ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

​དེང་སང་གི་ཕྱུགས་ལས་གསོ་སྤེལ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།

སྤེལ་དུས 2024-03-27 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

             ཟླ་གསུམ་པར་སླེབས་སྐབས། བསོད་ཁོ་བཟའ་ཟླ་གཉིས་ཀྱིས་ཉིན་མཚན་དབྱེར་མེད་དུ་ལུག་ཁྱུར་ལྟ་སྐྱོང་བྱེད་དགོས་པས་ལས་ཚེགས་ཧ་ཅང་ཆེ། གལ་ཏེ་ལུ་གུ་བཙའ་བ་མཐོང་ཚེ་འཕྲལ་མར་ཞིབ་བཤེར་བདག་སྐྱོང་བྱེད་པར་འགྲོ་དགོས།
            “སྔོན་མ་དང་བསྡུར་ན་བྲེལ་བ་དེ་འདྲ་ཆེན་པོ་མེད། ད་ལྟ་ཟླ་བ་དྲུག་གི་རིང་ལས་བྲེལ་ཆེ་བ་མ་གཏོགས་གཞན་གྱི་དུས་སུ་ཅུང་ལྷོད་ལྷོད་བྱས་ཆོག སྔོན་ཆད་ལོ་གང་བོར་ལས་འཚུབ་བྱུང་ཡོད ”ཅེས་བཤད། བྲེལ་བ་ཧ་ཅང་ཆེ་ན་ཡང་བསོད་ཁོའི་ངོ་གདོང་དུ་གྲུབ་འབྲས་ཀྱི་སྤྲོ་སྣང་གིས་ཁེངས་འདུག
            ད་ལོ་ལོ48ལ་སླེབས་པའི་བསོད་ཁོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་འབྲོང་ལོང་ཡུལ་ཚོ་དར་ལོང་གྲོང་ཚོར་འཚོ་སྡོད་བྱས་ཡོད། བཟའ་མི་ལྔ་ཡོད་ལ་ཕ་མ་གཉིས་ཀྱིས་ཚེ་སྨད་ཀྱི་བདེ་སྐྱིད་འཚོ་བ་རོལ་བཞིན་ཡོད་པ་དང་བུ་ཕྲུག་ཐེན་ཅིན་དུ་སློབ་གྲྭར་འགྲོ་བཞིན་ཡོད། བསོད་ཁོ་བཟའ་ཟླ་གཉིས་པོས་ཁྱིམ་ཚང་གི་ཕྱུགས་ལས་ཐོན་སྐྱེད་ཀྱི་འགན་འཁུར་བཞིན་ཡོད། སྟབས་ལེགས་པ་ཞིག་ལ་གྲོང་ཚོའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནང་ཞུགས་པས་ཁོང་གཉིས་པོའི་ལས་ཚེགས་ཡང་ཇེ་ཆུང་དུ་ཕྱིན་ཡོད།
            2015ལོའི་སྔོན་དུ་བསོད་ཁོ་ཚང་ལ་ལུག200ལྷག་ཡོད། སྐབས་དེ་དུས་ལོ་གང་བོར་བྲེལ་བ་ཆེ་ནའང་ལོ་མཇུག་ཏུ་བསགས་དངུལ་མང་པོ་མེད། ཁྲོམ་རའི་གནས་ཚུལ་ལེགས་སྐབས་ཡོང་འབབ་སྒོར་ཁྲི་ལྔ་དྲུག་ཙམ་རེག་ཐུབ། བསོད་ཁོས་གསར་འགོད་པར་ཟླ10པ་ནས་བཟུང་མ་མོ་རྩེབ་མགོ་ཚུགས་པ་དང་སང་ལོའི་ཟླ་གསུམ་པ་བར་དུ་རྒྱུན་བསྲིང་སྲིད་པས། ལོ་ཧྲིལ་བོར་ནོར་ལུག་གི་རྗེས་སུ་འབྲངས་དགོས་ཅེས་བཤད།
            2015ལོར་གྲོང་ཚོར་དར་ལོང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། བསོད་ཁོས་རང་ཁྱིམ་གྱི་མ་མོ180དང་རྩྭ་ར་སྤྱི་ཆིང66.67(མུའུ1000ལྷག)མཉམ་ལས་ཁང་དུ་མ་རྐང་བཞག་ནས་མ་རྐང་འཇོག་མཁན་དུ་གྱུར་ལ། ལོ་མཇུག་ཏུ་ཁེ་སྤོགས་བགོ་བཞིན་ཡོད།
            དུས་དེ་ནས་བཟུང་། བསོད་ཁོ་ཚང་གི་འཚོ་བར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ནས་ལོ་མཇུག་ཏུ་ཁེ་སྤོགས་བགོ་བཤའ་རྒྱག་པ་མ་ཟད། ད་དུང་མཉམ་ལས་ཁང་དུ་ངལ་ལས་བྱས་ཆོག་པ།  རང་ཁྱིམ་དུ་ད་དུང་ནོར་གནག200ལྷག་གསོས་ཡོད་པ་དང་། བསོད་ཁོས་ནམ་རྒྱུན་ཚོང་ཙག་ཙིག་བརྒྱབ་ཆོག་ལ་ནོར་ལུག་བཙོང་ནས་ལག་དངུལ་གསོག་གིན་ཡོད།
            འདི་འདྲའི་དོན་དག་མང་བོ་ཞིག་བཟའ་ཟླ་གཉིས་ཀྱིས་འགྲུབ་ཐུབ་བམ་ཞེས་དྲིས་པའི་ཚེ། ཁོང་གིས“བྲེལ་བ་ཆེན་པོ་མི་འདུག དེ་ལས་ལྡོག་སྟེ་སྔོན་ཆད་རང་གིས་ལུག་གསོ་བ་ལས་ཧ་ཅང་སླ་རུ་ཕྱིན་འདུག”ཅེས་བཤད།
            མཉམ་ལས་ཁང་བཙུགས་རྗེས་གྲོང་ཚོ་ཡོངས་ཀྱིས་མ་རྐང་ནང་ཞུགས་པའི་ལུག4000ལྷག་ཁྱུ་འགར་བགོས་པ་དང་ཕྱུགས་འཚོ་མཁན་གླས་ནས་འཚོ་བཞིན་འདུག་ལ། ཁྱུ་ཚོགས་མི་འདྲ་བར་མཁོ་བའི་ཕྱུགས་ལས་བཟོ་པ་དང་གླ་ཕོགས་ཀྱང་མི་འདྲ། ད་ལོར་བསོད་ཁོ་བཟའ་ཟླ་གཉིས་དང་མི་གཞན་གཉིས་ཀྱིས་མ་མོ1000ཙམ་གསོ་བའི་འགན་འཁུར་ཡོད་པ་དང་། བསོད་ཁོ་བཟའ་ཟླ་གཉིས་ཀྱི་ལས་ཀ་ཟླ3པ་ནས་ཟླ8པ་བར་མཇུག་འགྲིལ་ཞིང་། ཁོང་གཉིས་པོར་ཉིན་རེར་གླ་ཆ་སྒོར100རེ་སྤྲོད་ཀྱིན་ཡོད།
            བསོད་ཁོས“ང་ཚོའི་མ་མོ་སྟོང་གཅིག་ལ་ཟླ10བར་གཅིག་སྡུད་མངལ་འཁོར་བ་དང་ལོ་རྗེས་མའི་ཟླ3པར་ལུ་གུ་བཙའ་བཞིན་ཡོད་ལ། ཟླ་བ་གཅིག་གི་དུས་ཚོད་ནང་ལུ་གུ་སྐྱེ་མཚམས་འཇོག་ཐུབ། ངེད་གཉིས་ཀྱི་ལས་ཀ་ནི་ལུ་གུ་བཙའ་མགོ་བཙུགས་པ་ནས་བཟུང་ཟླ8པར་བཤས་གཏོང་སྐབས་མཇུག་སྒྲིལ་བ་དང་། ལྷག་མའི་ལོ་ཕྱེད་ཀྱི་དུས་ཚོད་ནང་རང་ཉིད་ཀྱི་ལས་ཀ་རེ་བྱེད་ཀྱིན་ཡོད”ཅེས་བཤད།
            ཟླ3པའི་ཚེས7ཉིན། གསར་འགོད་པས་བསོད་ཁོར་བཅར་འདྲི་བྱེད་སྐབས། མ་མོ་སྟོང་ལ་ལུ་གུ200ལྷག་བཙའ་བ་དང་། ཉིན20ལྷག་གི་ནང་ད་དུང་མ་མོ800ལ་ལུ་གུ་བཙའ་སྲིད། ཆ་སྙོམས་བྱས་ན་ཉིན་རེར་ལུ་གུ40ཙམ་བཙའ་བཞིན་ཡོད། ཟླ3གྱི་རྗེས་སུ་ལུ་གུར་འོ་མ་གཅོད་མཚམས་བཞག་ནས་ཀྲང་ཡེ་ལ་བསྐྱལ་ནས་གཅིག་བསྡུས་ཀྱིས་གསོ་སྤེལ་བྱེད་པ་དང་། ཟླ2འགོར་རྗེས་བཤས་གཏོང་བྱེད་དགོས།
            བསོད་ཁོ་ཚང་གི་སྒོ་རའི་ནང་ལུ་གུ་ཆུང་ཆུང་ཞིག་ཡོད་ལ། བསོད་ཁོས་གསར་འགོད་པར་ལུ་གུ་དེ་ནི་མདང་དགོང་ནམ་ཕྱེད་ལ་སྐྱེས་པ་ཡིན་ལ། ལུག་ཕྲུག་བཙས་རྗེས་ཅུང་འཁྱགས་ནས་འོ་མ་འཇུ་མ་ཐུབ་པར་ཁྱིམ་དུ་ཁྱེར་ནས་ལྟོ་ལ་ཕུར་མཉེད་གཏོང་བ་དང་། སྨན་ཉུང་ཙམ་སྟེར་བ། དྲོད་ཚད་སྲུང་འཛིན་བཅས་བྱས་རྗེས་ལུག་ཕྲུག་མྱུར་དུ་སླར་གསོ་ཐུབ་པ་དང་། ཉིན་དེར་ཕར་རྒྱུག་ཚུར་རྒྱུག་བྱས་ནས་ཧ་ཅང་གྲུང་ཤ་དོད་པོ་ཡོད་ཅེས་བཤད།
            མཉམ་ལས་ཁང་དུ་ཞུགས་པའི་བཟང་ཆ་དེ་ཙམ་གྱིས་མི་ཚད། བསོད་ཁོས་གྲོང་ཚོའི་ཕྱུགས་ལས་འཕེལ་རྒྱས་དེ“མཉམ་ལས་ཁང་དང་། ཁྱིམ་ཚང་འབྲོག་ར། འབྲོག་དུད། ཕྱིར་ཚོང”བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་འཁོར་སྐྱོད་བྱས་པས། ཕྱུགས་ལས་གསོ་སྤེལ་སྔར་བས་ཞིབ་ཚགས་དང་། ཚན་རིག་དང་མཐུན་པ། གསོ་སྐྱོང་དུས་འཁོར་རྒྱུན་ཆད་མེད་པར་ཐུང་དུ་ཕྱིན་པ། རྩྭ་ཐང་གི་གནོན་ཤུགས་ཆུང་དུ་ཕྱིན་པ། ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་ཐོབ་པ། ལུ་གུ་སྐྱེ་ཚད་མང་དུ་ཕྱིན་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
            “ད་ལྟའི་གསོ་སྤེལ་བྱེད་སྟངས་ནི་སྲོལ་རྒྱུན་གྱི་ཕྱུགས་ལས་དང་གཏད་ནས་མི་འདྲ་སྟེ། ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་འཐུས་ཚང་ཡིན་པ། ཕྱུགས་ར་དྲོད་སྲུང་དང་། མ་མོ་བཙས་རྗེས་ཀྱི་གསབ་སྤྲོད། ལུ་གུ་གསོན་ཚད་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་སྔོན་ལུག་ཕྲུག་འཆི་ཚད8%ཟིན་པ་མ་ཟད། ཐ་ན་དེ་ལས་ཀྱང་མཐོ་བ་ཡིན་ལ། ད་ལྟ2%ཟིན་གྱི་ཡོད”ཅེས་བཤད། བསོད་ཁོས་ལུ་གུ་ཆུང་ཆུང་གི་ལུས་ཕུང་ལ་ཞིབ་བཤེར་བྱས་ནས་བདེ་ཐང་ཡིན་པ་ཐག་བཅད་རྗེས་ད་གཟོད་ལུག་ཁྱུའི་ནང་དུ་བཞག་པ་རེད།
            “སྔོན་ཆད་ལུག་གསོ་སྤེལ་ཀྱི་དུས་འཁོར་ལོ་གཅིག་ཡིན་པ་དང་། འབྲོག་པས་ལོ་ཧྲིལ་པོར་ལུག་ཁ་ཤས་ལ་ལྟ་སྐྱོང་བྱེད་བཞིན་ཡོད། མཉམ་ལས་ཁང་ནང་ཞུགས་རྗེས་གསོ་སྤེལ་ཀྱི་དུས་འཁོར་ཟླ་བ་དྲུག་ཐུང་དུ་ཕྱིན་ནས་གསོ་སྤེལ་ནས་བྲིན་ཚོང་གི་གོ་རིམ་ཚང་མར་སེམས་ཁྲལ་བྱེད་དགོས་ཀྱི་མེད། གལ་སྲིད་ལས་ཀ་གཞན་མེད་ཚེ་མཉམ་ལས་ཁང་དུ་ཞོར་ལས་བྱས་ཆོག སྔོན་ཆད་དང་བསྡུར་ན་ལས་ཀ་ཇེ་ཡང་དུ་ཕྱིན་པ་མ་ཟད་ཡོང་འབབ་ཀྱང་སྔོན་མ་ལས་ཇེ་མང་དུ་ཕྱིན་ཡོད”ཅེས་བཤད།
            བསོད་ཁོས་ཞིབ་རྩིས་བྱས་པ་ལྟར་ན “ན་ནིང་ཁྲོམ་རའི་གནས་ཚུལ་དེ་ཙམ་ཡག་པོ་མེད་ལ། མཉམ་ལས་ཁང་གིས་མ་རྐང་ནང་ཞུགས་པའི་ལུག་ལ་ཁེ་སྤོགས་སྒོར་ཁྲི6དང་རྩྭ་ཐང་ལ་ཁེ་སྤོགས་སྒོར་ཁྲི1བགོ་བཤའ་བརྒྱབ་པ་དང་། བཟའ་ཟླ་གཉིས་པོས་མཉམ་ལས་ཁང་དུ་ཟླ་དྲུག་རིང་ལས་ཀ་བྱས་པར་ཡོང་འབབ་སྒོར་ཁྲི3.6ཡོད་པ་དང་ནོར་ལུག་ཉོ་ཚོང་བྱས་པར་ཡོང་འབབ་སྒོར་ཁྲི1ལྷག་བྱུང་ཡོད”
            འབྲོག་པའི་ཡོང་འབབ་འཕར་བ་དང་བསྟུན་ནས་འཚོ་བའི་ཆ་རྐྱེན་ཡང་ཇེ་བཟང་ཇེ་ལེགས་སུ་ཕྱིན་ཡོད། ན་ནིང་དགུན་ཤ་གསོག་སྐབས་བསོད་ཁོ་ཚང་གིས་ལུག5དང་ཟོག2བསད་པ་དང་། གསོག་འཇོག་བྱས་པའི་ཤ་དེ་དག་ད་ལོའི་ཟླ5པར་ཕལ་ཆེར་བཟས་ཚར་གྱིན་ཡོད། བསོད་ཁོས་བཟའ་མི་གང་བོའི་ལོ་གཅིག་ནང་ལུག15ཟ་དགོས་ཀྱིན་ཡོད་ཅེས་བཤད། 
            ནོར་ལུག་གི་ཤ་ལས་གཞན་འབྲོག་པའི་ཟས་རིགས་ཀྱང་ཧ་ཅང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། གྲོང་ཚོར་སྒོ་རྩིས་ཚོང་ཁང་དང་ཚལ་ཚོང་ཁང་མེད་པས་བསོད་ཁོ་གྲོང་རྡལ་གྱི་ཚོང་འདུས་སམ་ཡང་ན་རྫོང་མཁར་དུ་འགྲོ་སྐབས་སྔོ་ཚལ་དང་། སིལ་ཏོག འབྲས་སོགས་ཉོས་ཡོང་བ་དང་། འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་ཇེ་ལེགས་སུ་འགྲོ་བཞིན་ཡོད།

རྩོམ་སྒྲིག་པ། རིག་གྲོལ།