ཐོག་མར་ལོ་རྟགས་ད་ལོའི་ལོ་རྟགས་དང་མཐུན་པའི་བུད་མེད་ཤིག་གིས་བཀྲ་ཤིས་དང་བསོད་ནམས་འཕེལ་བའི་ས་བོན་གཏོར་རྗེས། འདྲུད་འཐེན་འཕྲུལ་འཁོར་གཞན་དག་གཅིག་རྗེས་གཉིས་མཐུད་ངང་རྨོད་བརྒྱབ་པ་དང་། འདྲུད་འཐེན་འཕྲུལ་འཁོར་རེའི་རྒྱབ་ཏུ་གཟབ་མཆོར་ལེགས་པར་སྤྲས་པའི་བུད་མེད་ཅིག་གིས་ལག་གཡོན་མར་ས་བོན་ཟོ་གང་འཁུར་ཏེ་ལག་གཡས་པས་དལ་བུའི་ངང་རེ་བའི་ས་བོན་དག་ཞིང་ས་གཤིན་པོའི་ནང་གཏོར། རྨོད་བརྒྱབ་ཚར་རྗེས་ཁྱིམ་ཚང་ཚང་མས་རྨོན་གཉའ་གཅོག་པའི་མཛད་སྒོར་འཁུར་བའི་ནས་ཆང་དང་། ཁ་ཟས། ཕྱེ་མར་སོགས་ཅོག་ཙེའི་ཐོག་བཤམས་ལ། ཕྲུ་གུ་ཚོ་ནི་ཞིང་ནང་དུ་རྩེད་འཇོར་རོལ་ཞིང་། དགའ་སྤྲོ་འཆམ་མཐུན་དང་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་རྣམ་པ་ཞིག་ངམ་ངམ་ཤུགས་ཀྱིས་མངོན་བཞིན་མཆིས།
སྣ་དཀར་རྩེ་རྫོང་ཁ་རག་ཞང་ལྕང་རགས་གྲོང་ཚོའི་རྨོན་གཉའ་གཅོག་པའི་མཛད་སྒོ།
            གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོ་བོད་ལྗོངས་ཀྱིས་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི355དང5800བྱ་རྩིས་ཡོད་པ་དང་། ས་བོན་དང་། ཞིང་སྨན། རྫས་ལུད། ཁྱིམ་ལུད་སོགས་ཞིང་ལས་རྒྱུ་ཆ་ཉོ་སྒྲུབ་དང་གཏོང་འདྲེན་ལས་དོན་བརྟན་པོའི་ངང་དོན་འཁྱོལ་བྱས་ཡོད། དེའི་ཁྲོད་ཁྱིམ་ལུད་ཏུན་ཁྲི550གྲབས་གསོག་བྱེད་རྩིས་ཡོད་ཅིང་། མིག་སྔར་ཏུན་ཁྲི387དང3000གྲབས་གསོག་ཟིན་པ་དེས་འཆར་གཞི་ཡོངས་ཀྱི70%དང42%སོ་སོར་ཟིན་ཡོད།
 
རྩོམ་སྒྲིག་པ། རིག་གྲོལ།