ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་རྫོང་དང་ཆུས་11ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ།

སྤེལ་དུས 2024-04-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།


འདི་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་ཀྱི་གངས་རིའི་འདབས་སུ་རྐྱང་ཁྱུ་ཞིག་རྩྭ་བཞིན་པ།

            དུས་ཡུན་རིང་པོར། བོད་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་ས་མཐོའི་སྐྱེ་དངོས་རིམ་བཞིན་སྣ་མང་ཅན་དུ་གྱུར་ཡོད། མིག་སྔར་བོད་ལྗོངས་སུ་གསའ་དང་། གཙོད། རྐྱང་། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་རིགས་65ཡོད་པའི་ནང་རི་སྐྱེས་སྲོག་ཆགས་ཆེ་འབྲིང་ཁྱུ་ཚོགས་ཀྱི་གྲངས་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

            ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་བོད་ལྗོངས་སུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་ནས་ཤེས་རྟོགས་བྱུང་བར། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་རྫོང་དང་ཆུས་11ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་དང་། ས་ཁུལ(རྫོང་3དང་། གྲོང་རྡལ་1 གྲོང་ཚོ་1)5ལ་རྒྱལ་ཁབ་ཀྱི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞིའི་མིང་ཐོབ་པ་དང་། ས་ཁུལ(གྲོང་ཁྱེར)5དང་། རྫོང(ཆུས)22 ཤང(གྲོང་རྡལ)281 གྲོང་ཚོ(གྲོང་ལྷན)2318ལ་རང་སྐྱོང་ལྗོངས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་མཚན་སྙན་ཐོབ་ནས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

            ངོ་སྤྲོད་བྱས་པར་གཞིགས་ན། སྔར་ནས་ད་བར། བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་ལས་ཀའི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཡོད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་སྲོལ་ཡིག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་ཁག་30ལྷག་ཙམ་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པ་དང་། “ཁུལ་གསུམ་རྒྱུད་གསུམ”དབྱེ་འབྱེད་གཏན་འཁེལ་དང་ནན་པོ་སྲུང་ནས་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་ནས་དོ་དམ་ཚོད་འཛིན་ནན་པོ་བྱེད་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་དོན་འཁྱོལ་བྱས་ཏེ་བཙོག་འབུད་ཆོག་འཐུས་དང་། སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་གུན་གསབ། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་འཁེལ་ཐོ་འགོད་སོགས་ཀྱི་ལམ་ལུགས་སྒྱུར་བཅོས་ལེགས་སྒྲུབ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དང་། ལྟ་ཞིབ་ལམ་ལུགས། སྲུང་སྐྱོང་དང་སླར་གསོའི་ལམ་ལུགས་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། བོད་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ས་མཐོའི་ས་གཞི་ཆེ་མོར་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ཕན་ཚུན་མཛེས་རྒྱན་སྤྲས་པ་དང་གསེར་རི་དངུལ་རི་ཡུན་རིང་གནས་པའི་བདེ་སྐྱིད་ཀྱི་ཉམས་འགྱུར་མངོན་ཡོད།

            ཤེས་རྟོགས་བྱུང་བར་གཞིགས་ན། སྐྱེ་ཁམས་དམངས་ཕྱུག་དམངས་ཕན་གྱི་ཕན་འབྲས་མུ་མཐུད་ཐོན་ཞིང་། 2016ལོ་ནས་2023ལོའི་བར། ལོ་རེར་ཆ་སྙོམས་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁྲི་50ལྷག་ཙམ་མཁོ་འདོན་བྱས་པ་དང་། ཞིང་འབྲོག་མང་ཚོགས་ཁྲི་226.22ལ་རྩྭ་རའི་ཁ་གསབ་སྲིད་ཇུས་ལོངས་སྤྱོད་ཐུབ་ཡོད། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བས་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།


རྩོམ་སྒྲིག་པ། རིག་གྲོལ།