ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་བ་མི་རབས་གསུམ་གྱི་དྭངས་གསལ་དུས་ཆེན།

སྤེལ་དུས 2024-04-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ རྩོམ་པ་པོ།

        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས4ཉིན་ནི་ལོ་གཅིག་དུས་གཅིག་གི་དྭངས་གསལ་དུས་ཆེན་ཡིན་ཞིང་། ལྷ་ས་གྲོང་ཁུལ་གྱི་ནུབ་འདབས་སུ་གནས་པའི་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་རང་འགུལ་ངང་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་དུ་ཡོང་གི་ཡོད། 

མང་ཚོགས་ཚོས་རང་འགུལ་ངང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོར་དུར་མཆོད་འབུལ་བཞིན་པ། 

       སྐུ་ཞབས་ཝུའེ་ལགས་ཀྱིས་དྭངས་གསལ་དུས་ཆེན་ཉིན་སྔོན་གཤེགས་དཔའ་བོར་དུར་མཆོད་འབུལ་རྒྱུ་རྒྱུན་འཁྱོངས་བྱས་ནས་ད་བར་ལོ་བརྒྱད་སོང་ཞིང་། སྔོན་ཆད་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དོ་དམ་གྱི་ལས་ཀ་བྱེད་མྱོང་སྟབས། ཁོང་གིས་སྔོན་གཤེགས་དཔའ་བོ་ཚོའི་དགའ་སྐྱོ་གཉིས་ལྡན་གྱི་གཏམ་རྒྱུད་དག་ལ་རྒྱུས་མངའ་ཤིན་ཏུ་ཆེན་པོ་ཡོད་ལ། དེ་དག་ཁོང་གི་བསམ་པའི་འཚོ་བཅུད་རྩ་ཆེ་ཤོས་ཤིག་ཀྱང་རེད། 

སྐུ་ཞབས་ཝུའེ་ལགས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དུར་མཆོད་འབུལ་བཞིན་པ། 

      “ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་བོད་ལྗོངས་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ཆེད་ཚེ་སྲོག་སྐྱེས་སུ་འབུལ་མཁན་མང་དག་ཅིག་ཡོད་ལ། ཁོང་ཚོའི་ཁྲོད་ཀྱི་མི་ཁག་གཅིག་གིས་ཐ་ན་རང་མིང་ཡང་བཞག་མེད། ང་ཚོའི་ད་ལྟའི་ལས་ཀ་དང་འཚོ་བའི་ཁོར་ཡུག་དག་སྔོན་གཤེགས་དཔའ་བོ་ཚོ་དང་བསྡུར་ཚེ་ལྡབ་ཁ་ཤས་ཀྱིས་ཡག་པ་ཡོད་པས། ང་ཚོས་ལས་ཀར་འབད་བརྩོན་བྱེད་དགོས་ངེས་རེད”ཅེས་སྐུ་ཞབས་ཝུའེ་ལགས་བཤད་པ་དང་། ཁོང་གིས་མུ་མཐུད་དུ“ང་ནི་གཞུང་ཞབས་པ་ཞིག་ཡིན། ལོ་ལྟར་སྔོན་གཤེགས་དཔའ་བོའི་བང་སོར་དུར་མཆོད་བྱེད་དུ་ཡོང་གི་ཡོད། དེ་ལས་མྱ་ངན་གྱི་བསམ་པ་མཚོན་པ་ཕུད། དེ་བས་གལ་ཆེ་བ་ནི་སྔོན་གཤེགས་དཔའ་བོའི་བྱས་རྗེས་དང་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ལ་སྐུལ་མ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་དང་། དེ་བཞིན་བོད་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་དེ་ཡིན”ཞེས་བཤད། 

       བོད་ལྗོངས་སློབ་ཆེན་རང་བྱུང་ཚན་རིག་སློབ་གླིང་གིས་ལོ་ལྟར་དྭངས་གསལ་དུས་ཆེན་ནམ་ཡང་ན་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་དང་བླངས་ངང་ཏང་ནང་ཞུགས་མཁན་གྱི་ན་གཞོན་སློབ་མ་སྒྲིག་འཛུགས་ཀྱིས་སྔོན་གཤེགས་དཔའ་བོའི་བང་སོར་དུར་མཆོད་དང་། སློབ་གསོ་དང་ལེན། ཏང་གཤིས་སྐྱེད་སྲིང་བཅས་བྱེད་པར་ཡོང་གི་ཡོད། 

བོད་ལྗོངས་སློབ་ཆེན་གྱི་གཞོན་ནུ་སློབ་མ་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཕྱོགས་ཏེ་མྱ་ངན་ཞུ་བཞིན་པ། 

       སློབ་གྲོགས་ཀྲང་ཡུས་ནི་གྲོང་ཁྱེར་ཁྲུང་ཆིང་ནས་ཡིན་ཞིང་། བོད་ལྗོངས་སུ་སློབ་སྦྱོང་དང་འཚོ་བ་བསྐྱལ་ནས་ད་བར་ལོ་གཉིས་སོང་རིང་། ཁོང་ལ་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱི་ཉམས་སད་ཆེན་པོ་ཐེབས་ཡོད་ལ། སེམས་ཐག་ཆོད་པོས་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་བ་དང་འབྲེལ། བོད་ལྗོངས་སུ་བསྡད་དེ་དཀའ་ཚེགས་ཆེ་ཤོས་ཀྱི་ས་ཆར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་སེམས་ཐག་ཀྱང་བཅད་ཡོད། ཁོང་གིས“ང་ཚོས་ངེས་པར་དུ་བོད་ལྗོངས་ཀྱི་ས་གཞི་དེའི་ཐོག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཆེད་ང་ཚོ་གཞོན་ནུའི་མི་རབས་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ངེས་རེད། དེ་རིང་འདི་གར་བརྗེད་པར་དཀའ་བའི་ཏང་གཤིས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས་རྗེས། སློབ་གྲོགས་མང་པོ་ཞིག་དང་འདྲ་བར་སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་དང་། འཇོན་ཐང་ཡག་པོ་སྦྱོང་བ། སླད་ཕྱིན་བོད་ལྗོངས་སུ་བསྡད་དེ་བོད་ལྗོངས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ངའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང”ཞེས་བཤད། 

       གྲོགས་པོ་ཆུང་ཆུང་ཀྲང་ཁོ་ཞོན་ཕ་མའི་མཛུབ་ཁྲིད་འོག་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་གང་སར་ཕྱིན་ནས། གད་སྙིགས་སྒྲུག་པ་དང་བང་སོའི་བྱང་བུ་དག་གི་ཐལ་རྡུལ་ཕྱིས་བཞིན“ངའི་བསམ་པར་གུང་གསེང་ལ་འདི་ལྟར་རོལ་ཚེ་དེ་བས་དོན་སྙིང་ཆེ་བ་ཡོད་སྙམ་གྱི་འདུག”ཅེས་བཤད། ཁོ་མོ་ལྷ་ས་གྲོང་ཁུལ་གྱི་སློབ་གྲྭ་ཞིག་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། པཱ་ལགས་ཅུང་ཐག་རིང་བའི་ཞང་གྲོང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པས། ཁོང་གཉིས་མཉམ་འཛོམས་ཀྱི་དུས་ཚོད་ཉུང་ཉུང་རེད། ད་ཐེངས་པཱ་ལགས་དང་བུ་མོ་མཉམ་འཛོམས་ཀྱི་དྭངས་གསལ་དུས་ཆེན་འདིར་ཁོང་ཚོ་ནང་མི་ཚོས་དོན་སྙིང་ལྡན་པའི་གདམ་ག་འདི་བྱས། བུ་མོས་ནན་ཏན་འདི་ལྟ་བུ་བྱེད་པ་མཐོང་སྐབས་ཕ་མ་གཉིས་དགའ་ཚོར་ཆེན་པོ་བྱུང་ཞིང“ཕ་མ་བུ་ཕྲུག་མཉམ་འཛོམས་སྐབས་སུ་སྟབས་བདེའི་ངང་ཕྲུ་གུར་སྡོད་རོགས་བྱས་པ་ཙམ་མིན་པར། བྱ་ཐབས་དེ་རིགས་ལ་བརྟེན་ཚེ་ཁོང་ཚོར་ཡང་དག་པའི་རིན་ཐང་ལྟ་བ་འཛུགས་ཐུབ་པ་མ་ཟད། སྔོན་གཤེགས་དཔའ་བོ་ཚོའི་སྙིང་སྟོབས་ཀྱང་ཁོང་ཚོའི་སེམས་སུ་བརྟན་པོར་བཙུགས་ཐུབ་སྟེ་ཁོང་ཚོར་ཇི་ལྟར་བྱས་ནས་སྤྱི་ཚོགས་ཐོག་ཕན་ཐོགས་པའི་མི་ཞིག་བྱེད་དགོས་མིན་སློབ་ཐུབ”ཅེས་བཤད། 

གྲོགས་པོ་ཆུང་ཆུང་ཀྲང་ཙེ་ཞོན་གྱིས་ཕ་མའི་མཛུབ་ཁྲིད་དང་རོགས་རམ་འོག་ཧྲུའུ་ཅི་ཁུང་ཧྥན་སེན་གྱི་བང་སོའི་བྱང་བུའི་ཐོག་གི་ཐལ་རྡུལ་ཕྱི་བཞིན་པ། 

      དེ་དང་ཆབས་ཅིག་སངས་རྒྱས་ཀྱིས་ཀྱང་ཁོང་གི་ལོ་ན་ཆུང་བའི་བུ་མོ་ཁྲིད་ནས་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་བར་སླེབས་ཡོད། ཁོང་གིས“བུ་མོ་དམར་འབྱར་ཡིན་དུས་ནས། ངས་དྭངས་གསལ་དུས་ཆེན་ནམ་ཡང་ན་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་ལ། བུ་མོ་ཁྲིད་ནས་སྔོན་གཤེགས་དཔའ་བོའི་བང་སོར་དུར་མཆོད་བྱེད་དུ་ཡོང་གི་ཡོད། གོམ་གཤིས་བཟང་པོ་དེ་རྒྱུན་འཁྱོངས་བྱས་ནས་ལོ་མང་ཕྱིན་སོང་། ཕལ་ཆེར་ཆུང་དུས་ནས་མཐོང་ཐོས་བྱུང་བའི་རྐྱེན་གྱིས་ཡིན་ཡང་སྲིད་དེ། ད་ལྟ་བུ་མོ་ཅུང་ཆེན་པོ་ཆགས་སྐབས་བུ་མོས་ང་ཚོས་བཤད་པའི་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་ཉན་རྒྱུར་ཧ་ཅང་དགའ་པོ་འདུག་ལ། ང་ཚོས་མུ་མཐུད་དུ་བུ་མོ་ཁྲིད་ནས་དུར་མཆོད་ལ་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་སྔོན་གཤེགས་དཔའ་བོའི་ཕུགས་འདུན་རྒྱུན་འཛིན་བྱས་ཏེ་ནམ་ཡང་བློ་བརྟན་པོར་ངེས་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད། 

སངས་རྒྱས་ཀྱིས་བུ་མོ་ཁྲིད་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕུལ་བཞིན་པ། 

 

རྩོམ་སྒྲིག་པ། མང་ག་མཚོ།