ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁྲིམས་འགལ་ཉེས་གསོག་དོགས་ཡོད་པ་680ལྷག་རྒྱལ་ནང་དུ་ལྟ་སྐྱེལ་བྱས་པ།

སྤེལ་དུས 2024-04-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
        ཟླ་4ཚེས་21ཉིན་གྱི་ཞོགས་པར། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱི་གཙང་གླས་གནམ་གྲུ་གཉིས་ཧུའུ་པེ་ཝུའུ་ཧན་ཐན་ཧོ་རྒྱལ་སྤྱིའི་གནམ་ཐང་དུ་བབས་པ་དང་བསྟུན། རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་རྒྱན་འཛུགས་ཁ་བསླུས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་དོགས་ཡོད་མི་སྣ་135རང་རྒྱལ་སྤྱི་བདེ་ལས་ཁུངས་ཀྱིས་ཁམ་ཕུ་ཁྲེ་ནས་རྒྱལ་ནང་དུ་ལྟ་སྐྱེལ་བྱས་པ་རེད། མིག་སྔའི་བར། ཁམ་ཕུ་ཁྲེའི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པའི་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་རྒྱན་འཛུགས་ཁ་བསླུས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་དོགས་ཡོད་མི་སྣ་680ལྷག་ཙམ་ཚང་མ་རང་རྒྱལ་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ནང་དུ་ལྟ་སྐྱེལ་བྱས་ཟིན་པ་རེད།
        ཉེ་བའི་ལོ་ཤས་རིང་། མི་དམངས་མང་ཚོགས་ཀྱིས་ལན་ཆ་ཆེན་པོ་བྱེད་པའི་རྒྱལ་མཚམས་ལས་སྒྲོལ་བའི་རྒྱན་འཛུགས་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་ཁྲིམས་འགལ་ཉེས་གསོག་མངོན་གསལ་དོད་པར་དམིགས་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ་དང་། ལམ་འབྱེད་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ཐོག མངའ་ཁོངས་ལས་སྒྲོལ་བའི་ཉེས་གསོག་ཚོགས་པ་མང་པོ་ཞིག་རྩ་གཏོར་བཏང་བ་དང་ཁྲིམས་འགལ་པ་འབོར་ཆེན་ཞིག་འཛིན་བཟུང་བྱས་པ་རེད། ད་ལོ་ནས་བཟུང་། རང་རྒྱལ་སྤྱི་བདེ་ལས་ཁུངས་ཀྱིས་སྔ་རྗེས་སུ་འབར་མ་དང་། ཧྥི་ལི་ཕིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་རྒྱལ་ཁབ་ནས་རྒྱན་འཛུགས་ཁ་བསླུས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་དོགས་ཡོད་མི་སྣ་ཁྲི་ཁ་ཤས་རྒྱལ་ནང་དུ་ལྟ་སྐྱེལ་བྱས་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྷག་པར་དུ་ཉེ་ཆར་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཉེན་རྟོག་ཕྱོགས་ཀྱིས་རྒྱན་འཛུགས་ཁ་བསླུས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་བྱ་སྤྱོད་སྒྲིག་འཛུགས་བྱས་ནས། ཁྲིམས་འགལ་ཉེས་གསོག་དོགས་ཡོད་མི་སྣ་ཁག་གཅིག་འཛིན་བཟུང་བྱས་པ་མ་ཟད། ཟླ་4ཚེས་12ཉིན་ནས་བཟུང་ཧུའུ་པེའི་སྤྱི་བདེ་ལས་ཁུངས་ཀྱིས་གནམ་གྲུ་མང་པོ་གཙང་གླས་ཀྱིས་འབྲེལ་ཡོད་མི་སྣ་ཁག་བགོས་བྱས་ནས་རྒྱལ་ནང་དུ་ལྟ་སྐྱེལ་བྱས་པ་དང་། མངའ་ཁོངས་ཕྱིའི་རང་རྒྱལ་དང་འབྲེལ་བ་ཡོད་པའི་ཉེས་གསོག་ཚོགས་པའི་འཛེམ་མེད་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད། མིག་སྔར། སྤྱི་བདེ་པུས་ཧུའུ་པེའི་སྤྱི་བདེ་ལས་ཁུངས་བཀོད་སྒྲིག་བྱས་ནས་ནུས་ཤུགས་ཡོད་རྒུས་གྱོད་གཞི་མྱུལ་ཞིབ་དང་ཐག་གཅོད་ལས་དོན་སྤེལ་མུས་ཡིན་པ་རེད།

        སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བས། མངའ་ཁོངས་ལས་སྒྲོལ་བའི་རྒྱན་འཛུགས་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གིས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་བདེ་བླག་ངང་གོང་འཕེལ་འགྲོ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་འགལ་ཉེས་གསོག་དེ་རིགས་ལ་མཐོ་གནོན་རྡུང་རྡེག་ནན་པོ་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུ་ཡིན། སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་དོགས་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་འགུལ་ངང་ཕྱི་རྒྱལ་དུ་སྐྱོད་པའམ་ཡང་ན་དྲ་ཐོག་ནས་རྒྱན་འཛུགས་ནང་ཞུ་རིགས་བཀག་འགོག་བྱེད་པ་དང་། མངའ་ཁོངས་ལས་སྒྲོལ་བའི་རྒྱན་འཛུགས་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གི་བྱེད་ཐབས་གསར་པ་དང་ཁྱད་ཆོས་གསར་པར་དོགས་ཟོན་ཆེན་པོ་བྱས་ཐོག རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།